《ལམ་གྱི་རྨི་ལམ》དང་ལམ་གྱི་སྙིང་སྟོབས།

201510101611309572.jpg

   བརྙན་ཕྲན་ཞེས་བའི་མིང་བརྡའི་ཟུར་ཙམ་ཁོ་བོས་གླེང་ཟིན་པས་ཀུན་གྱིས་མུ་ནས་དཔྱོད་པར་འཚལ། འདིར་བསྐྱར་བཤད་ཚིག་གི་ཕྲེང་བར་བརྒྱུས་མི་དགོས། འདས་པའི་སྤྱི་ལོ༢༠༠༢ལོ་ནས་བཟུང་བོད་ཀྱི་བརྙན་ཐོག་ལག་རྩལ་ཐོན་སྐྱེད་ཁྱབ་ཁོངས་ལ་འཕོ་འགྱུར་ཆེན་པོ་བྱུང་བ་ནི་སྤྱིའི་ཆ་ནས་བོད་ཀྱི་གློག་བརྙན་བྱུང་བ་ཡིན་ལ། དེ་ལས་བྱེ་བྲག་ཏུ་བརྙན་ཕྲན་རིག་གནས་དང་བརྙན་ཕྲན་ལག་རྩལ་ཟུར་ཙམ་བྱུང་བ་རེད། སློབ་རའི་བརྙན་ཕྲན་དང་ཆེད་ལས་མ་ཡིན་པའི་བརྙན་ཕྲན། ཆེད་སྦྱོང་བརྙན་ཕྲན་གྱི་སྡེ་ཞིག་བྱུང་བ་ནི་བརྙན་ཕྲན་ལས་རིགས་ལ་འཕེལ་འགྱུར་མི་འདྲ་བའི་ཟུར་ཚད་ལ་མཐོ་རླབས་ཅུང་འཕྱུར་མོད། དེ་ལས་དམིགས་སུ་ཅུང་ཚད་རིམ་ཅན་དང་རེ་བ་ཅན་གྱི་བརྙན་ཕྲན་ཉུང་ཤས་ལས། ཨ་སྒང་ཡར་རྒྱས་ཀྱི་བརྙན་ཕྲན་ལ་ཟུར་ནས་འཇུག་པར་རྩེན། བྱེ་བྲག་ཏུ་བོད་བརྙན་ལས་བརྙན་ཕྲན་འཕེལ་རིམ་དང་བརྙན་ཕྲན་རེ་རེ་གསལ་འགྲེལ་མི་དགོས་སྟོང་བའི་ཆ་འདུག


   བརྙན་ཕྲན་གྱི་བརྙན་རིས་ནི་ཐིག་རིས་དང་ཆོས་དབྱངས་ལ་བརྒྱུས་ནས་གཏམ་རྒྱུད་ཀྱི་ཟུར་སྣེ་བཟུང་། 《 ང་དང་ཚེ་རིང》ཞེས་བའི་སྐྱ་རིས་ནི《ལམ་གྱི་རྨི་ལམ》ཞེས་བའི་གཏམ་རྒྱུད་ཀྱི་གཏིང་རིམ་བསླངས་བའི་བརྙན་མིག་གི་སྐད་ཆའི་སྒྲ་དང་པོ་ཡིན། དོན་དུ་ལྷིང་འཇགས་ཀྱི་གཏམ་རྒྱུད་ལ་ལྷོད་འཇགས་ཀྱི་བརྙན་རིས་འགུལ་ཚད་ཇེ་མགྱོགས་སུ་གཏོང་བའི་ཟུར་ཡིན་ལ། གཏམ་རྒྱུད་དུ་བཞེངས་བའི་གྲྭ་ཕྲུག་ཅིག་གི་ནང་སེམས་ཀྱི་གསང་བ་བརྟོལ་བའི་ལམ་གྱི་འཚོལ་བའང་འདི་ནས་བརྩམས་པ་རེད།


   《ལམ་གྱི་རྨི་ལམ》ཞེས་བ་ནི་བརྙན་ཚད་ཀྱི་བར་སྟོང་དང་དུས་ཚོད་ཀྱི་ཡུན་ཚད་སྐར་མ་བཅུ་དྲུག་ཅན་གྱི་བརྙན་ཕྲན་ཞིག་ཡིན་ལ་འདི་ལས་བོད་ཀྱི་སྤྲུལ་སྐུ་ཆུང་ཆུང་ཞིག་གི་བྱིས་བློའི་འཇིག་རྟེན་དང་ལམ་གྱི་རྨི་ལམ་འཚོལ་གྱིན་པའི་གཏམ་རྒྱུད་གདམ་ཀ་ཅན་ཞིག་གི་ཟུར་བཟུང་ནས་འཁྲབ་པའི་བརྙན་ཕྲན་ཞིག་ཡིན། ཉེ་ཆར་འཁྲབ་ཁྲིད་པས་མཁོ་འདོན་བྱས་པ་ནང་བཞིན། དམིགས་བསལ་གྱིས་བརྙན་ཕྲན་འདི་ལ་ཐེངས་ལྔ་ཙམ་བལྟས་བ་ཡིན། བལྟས་བའི་གོ་རིམ་ནི་བརྙན་མིག་ལས་སྣང་བའི་འཁྲབ་ཁྲིད་པའི་བསམ་བློའི་བརྙན་རིས་ཀྱི་བྱང་ཚད་དང་བསམ་གཞིགས་ལ་བརྒྱུས་བའི་བརྙན་འགྲོས་ཀྱི་འགྱུར་བ་སྣ་མང་བྱུང་བ་རེད།


   བྱིས་བློ་དང་བྱིས་པའི་མཛེས་བ་ནི་བསླུ་མེད་ཀྱི་སེམས་གཤིས་དང་མི་གཤིས། རང་གཤིས་སུ་གྲུབ་པ་ནི་ཆེས་རྒྱུན་ལྡན་གྱི་སྣང་བརྙན་ཞིག་ཡིན་ལ། རང་ཉིད་ལ་འཚམ་པའི་རྩེད་ར་གང་ཞིག་གི་རྨི་ལམ་འཚོལ་བ་ནི་བྱིས་པའི་འཚོ་སྟངས་ཡིན། འདི་ལས་གྲྭ་ཕྲུག་ཅིག་གི་གཏམ་རྒྱུད་ནི་དགོན་སྡེ་ནས་གྲོང་སྡེ། གྲོང་སྡེ་ནས་སློབ་རའི་བར་གྱི་ལམ་ཡིན། ལམ་དེ་ལས་མྱོང་བ་ནི་བྲོས་བྱོལ་གྱི་གཏམ་རྒྱུད་ཡིན། གཏམ་རྒྱུད་དེ་ནི་དུས་ཀྱི་བྱ་དངོས་གསར་རྙིང་གིས་བསླངས་བའི་སེམས་ཁམས་ཡན་གར་བ་དང་ལྟ་སྟངས་ཡན་གར་བ་ཞིག་བརྙན་རིས་ཀྱི་འགྱུར་བ་ནང་བཞིན་མཚོན་ཐབས་སུ་སྤྱད་ཡོད། དེ་ནི་བརྙན་ཕྲན་གྱི་མཛེས་བའི་རིན་ཐང་ཡིན་ལ་དངོས་ཡོད་ཉེར་འཇུག་གི་འགྱུར་བའི་སྣང་ཚུལའང་ཡིན་འདུག


    འཛམ་གླིང་ཤེས་རིག་ལོ་རྒྱུས་སྨྲ་བ་ཆེན་མོ་ཝེའི་ཨེར་ཏུའུ་ལན་གྱིས་གདམས་པ་ནང་བཞིན། “རླབས་ཆེ་བའི་ཤེས་རིག་གང་ཞིག་གི་ཉམས་རྒུད་ནི་རང་སྟེང་ནས་འགོ་བརྩམས་པ་ཡིན”ཞེས་པའི་ལུང་དང་དེ་རིང་གི་བོད་ཀྱི་དངོས་ཡོད་འཚོ་བ་ལས་སྣང་བའི་སྐད་རིགས་ཉམས་ཆག་དང་སྐད་ཆའི་གོད་ཆག་ནི་ལོ་རྒྱུས་མ་ཡིན་པའི་དོན་དངོས་ཡིན་པས། བརྙན་ཕྲན་གྱི་འཁྲབ་ཚིག་ལས་གཞན་སྐད་ཀྱི་ཟུར་སྣང་བ་ནི་སྒྱུ་རྩལ་གྱི་དགོས་མཁོ་ཙམ་མ་ཡིན་པར་དངོས་ཡོད་ཀྱི་འགྱུར་བ་ལ་དམིགས་པའི་མཚོན་ཐབས་གཙོ་བོ་བརྙན་མིག་གིས་བཞེངས་བ་ཡིན། དེ་ནི་ནད་དུག་ཅན་གྱི་བསྲེས་སྐད 奥德曼དང日本ཞེས་བ་ལྟ་བུ་ཡིན། ཟུར་གཞན་ཞིག་ནས་འཁྲབ་ཁྲིད་པའི་རིག་གནས་གསར་རྟགས་ཀྱི་བཙན་འཛུལ་དང་ཐེ་གཏོགས་ཀྱི་སྦྱོར་བའང་སྣང་ཡོད།



    འཕེལ་འགྱུར་ནི་སྤྱི་ཚོགས་གསར་བའི་རླབས་སུ་གྱུར་ཡོད་པས། རླབས་དང་བསྡེབས་ནས་འཕྱུར་སྟངས་གསར་བ་སྐྱོམ་པ་ནི་གོ་རིམ་ཞིག་གི་ལེའུ་ཡིན། བརྙན་ཕྲན་ལས་རྐང་གསུམ་ལྕགས་རྟ་དང་ཁ་པར། ལྒང་ལི། དེང་རབས་རྩེད་འཕྲུལ་སོགས་ཀྱིས་གྲྭ་སྡེ་ལ་མཛེས་དཔྱོད་གསར་བའི་འཚོ་བ་ངང་གིས་ཆགས་ཤིང་ཐོལ་གྱིས་གྲུབ་པ་རེད། འོན་ཀྱང་། གསར་རྙིང་གི་དབྱེ་མཚམས་དང་གསར་བ་ལས་རྙིང་བ་འཇིག་པའི་ལས་ནི་སྣ་ཚོགས་ཀྱི་རྐྱེན་དུ་གྱུར། བརྙན་ཕྲན་འཁྲབ་ཚིག་ལས“དུས་ནི་འགྱུར་བ་མ་ཡིན་པར། མི་ནི་འགྱུར་བ་ཡིན་ལ་མིའི་ནང་སེམས་ནི་དེ་བས་ཀྱང་འགྱུར་བ་ཡིན”ཞེས་བ་ལས་གསར་བ་ཐམས་ཅད་ལྷ་རྫས་སུ་གྱུར་བ་དང་རྙིང་བ་ཐམས་ཅད་རྒུད་པའི་ལས་སུ་གྲུབ་པ་ནི་མིའི་ནང་སེམས་ཀྱི་ལྟ་སྟངས་ཡ་མ་བརླའི་གཟུགས་སུ་སྣང་། བོད་ཀྱི་ཤེས་རིག་ལོ་རྒྱུས་ནས་བལྟས་ན། དགོན་སྡེ་ནི་གནའ་ནས་ད་ལྟའི་བར་དུ་རྒྱུན་ཆགས་སུ་གྲུབ་པའི་མི་རིགས་ཤིག་གི་རིག་གནས་བཙན་རྫོང་དང་བསམ་བློའི་ཕོ་བྲང་ཡིན་མོད། དུས་ངན་གཏུམ་མོས་ཁྱུར་མིད་ནི་འཇིག་ཉེན་གྱི་གསང་བ་གཞན་ཞིག་ཡིན།



    བརྙན་ཕྲན་འདིའི་བརྙན་ཐབས་དང་བརྙན་མིག་གི་མཛེས་བ། བརྙན་ཕྲན་ལ་བརྒྱུས་བའི་དབྱངས་འགྲོས་དང་བརྙན་འགྲོས་ཀྱི་ཐད་ནས་མི་གླེང་བར་འཚལ། རྒྱུ་མཚན་ནི་འཁྲབ་ཁྲིད་པའི་སྒྱུ་རྩལ་བློ་མིག་དང་དཔྱད་འཇོག་པའི་གླེང་ལུགས་ཀྱི་ཟུར་ནི་ཡོངས་སུ་གཅིག་འདུས་སུ་གྱུར་བའི་ཆ་ནི་མཛེས་དཔྱོད་ཀྱི་ཧེ་བག་དང་དབྱེ་ཞིབ་ཀྱི་བར་ཁྱད་ཡོད་ངེས། བོད་ཀྱི་བརྙན་ཕྲན་གསར་བའི་མཐོ་ཚད་ནས་བལྟས་ན། གློག་བརྙན་གྱི་རྩ་བའི་མཛེས་དཔྱོད་དང་རིན་ཐང་། ཟབ་འཇུག་ལ་ཉེ་བར་འཐིམས་ཡོད་ལ། བརྙན་ཕྲན་རང་ངོས་ནས་གཞིགས་ན། གཏམ་རྒྱུད་ཀྱི་གོ་རིམ་ནི་བརྙན་རིས་ཀྱི་གོ་རིམ་དང་བར་བཅུག་གི་བརྙན་རིས་ནི་རྨི་ལམ་འཚོལ་ཞིབ་ཀྱི་གོ་རིམ་བསྡེབས་ཁ་ཅན་ཞིག་ཡིན། དེ་ནི་བོད་ཀྱི་བརྙན་ཐོག་ཤེས་རིག་ལ་སྤུད་པའི་སྐར་ཚོམ་གྱི་མཚར་སྡུག་ཡིན་སྲིད་ལ་བརྙན་ཞེན་པ་ཞིག་གི་མི་ཚེའི་སྙིང་སྟོབས་ཀྱང་ཡིན།

གསལ་བཤད།
《ལམ་གྱི་རྨི་ལམ》 ནི་བོད་ཀྱི་གཞོན་སྐྱེས་གློག་བརྙན་འཁྲབ་ཁྲིད་པ་ཨ་སྒང་ཡར་རྒྱས་ཀྱི་གློག་བརྙན་བརྩམས་ཆོས་གྲས་ཀྱི་གཅིག་ཡིན། པེ་ཅིང་གློག་བརྙན་འཁྲབ་ཁྲིད་པའི་སྡེ་ཁག་ཏུ་སློབ་གཉེར་བྱེད་དམུས་སུ་མཆིས། ཁོའི་བརྩམས་ཆོས་ལ《བསོད་ལྷ》དང《ལམ་གྱི་རྨི་ལམ》སོགས་ཡོད་ལ། རྒྱལ་ཡོངས་ཀྱི་བརྙན་ཕྲན་མཛད་སྒོའི་རྟགས་མའང་འཐོབ་མྱོང་བ་རེད།
 

དཔྱད་མཆན་ཡོད།