མིག་གིས་མཐོང་ནུས་པའི《སྙན་ངག》

2012932125573643.jpg

གཅིག ནང་དོན་མདོར་བསྟན་པ།
     ལོ་གྲངས་རེ་ལྔ་ལ་བུད་པའི་རྒན་མོ་མཱེ་ཙི(Jeong-hie Yunནས་འཁྲབ)་ནི་རང་ཉིད་ཀྱི་ཚ་བོ་དང་མཉམ་དུ་འཚོ་བ་རོལ་གྱིན་ཡོད་ལ། ཉིན་རྒྱུན་བཞིན་ཁ་ཟས་བཟོ་བ་དང་ཞོར་ལས་ཤིག་གཉེར་བ་ལས་ལས་ཀ་ཅི་ཡང་མེད། ཐེངས་ཤིག་མོ་རང་སྟེས་དབང་གིས་སྙན་ངག་སྐོར་གྱི་འཆད་ཁྲིད་ཅིག་ལ་ཕྱིན་ཅིང་། ཚད་མཐོའི་རྩོམ་རིག་གི་སྒྱུ་རྩལ་དེ་ལ་སྤྲོ་སེམས་རབ་ཏུ་འཕེལ། དེ་བས་སྙན་ངག་དགེ་རྒན་གྱི་གསུང་ལྟར། མཐོང་ཆོས་ཀྱིས་བསྐྱེད་པའི་མྱོང་བའི་འགྱུར་བ་དག་ཟིན་ཐོར་འགོད་མགོ་བརྩམས།
    མ་གཞི་ནས་མཛེས་ཤིང་འཆོར་བའི་མོ་ནི། དགུང་གྲངས་ཆེ་ན་ཡང་། འཚོ་བའི་ནང་སྙན་ངག་གི་ཟབ་ཞུགས་ཀྱིས། སླར་ཡང་མཐོང་ཚད་ལ་མཚར་སྣང་འཛིན་ཅིང་འཚོ་བའི་མཛེས་པ་འཚོལ་བའི་བུ་མོ་ཆུང་ཆུང་ཞིག་ཏུ་གྱུར་བ་ལྟར་སྣང་། ཡིན་ནའང་འཚོ་བ་ནི་དེ་འདྲའི་མཛེས་པ་ཕུན་ཚོགས་ཤིག་ག་ནས་ཡིན་ཨང་། མཇུག་ཏུ་མོས་ཕྱིར་འོངས་མེད་པའི་ལམ་ཞིག་བདམས་པར་གྱུར།
      སྐབས63པའི་ཁཱ་ན་གློག་བརྙན་དུས་སྟོན་དུ། ལི་ཚང་ཏུང་གིས་བརྩམས་ཆོས་འདི་ལ་བརྟེན་ནས་ཕུལ་བྱུང་འཁྲབ་གཞུང་གི་བྱ་དགའ་ བླངས།


གཉིས། 《སྙན་ངག》ལ་ལྟ་བ།

Img277797149.jpg
       གློག་བརྙན་མགོ་བརྩམས་པའི་མོད་ལ།  གཞུང་ཆུའི་ནང་བུ་མོ་ཞིག་གི་བེམ་རོ་ལྷོད་ཀྱིས་གཡེང་ནས་འོངས་ཀྱིན་པ་ཤར་བས། ལྟད་མོ་བས་སྐྱོ་གར་ཞིག་གི་མགོ་བརྩམས་ཟིན་འདུག་པ་དེ་མ་ཐག་རྟོགས་སྲིད།  སྐྱོ་གར་འདི་ཆེས་མགོར་སྤྱིར་བཏང་གི་གཏམ་རྒྱུད་ཀྱི་བྱུང་རིམ་ལྟར་ཡོད་མོད། ཆེས་མཇུག་མཐར། མཱེ་ཙི་ཡིས་ཀྱང་ཕྱིར་འོངས་མེད་པའི་ལམ་དེ་བདམས་པར་གྱུར། འཁྲབ་ཁྲིད་པས་གློག་བརྙན་གཞན་ལྟར་ཅལ་སྒྲ་ཞིག་དང་དུས་མཉམ་མི་སྣ་གཙོ་བོ་ཆུར་ ལྕེབས་པར་བྱས་མེད་པར།  “ད་ནི་འགྲོ་རན་སོང”ཞེས་པའི་སྙན་ངག་གི་ཚིག་རྐང་འདི་དང་མི་སྣ་གཙོ་བོའི་སྐད་དེ་དེ་སྔོན་རང་སྲོག་བཅད་པའི་མཐོ་འབྲིང་གི་བུ་མོ་དེའི་སྐད་དང་འདྲེས་པར་བྱས་ཤིང་། མཐར་འབབ་ཆུའི་ལྷུང་ལྷུང་གི་བཞུར་སྒྲ་དང་བསྲེས་པར་བྱས་པ་ནི་ཆེས་ཤིན་ཏུ་མཚར་ཅིང་། འདི་ལྟ་བུའི་བྱུང་རིམ་བཀོད་སྒྲིག་དང་གཏམ་རྒྱུད་སྤྲོས་སྟངས་ཀྱིས་ད་གཟོད་ཁོང་ ལ་ཁཱ་ནའི་འཁྲབ་གཞུང་རྟགས་རེག་པ་མིན་འགྲོ་བསམ།
       མོས་མེ་ཏོག་མཐོང་བས་“ཁྲག་ལྟར་དམར་བའི་མེ་ཏོག”ཅེས་པ་དང“སྐད་སྙན་སྒྲོག་པའི་ བྱིའུ།  དོན་དམ་ཅི་ཞིག་ལེན་གྱིན་ཡོད་དམ”ཞེས་པ།  ད་དུང་ས་ལ་ལྷུང་བའི་ཁམ་བུ་དེ་དག་ལས་གཅིག་ཡར་ལ་བླངས་རྗེས། རོ་མྱངས་ཞོར“ཁམ་བུ་ས་ལྷུང་སོང་།  བསྐྱར་དུ་གསོན་ཆེད་རྡོག་བརྫིས་ཤོར་བརའང་མོས་ཨང”ཞེས་བྲིས་ལ།  བུ་མོ་ལོ་ཆུང་དེས་ཚེ་སྲོག་བསྐྱུར་སའི་ཆུ་བོའི་འགྲམ་དུ་བགྲེང་དེ་བསམ་བློ་བཏང་།  མོས་ཟིན་ཐོ་བླངས།  སྙུ་གུ་བཙུགས་ཏེ་ཡུན་རིང་འགོར་མཐར་གཞི་ནས་སྟོང་བར་བསྐྱུར། འོན་ཀྱང་སྐབས་འདིར་ཆར་བ་ཤག་སེར་ཤོག་བུའི་སྟེང་བབས་བྱུང་། མིག་ཆུ་དང་འདྲ་བར། དོན་དམ་དུའང་དེ་ནི་ཡུན་རིང་མ་བཞུར་བའི་མོའི་སེམས་ཀྱི་མིག་ཆུ་རེད།  སྙན་ངག་མིན་པའི་སྙན་ངག་དེ་དག་གིས་མོས་འདས་ཟིན་པའི་བུ་མོ་ཆུང་ངུ་དེའི་སེམས་ ཁམས་དང་སྙིང་གི་ཕྱེད་ཀ་ཤོར་བའི་ཨ་མ་དེའི་སྡུག་བསྔལ་ཚོར་ཅིང་།  མཐའ་འཁོར་གྱི་མི་དེ་དག་གི་སྒེར་སེམས་དང་དོ་ཁུར་མི་བྱེད་པའི་གྲང་ཤུར་ཤུར་ གྱི་རྣམ་འགྱུར་ལ་ཐང་ཆད་པའི་ངང་སྡང་སེམས་དང་ཡི་ཆད། གདུང་བ་ཤོར་བ་མཚོན་ནུས། 
      འཁྲབ་ཁྲིད་པས་འདི་ལྟར་འགལ་འདུ་དང་སྡུག་ཡུས། སེམས་འགུལ་སོགས་ཡོད་ཚད་བག་ཕེབས་དང་བབ་ཆགས་ངང་སྤྲོས་པར་གྱུར་ལ།  བབ་ཆགས་འདི་གཞན་གང་ལས་ཀྱང་སྟོབས་ཆེན་ཞིག་ཏུ་གྱུར་ཡོད།  འདི་དཔེ་གསལ་བོ་ཞིག་དྲང་བས་ཆོག་ཏེ།  ཁམ་བུ་ས་ལ་དྲིལ་བའི་ལྗོན་གསེབ་དེ་ནི་ཆེས་རབ་ཏུ་མཛེས་པའི་ཡུལ་ལྗོངས་ཤིག་སྟེ། མཱེས་ཙིའི་ཡིད་སེམས་འཕྲོག་པར་གྱུར། སྐབས་དེར་མོ་རང་སྟོན་འབྲས་བསྡུ་བའི་སྐྱེས་མ་ཞིག་ལ་ཕྲད་ཅིང་། དེ་ལ་མཛེས་པས་སྤྲོ་ཞིང་ངོམས་པའི་ཚོར་བ་ལྷུག་པོར་བརྗོད། ཏག་ཏག་འཁྲབ་ཁྲིད་པས་མཛེས་པ་ཕུལ་ཏུ་བྱུང་བའི་ཡུལ་ལྗོངས་དེ་འདྲ་ཞིག་ལ་སྡུག་ ཡུས་ཀྱིས་རབ་ཏུ་མནར་བའི་ཨ་མ་ཞིག་དང་ལྷག་པར་དུ་དེའི་མདུན་ཏུ་བུ་མོའི་ལག་དམར་ གྱི་ཤ་ཉེ་འགྲེང་དུ་བཅུག་པ་རེད། འདི་ནི་ཕྱི་ངོས་སུ་བག་ཕེབས་པ་ལྟར་སྣང་ཡང་།    དོན་དམ་མི་སེམས་ན་བར་བྱེད་པའི་བརྙན་རིས་ཤིག་ཡིན།
     མཱེ་ཙི་ནི་མཛེས་པ་བདག་གིར་བཞེས་པ་ཞིག་ཏེ།  ཕྱི་གོས་ཀྱི་གཟབ་འཆོར་དང་བཞིན་རས་ཀྱི་མཛེས་ཆོས་ཙམ་མིན་པར། མཚར་འཛིན་དང་སྣང་སྤྲོ། སྙིང་རྗེ། གདུང་སེམས་མཉམ་སྐྱེད་སོགས་ཀྱི་ནང་གི་མཛེས་པ་འཛོམས་མཁན་ཞིག་ཡིན་ལ། དེ་བས་ཀྱང་གལ་ཆེ་བ་ནི།  མོའི་རང་བཞིན་ལ་ཕྱི་རོལ་གྱི་ཤུགས་རྐྱེན་ངན་པ་ཐེབས་མི་ཐུབ་པ་དེ་རེད། མོ་ནི་སྙན་ངག་ཇི་བཞིན་ཕྱི་ནང་དང་ཁ་ཞེ་མེད་པར་རང་ཉིད་ཀྱི་ལམ་བུར་བགྲོད་མཁན་ ཞིག་རེད། མོས“ལུས་པོ་གཙང་མ་ཡིན་ཚེ། ད་གཟོད་སེམས་གཙང་མ་ཡིན”ཟེར།  དེ་བས་མོས་བུ་མོ་ཆུང་ངུ་དེའི་སྡུག་བསྔལ་རྟོགས་ཐུབ་ལ། དེ་ཉིད་ཅི་ཞིག་གིས་འཇལ་དགོས་པའང་ཤེས་ཀྱི་ཡོད། མོས་འགན་འཁྲི་དང་འགྱོད་གདུང་ཏོག་ཙམ་ཡང་མེད་པའི་རང་གི་ཚ་བོའི་བྱ་སྤྱོད་མཐོང་ བས་ཡིད་སེམས་ཆད་ཅིང་ཉོབ་ལ། དེ་འདྲའི་གཞན་གྱི་ཚེ་སྲོག་དང་ནང་དགོས་ཆེ་མཐོང་ལ་རྨ་བྱས་པར་ངོ་རྒོལ་བྱས་པ་ སྟེ། ཉེན་རྟོག་པར་སྤྲད་པ་དང་། ཤིད་དོན་བྱུང་བའི་ཁྱིམ་ཚང་དེར་རོགས་སྐྱོར་ཆེད་དུ་། རང་གི་ཞོར་ལས་གཉེར་སའི་རྒན་པོ་དང་ལུས་ཀྱི་འབྲེལ་བ་མི་བྱེད་རང་བྱེད་དུ་གྱུར། “བསྐྱར་དུ་གསོན་ཆེད་རྡོག་བརྫིས་ཤོར་བརའང་མོས་ཨང”ཞེས་པ་ལྟར། བུ་མོ་དེ་བཞིན་ཁོ་མོས་ཀྱང་རང་བརྩི་དང་ལྡན་པའི་ངང་བསྐྱར་དུ་གསོན་ཆེད། འཆི་བའི་ལམ་ཁ་གདམས་པར་མོས་པ་རེད།   དེ་བས་གློག་བརྙན་འདི་ཉིད་སྙན་ངག་དང་འབྲེལ་བ་འདུག་ཟེར་བ་ལས།  སྐྱེས་མའི་རང་བརྩི་དང་འབྲེལ་བ་འདུག་ཞེས་ལབ་ན་བློར་འབབ་བདེ་བ་ཞིག་ཏུ་ཏན་ཏན་ འགྲོའོ།།
    འདི་ནི་སྐྱོ་གར་གློག་བརྙན་ཞིག་རེད། འདིས་ལྟད་མོ་བ་དག་ལ་མིག་ཆུ་ཐ་ར་ར་གཏོང་དུ་མི་འཇུག་པར། བག་ལྷོད་པོས་ངང་སྐྱོ་ཤས་ཀྱི་དབྱིངས་སུ་དྲངས་ཏེ། ཡུན་རིང་བོར་སྨྲ་བ་ཅི་ཡང་མེད་པར་བྲག་སྟར་ལྟ་བུའི་སྙན་ངག་ཞིག་ལ་རོལ་ཏུ་འཇུག་ངེས་ཏེ།  ཅི་ཙམ་སྐྱུར་ཡང་རོ་དེར་ཡུན་རིང་རོལ་འདོད་པར་འགྱུར། འདི་ཡང་འཁྲབ་ཁྲིད་པ་ཁོང་གི་ཤེས་རབ་ཞིག་ཏུ་ཁོ་བོས་འདོད་དོ།།
    ཡང་གློག་བརྙན་འདིས་མ་གཞི་ཁྱོད་ལ་ཇི་འདྲའི་རྨི་ལམ་དང་མཛེས་པའི་སྟོང་བསམ་ བདོག་ཡང་།  འཚོ་བ་འདི་ནམ་ཡང་རྙོག་འཛིང་དང་འཁྱོག་གཟུགས་སུ་ཆགས་པའི་ལམ་ཕྲན་འབའ་ཞིག་སྟེ།  ངེས་པར་བརྒྱུད་པ་ལས་ཐབས་གཞན་གང་ཡང་མེད་དོ་ཞེས་པ་ཡང་བརྗོད་ཡོད་བསམ།།

གསུམ། 《སྙན་ངག》ཀློག་པ།

ལྷ་མོ་དབྱི་ནོ་སིའི་གླུ།
                  གློག་བརྙན་མཇུག་ཏུ་མཱེ་ཙིས་བྲིས་པའི་སྙན་ངག

ས་ཆ་དེ་ག་འདྲ་ཞིག་རེད
ཁྱོད་ཇི་འདྲའི་ཁེར་རྐྱང་ཡིན་ཨང
སྲོད་ཀྱི་ཉིན་བྱེད་སྔར་བཞིན་དམར་མདངས་བཀྲའམ
ཡལ་གའི་སྟེང་གི་བྱིའུ་ཆུང་དེའི་གླུ་སྐད་ཐོས་སམ
སྐུར་མ་ཕོད་པའི་འཕྲིན་པ་དེ་ཁྱོད་ལ་འབྱོར་ཐུབ་བམ
ངས་བཤད་མི་ཕོད་པའི་སྙིང་གཏམ་ཁྱོད་ལ་སྤྲིངས་ཨེ་ཆོག
དུས་ཚོད་ཆུ་མོ་བཞིན་བཞུར་བས  རྒྱ་སེ་ཡང་གཟིམས་པར་བྱེད་དམ

ད་ནི་ཆས་རན་སོང
རྗེས་ཤུལ་མེད་པའི་རླུང་བུ་ཇི་བཞིན
འཛིན་པ་མེད་པའི་གྲིབ་གཟུགས་ཇི་བཞིན
མཇུག་མཐའི་བརྩེ་བ་དེ་སེམས་སུ་ཉར་ཐུབ་ཆེད
ངའི་ཨ་ཐང་ཆད་པའི་རྐང་བ་ལ་མཆུ་འདབ་སྦྱོར་བའི་ལྗང་མྱུག་དེའི་ཆེད་དུ
ངའི་རྗེས་སུ་བཞག་པའི་རྐང་རྗེས་ཆུང་ངུ་དེའི་ཆེད་དུ
ནམ་ཡང་ཕྱིར་མི་འོངས་པའི་དམ་བཅའ་བཞག་ཟིན

ད་ནི་ཆས་རན་སོང
སྨག་རུམ་ཡུན་གྱིས་འཐིབས་པས
སྒྲོན་མེ་སྒྲོན་རྒྱུ་ཡིན་ནམ
མི་དག་མཆི་མའི་དོ་ཤལ་སྟོར་བར་མ་བྱས
ཡིན་ནའི་གུས་པས་སྨོན་ལམ་འདེབས།
ང་ནི་ཇི་འདྲའི་ཁྱོད་ཞེ་འདང་ཆེ་ཨང

དབྱར་གྱི་ཚ་བས་གདུང་བའི་གུང་གི་དུས་ཤིག་ལ
མིག་ལྟོས་རྒྱང་ལ་བྱས་པའི་རེ་སྒུག་རིང་མོའི་ཁྲོད
ལམ་ཕྲན་དེ་ཕ་ལགས་ཀྱི་ངོ་གདོང་དང་ཡང་ན
ཁེར་རྐྱང་གི་རྒོད་སྐྱེས་མེ་ཏོག་ལྟར
གང་ལྟར་ནའང་ཁོ་མོ་ནི་དེ་འདྲའི་ཞེ་དགའ་བར་འགྱུར་ཨང
འོན་ཏེ་ཁྱོད་ཀྱི་གདུང་བ་སྐྱེད་པའི་གླུ་གཞས་ཐོས་པས་སེམས་པ་སྨྲེང
ངས་ཁྱོད་ཀྱི་ཆེད་དུ་སྨོན་འདུན་ཞུ

ཆུ་བོ་རབ་མེད་དེ་མ་བརྒལ་སྔོན
ངས་རྣམ་ཤེས་ཀྱིས་བརྔུབས་པའི་དབུགས་ཐ་མ་བསྡམས་ནས
རྨི་ལམ་རྨི་བར་སྙེགས
ཉི་འོད་འཇམ་གྱི་ལེར་འཕྲོ་བའི་ཞོགས་པ་ཞིག་ལ
ང་རང་ཡང་བསྐྱར་སད་བྱུང    འོད་ཟེར་གྱིས་མིག་ཟུང་ཡང་སྒྲིབ་པར་བྱེད
སྐབས་དེར   ཁྱོད་རང་ཁོ་མོའི་གམ་ཏུ་ཡོད་པ་མཐོང
5F25459821.jpg
རྫོགས་སོ།།

དཔྱད་མཆན་ཡོད།