ཁྲར་གཟན་གྱི་མཚར་སྒྲུང་ཀློག་པ།

                            — སྤྲ་དང་མིའི་གློག་བརྙན་ (The Legend of Tarzan/ 泰山归来) ལས་འཕྲོས་པའི་སྲིད་དང་ལོ་རྒྱུས་ཀྱི་བསྐྱར་ཞིབ་ཕྲན་བུ།
                                                           


         ས་གཞིའི་རང་བྱུང་གི་ནོར་གྱིས་གཏམས་པའི་ཡུལ་གྲུ་གང་ཞིག་ཕ་ཡུལ་དུ་གྱུར་བ་ནི་ཡུལ་དེའི་སྐྱེ་འགྲོ་ཀུན་མནར་མེད་ཀྱི་དམྱལ་བའི་ཁམས་སུ་བརྫངས་པའི་ལས་བསགས་པ་དང་གཉིས་སུ་མ་མཆིས། 《ཁྲར་གཟན་གྱི་མཚར་སྒྲུང》ཞེས་པའི་འཆར་ཡུན་སྐར་མ་བརྒྱ་དང་བཅུ་ཅན་གྱི་གློག་བརྙན་འདི་ཡིས་གོང་དུ་སོང་བའི་སྐད་ཆ་འདི་དང་འབྲེལ་ནས་ཅུང་ཟད་དཔྱད་པར་བྱ།

         གློག་བརྙན་འདི་ནི་དབྱིན་ཇིའི་འཁྲབ་འཁྲིད་པ་སྒྲེ་བེ་སྒྲི་ཡ་ཁྲེས་སི David Yates ལགས་ཀྱིས་སྔོན་མའི་སྒྲུང་གཏམ་ཞིག་ལས་བྱུང་བའི་ཁྲར་གཟན་ཞུ་བའི་རྟོག་བཅོས་ཀྱི་མི་སྣ་ཞིག་རྨང་གཞི་བྱས་ཏེ། སྟོང་ལོ་དྲུག་གི་ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན་ཨ་རིའི་གློག་བརྙན་ཐོན་ལས་ཀྱི་ལྟེ་བ་ལོ་སི་ཨན་ཇི་ལི་སི་གྲོང་ཁྱེར་ (LA) ནས་དངོས་སུ་ཡོལ་བར་བཤམས། ཟླ་བདུན་པའི་ཚེས་བཅུ་དགུ་ཉིན་མདོ་སྨད་ཟི་ལིང་གྲོང་ཁྱེར་གྱི་གློག་བརྙན་ཁང་སོ་སོ་ནས་པ་སེ་བཙོངས།

       འདས་པའི་དུས་རབས་བདུན་གྱི་ནང་བྱུང་བའི་གོ་ལའི་ཡུལ་གྲུ་སོ་སོའི་མི་སེར་སྤེལ་བའི་རིང་ལུགས་ནས་འགོ་བརྩམས་ཏེ། བཙན་རྒྱལ་རིང་ལུགས་དང་ལྷག་པར་དུ་ཉེ་བའི་འཁྲུག་ཆེན་ཆེ་མ་ཆུང་གསུམ་གྱི་ཕལ་མོ་ཆེ་ནི་འཁྲུག་ཆེན་བསླངས་སའི་ཡུལ་གང་ཞིག་གི་ཐོན་ཁུངས་གལ་ཆེན་དང་། ནང་སྒོས་སུ་རང་བྱུང་གི་ས་གཞི་ཆེན་པོས་རུམ་པའི་རིན་ཆེན་གྱི་གཏེར་རྫས་དག་རྩོད་གཞིར་གྱུར་ནས་བྱུང་། ཨ་ཧྥི་རི་ཁའི་གླིང་ཆེན་པོ་འདི་ཡང་སྔོན་མར་མཛའ་མཐུན་གྱིས་གཤིབས་པའི་རྒྱལ་ཕྲན་ཁག་ཅིག་དང་། རྒྱལ་ཁབ་དང་རྒྱལ་མཚམས་མི་གསལ་པའི་རིག་གནས་ཀྱི་འབྲེལ་འདྲིས་ཆེ་བའི་འཆམ་མཐུན་ཤོག་ཁག་མང་པོའི་བདེ་སྐྱིད་ཀྱི་ཡུལ་གྲུ་ཡིན་མོད། དབྱིན་ཇི་གཙོ་བྱས་པའི་ཡོ་རོབ་ཀྱི་རྒྱལ་ཁབ་བདུན་གྱི་མི་སེར་སྤེལ་བ་དང་བཙན་རྒྱལ་གྱི་སྣེ་དྲངས་བའི་རྗེས་ལ། ཨ་ཧྥི་རི་ཁ་ནི་ད་ལྟའི་ཆ་ལ་ཁ་འཐོར་དགུ་འཐོར་དང་ཕན་ཚུན་ནང་འགལ་ཟླ་ཆེ་བའི་རྒྱལ་ཁབ་ལྔ་བཅུ་ང་བཞི་རུ་སིལ་བུར་གྱེས། གླིང་གཞན་པར་གཞིས་ཆགས་བྱུང་བའི་ཨ་ཧྥི་རི་ཁའི་མི་རིགས་མང་པོའི་ད་ལྟའི་གནས་ཚུལ་ཡང་སྔོན་གྱི་ཡོ་རོབ་པའི་གཉའ་གནོན་དང་བཤུ་གཞོག་ལས་ཐར་ཏེ་ཡུལ་གྱར་དུ་ཕྱིན་པའི་རྗེས་རབས་པ་འབའ་ཞིག་གོ།

        མི་སེར་སྤེལ་བའི་རིང་ལུགས་གཙོ་བོ་ནི་དུས་རབས་བཅོ་ལྔ་དང་བཅུ་དྲུག་ནས་ཉི་ཤུའི་དཀྱིལ་དུ་བྱུང་བའི་ཡོ་རོབ་པས་ཨ་ཧྥི་རི་ཁ་དང་ཨ་མེ་རི་ཀ ཡ་གླིང་སོགས་གཙོ་བྱས་བའི་གླིང་ཕྲན་དང་ཡུལ་ཁམས་དག་ལ་སྲིད་ཤུགས་རྒྱ་བསྐྱེད་དེ། རང་བྱུང་དང་མིའི་ཐོན་ཁུངས་ལ་བཤུ་གཞོག་གྲངས་མེད་བྱས་པའི་ལོ་རྒྱུས་ཀྱི་དོན་རྐྱེན་གཙོ་བོ་དེ་ལ་གོ་མོད། བཙན་རྒྱལ་རིང་ལུགས་གསར་མའི་སྐབས་བྱུང་བའི་པུར་ལེན་ཚོགས་འདུའི་ (Berlin Conference) ཡར་སྔོན་དུ་ཡོ་རོབ་པས་ཨ་ཧྥི་རི་ཁའི་རྒྱལ་ཕྲན་གྱི་རྒྱལ་པོ་དང་ཚོ་ཁག་གི་ཚོ་དཔོན་བརྒྱུད། ཐད་ཀར་གྱི་ཚོང་ལས་དང་རིག་གནས་ཀྱི་འབྲེལ་བ་བྱུང་བ་ལས་རྗེས་མའི་དཔུང་ཤུགས་ཀྱི་བཙན་འཛུལ་ལྟ་བུ་བྱུང་བའི་སྐལ་བ་ནི་ཧ་ཅང་ཕྲ། གང་ལྟར་གཉའ་གནོན་དང་སྲིད་དབང་སྒེར་གཅོད་ཀྱི་ངན་སྤྱོད་ནི་འབྲལ་ཐབས་ག་ལ་སྲིད། བཙན་རྒྱལ་རིང་ལུགས་གསར་མའི་ཡོ་རོབ་དང་ཨ་རི། འཇར་པན་གསུམ་གཙོས་བའི་རྒྱལ་ཁབ་རྒྱ་བསྐྱེད་པའི་སྲིད་ཤུགས་འགྲན་རྩོད་སྒོས་མི་སེར་སྤེལ་བའི་དུས་སྐབས་ཀྱི་ནང་། 1884ལོ་ནས་1885བར་འཚོགས་པའི་པུར་ལེན་ཚོགས་འདུ་ནི་ཡོ་རོབ་པས་ཡུལ་ཁམས་གཞན་དག་ཏུ་དཔུང་ཤུགས་རྒྱ་བསྐྱེད་དེ། ཚོང་ལས་ཇེ་རྒྱས་སུ་གཏོང་བ་གནད་དུ་བཟུང་བའི་ཚོགས་འདུ་ཆེན་མོ་ཞིག་རེད་འདུག་ལ། ཚོགས་འདུ་ལས་བྱུང་བའི་མཇུག་འབྲས་གཙོ་བོ་ཡང་ཡོ་རོབ་པས་ཨ་ཧྥི་རི་ཁའི་རྒྱལ་ཁམས་སོ་སོར་བདག་བཟུང་དང་བཙན་འཛུལ། ཆ་བགོས་དང་སྲིད་དབང་ཉམ་དམས་སུ་བཏང་ནས། གླིང་དེ་གའི་ཐོན་ཁུངས་ལ་བཤུ་གཞོག་དང་གཡོ་འཕྲོག ས་གནས་ཀྱི་མི་ལ་གཉའ་གནོན་བཅས་རབ་དང་རིམ་པ་བྱ་རྒྱུ་ཡིན་པས། ཡོ་རོབ་ཀྱི་རྒྱལ་ཁབ་སོ་སོའི་ནང་ཡང་འགལ་རྐྱེན་དུ་མ་བྱུང་བ་ལས་ལྷག་པར་དུ་སྦལ་ལྗམ (Belgium 比利时) དང་དབྱིན་ཇི་གཉིས་ཀྱིས་ཨ་ཧྥི་རི་ཁའི་ཀོང་ཀོ་ (Congo 刚果) ཟེར་བའི་རྒྱལ་ཁམས་ཀྱི་བཤུ་གཞོག་ཐད་སོ་སོར་ཁ་གཏད་དུ་ལངས།

tarzan-legenda.jpg

        《ཁྲར་གཟན་གྱི་མཚར་སྒྲུང》ནི་དབྱིན་ཇི་དང་སྦལ་ལྗམ་གཉིས་ཀྱིས་ཀོང་ཀོའི་ཐོན་ཁུངས་ཀྱི་བདག་བཟུང་དང་བཙན་འཕྲོག་ཐད་ཁ་མ་འཆམ་པར་ཕྱོགས་གཉིས་སུ་གྱེས་ཏེ། དཔལ་འབྱོར་རྡིབ་ནས་འཕོངས་ཀྱིན་པའི་སྦལ་ལྗམ་གྱི་རྒྱལ་བོའི་ཕོ་ཉས་ཀོང་ཀོའི་རྡོ་རྗེ་ཕ་ལམ་གྱི་གཏེར་རྫས་ལ་བདག་བཟུང་དང་འཕྲོག་བཅོམ་བྱ་བའི་ངན་ཇུས་འཐེན་ཞིང་། ས་གནས་ཀྱི་རུལ་སུངས་སུ་གྱུར་བའི་ཚོ་དཔོན་དང་ཁྱི་སྤྱང་ངན་འབྲེལ་གྱིས་ཁྲར་གཟན་ཞུ་བའི་མི་དཀར་ཞིག་འཛིན་བཟུང་བྱས་ཏེ། སོ་སོའི་དམིགས་བྱ་སྐོང་བའི་ལས་ལ་བརྩོན་པའི་ཉེན་ཁ་དང་འཁྲུག་རྩོད་ཅན་གྱི་གློག་བརྙན་ཞིག་གོ།

        སྤྱིར་གློག་བརྙན་འདིའི་བསྟན་བྱ་དུ་མའི་ནང་གི་གཙོ་བོ་ནི་ཡོ་རོབ་པས་ཀོང་ཀོའི་ཡུལ་གྲུ་དག་ལ་མི་སེར་སྤེལ་བའི་དབང་བསྒྱུར་དང་དཔུང་འཇུག་བྱས་པའི་སྲིད་ཀྱི་རྩེད་མོའི་གཡོ་ཇུས་འཐེན་པ་བརྒྱུད། མི་དཀར་དང་མི་ནག་གི་རིགས་རུས་མཆོག་དམན་གྱི་དབྱེ་བ་དང། ཡོ་རོབ་པའི་མིག་ནང་དུ་ཀོང་ཀོའི་མངའ་ཁུངས་ནི་གཏེར་རྫས་ཀྱིས་ཕྱུག་ཅིང་། ཧམ་སེམས་ཀྱིས་རང་བྱུང་ཁམས་གདུལ་རྒྱུ་དང་བཤུ་གཞོག་བགྱི་བ་སོགས་ཀྱི་སྲིད་དོན་སྒྲོམ་གཞིའི་འོག ཀོང་ཀོའི་མི་རིགས་ནི་རྗེས་ལུས་ཡིན་པ་དང་ཁོ་ཚོར་བཅིང་གྲོལ་དང་སློབ་གསོ་གཏོང་དགོས་པའི་ལྟ་ཚུལ་སོགས་མངོན་གསལ་དུ་བསྟན། དཔེ་མཚོན་རེ་བགྲང་ན། གློག་བརྙན་གྱི་མི་སྣ་གཙོ་བོ་ཁྲར་གཟན་ནི་མི་དཀར་ཞིག་ཡིན་ན་ཡང་། དོན་རྐྱེན་ཞིག་གི་དབང་གིས་ཆུང་དུས་ནས་ཀོང་ཀོའི་ནགས་གསེབ་ཀྱི་ཚོ་ཁག་ག་གེ་མོའི་ནང་འཚར་ལོངས་བྱུང་ཞིང་ས་གནས་ཀྱི་སྐད་དང་རིག་གནས། འཚོ་བའི་གོམས་སྲོལ་སོགས་ལ་ཞིབ་ཆ་ལྡན་པས་མི་ཚད་གཞན་དང་མི་མཚུངས་བའི་མཐུ་དང་ནུས་པ་ཁྱད་མཚར་ཅན་གྱི་དཔའ་བོ་འགྲན་ཟླ་བྲལ་བ་ཞིག་གི་ཟོལ་དུ་བཟོས་ཡོད་ལ། (ཞིབ་ཕྲའི་གཏམ་རྒྱུད་ནི་གློག་བརྙན་དངོས་ལ་གཟིགས) དབྱིན་ཇིའི་སྐད་དང་སྤྱི་ཚོགས་ལ་ཡང་དེ་བཞིན་གྱི་རྒྱུས་མངའ་ལྡན་པས། ཁྲར་གཟན་ནི་མདོར་ན་ཀོང་ཀོའི་ས་གནས་ཀྱི་མིང་ཐོགས་པའི་དབྱིན་ཇིའི་མི་དཀར་རམ་ཨ་ཧྥི་རི་ཁའི་སྟག་ལྤགས་གྱོན་པའི་དབྱིན་ཇིའི་མི་དཀར་གཡོ་སྒྱུ་ཅན་ཞིག་ལས་གཞན་མ་ཡིན་ཏེ། ཁྲར་གཟན་གྱི་ལྕམ་མོ་ལྗེན་ཟེར་བ་ཡང་ཀོང་ཀོའི་ས་ཆར་སླེབས་པའི་ཐོག་མའི་དམིགས་ཡུལ་ནི་ས་དེ་གའི་མི་དང་ཁོར་ཡུག་ལ་ཉམ་ཆག་དང་རྗེས་ལུས་ཀྱི་ལྟ་ཚུལ་གྱིས་སྣེ་དྲངས་ཏེ་ཀོང་ཀོའི་བྱིས་པར་རོགས་སྐྱོར་གྱི་ཚུལ་གྱིས་གནས་དེར་འབྱོར་ཞིང་རྗེས་སུ་ཁྲར་གཟན་དང་ངོ་ཤེས་བྱུང་།

          གློག་བརྙན་འདིའི་ནང་གི་དོན་རྐྱེན་ནི་རབ་དང་རིམ་པ་ཞིག་ཡུན་གྱིས་བྱུང་ཡོད་ནའང་། འགལ་ཟླ་གཙོ་བོ་ནི་ཡོ་རོབ་ཀྱི་རྒྱལ་ཁབ་སྦལ་ལྗམ་དང་དབྱིན་ཇི་འམ། ཡང་ན་མི་དཀར་ཚོའི་བར་ནས་ཀོང་ཀོའི་ཐོན་ཁུངས་དང་མི་ལ་ཇི་ལྟར་བཤུ་གཞོག་བྱེད་རྒྱུ་ལས་ཀོང་ཀོའི་མི་རིགས་ནི་ནམ་ཡང་བྲན་གཡོག་དང་རྗེས་ལུས། རུལ་སུངས་ཀྱི་རྣམ་པར་མཚོན་ཡོད་ལ། ཐ་ན་ས་དེ་གའི་སྤྲ་རྒོད་རྔ་ཟླུམ་དང་རི་དྭགས་དག་ལ་ཡང་མི་དོ་བའི་ཚུལ་དུ་བཟོས་པས། དབྱིན་ཇིའི་མི་ལ་རྣམ་དཔྱོད་ཁྱད་མཚར་འཛོམས་པ་དང་རྒྱལ་ཁ་རྐྱང་རྐྱང་ཐོབ་པ་སོགས་ཡིད་སྨོན་འཆོར་བྱེད་ཀྱི་རྟོག་བཟོ་ལ་བརྟེན་ནས། དབྱིན་ཇི་བས་ཀོང་ཀོར་བཤུ་གཞོག་དང་མི་སེར་སྤེལ་བའི་སྔོན་གྱི་ལྐོག་ཇུས་ལ་འགེབ་སྲུང་བྱས་པ་ཡང་ཤུགས་ཀྱིས་ཤོར། ཟུར་དེ་དང་འབྲེལ《ཁྲར་གཟན་གྱི་མཚར་སྒྲུང》གིས་རིགས་རུས་དང་རིགས་རྒྱུད་ཀྱི་མཆོག་དམན་ལྟ་ཚུལ་དག་འབུར་དུ་བླངས་ཤིང་། སྨག་ནག་གི་ལོ་རྒྱུས་ལ་ཡོ་བསྲང་དང་འགེབ་སྲུང་སྣ་ཚོགས་བྱས།

 

                                                                                                the-legend-of-tarzan-hd-image.jpg
     གཏམ་རྒྱུད་ཀྱི་མཇུག་ཏུ་ཡང་ཀོང་ཀོའི་ཚོ་ཤོག་ཁག་དང་རི་དྭགས་སྣ་ཚོགས་ཀྱིས་ཞོལ་ནས་རམ་འདེགས་བྱས་པ་བརྒྱུད། ཁྲར་གཟན་དང་ཨ་རི་བ་ཝེ་ལེམ་སི་ (Williams) གཉིས་ཀྱིས་ནུས་པ་ཁྱད་མཚར་སྒོས་སྦལ་ལྗམ་གྱི་དམག་མི་དང་ཕོ་ཉ། ས་གནས་ཀྱི་ཚོ་དཔོན་སོགས་ཕམ་པར་བརྒྱབ་སྟེ་རྒྱལ་ཁ་ཐོབ། ཡིན་ན་ཡང་། ཐག་གཅོད་བྱས་མེད་པཔའི་གནད་དོན་ནི་ཡོ་རོབ་པས་བསྐྲུན་པའི་ཀོང་ཀོའི་ཚོ་དཔོན་གྱི་རུལ་སུངས་ལམ་ལུགས་རྫོབ་པོ་དང་། རང་རྐང་ཚུགས་མེད་པའི་ས་གནས་ཀྱི་སྲིད་དབང་དང་སྲིད་གཞུང་། དེ་མིན་ཀོང་ཀོའི་མི་དང་རྒྱལ་ཁབ་ནི་ནམ་ཡང་དབྱིན་ཇི་དང་འབྲལ་ཐབས་མེད་པ་ལྟ་བུའི་སྣང་ཚུལ་མཐུག་པོ་བཞག་པ་དེ་འདྲ་ཡིན་པས། གལ་སྲིད་གློག་བརྙན་འདི་ཀོང་ཀོའི་མི་རིགས་སྙིང་རུས་ཅན་སྐོར་ཞིག་གིས་བྲིས་པའི་དབང་དུ་བཏང་ཚེ། མཇུག་སྡོམ་པའི་གཏམ་རྒྱུད་ནི་ཀོང་ཀོའི་མི་དམངས་དང་རྩ་འཛུགས་ཀྱིས་བཤུ་གཞོག་ལ་མཁས་པའི་ཡོ་རོབ་པ་མཐའ་དག་རང་གི་རྒྱལ་ཁམས་ཀྱི་མངའ་སྡེ་ཡོངས་ནས་ཕྱི་རོལ་ཏུ་བསྐྲོད་པར་ཐེ་ཚོམ་ག་ལ་ཡོད།

     མཐར་གློག་བརྙན་འདིས་ཨ་མེ་རི་ཀའི་སྲིད་ཤུགས་ཀྱང་ཉུང་ཙམ་བསྟན་ཡོད་པ་ནི་ཨ་རིའི་ཕྱི་འབྲེལ་ཕོ་ཉ་ཝེ་ལེམ་སི་ཡིས་ཁྲར་གཟན་དང་མཉམ་དུ་ཀོང་ཀོའི་འཐབ་འཁྲུག་གི་མགོ་མཇུག་བར་གསུམ་ལ་ཟུར་ཞུགས་དང་ལྐོག་ཇུས་འཐེན་པ། དོན་རྐྱེན་མཐའ་དག་གི་མཇུག་མཐའི་སྤྱི་བསྡོམས་སྙན་ཞུ་ཡང་ཝེ་ལེམ་སི་ཡིས་དབྱིན་གཞུང་ལ་བརྒྱབ་པས། ཨ་མེ་རི་ཀ་ལ་ཡང་ཡོ་རོབ་ཀྱི་རྙོག་གྲའི་སྲིད་དོན་ནང་འབྲལ་མེད་ཀྱི་ནུས་ཤུགས་ཆེན་པོ་ཡོད་པ་ཞོར་དུ་བསྟན། འདི་ལྟའི་སྲིད་ཤུགས་ནི་དངོས་ཤུགས་གང་རུང་ནས་བསྟན་ཡང་རུང་། མི་སེར་སྤེལ་བའི་རིང་ལུགས་དང་རིགས་རྒྱུད་རིང་ལུགས་སོགས་དང་བསྡེབས་ཏེ། ནོར་གྱིས་གཏམས་པའི་ཡུལ་གྲོང་གང་ཞིག་གི་ལྷིང་འཇགས་ཀྱི་མི་རིགས་ལ་ཧམ་ཤེད་ཀྱིས་བཙན་གནོན་དང་། “འགྲོ་མིའི་ཐོབ་ཐང་”སོགས་ལ་བཤུ་གཞོག་གི་རྒྱབ་འགལ་ཆེན་པོའི་རྨ་ཁའི་ལོ་རྒྱུས་རིང་མོ་བཞག་པ་ཁོ་ན་ཉིད་ལས་མ་འདས་སོ།།

 

དཔྱད་མཆན་ཡོད།