«ས་མུ་ར་ཡེ་བདུན» དང «ཟིལ་བོ་ཆེ་བདུན»

   ནུབ་ཁུལ་གློག་བརྙན་ནམ་འབྲོག་པའི་གློག་བརྙན (cowboy movie) ནི། ཨ་རི་རང་སའི་ས་སྐྱེས་རྡོ་སྐྱེས་ཀྱི་གློག་བརྙན་གྱི་རྣམ་པ་ཞིག་ཆགས་ཡོད་ལ། དེའི་ནང་དུ་ཉམ་ཆུང་བའི་མི་དཀར་གྱི་གྲོང་ཚོ་དང་། བདེན་པ་རྒྱབ་ལངས་ལ་དཔའ་བའི་འབྲོག་ཕྲུག་ཕོ་གསར། ངན་པ་དབང་ཤེད་ཀྱིས་ཐམས་ཅད་གཙེ་བའི་མི་ངན་སོགས་ཀྱི་སྣང་བརྙན་གསལ་བོ་ཡོད་ལ། མཐར་འབྲོག་ཕྲུག་དང་མི་ངན་གཉིས་གདོང་ཐུག་ནས་འཐབ་མོ་བཀྱེས་ཏེ་མི་ངན་ཕམ་ནས་གྲོང་ཚོ་བདེ་ལ་བབས་པ་དང་། འབྲོག་ཕྲུག་ནི་གང་ལའང་མ་ཆགས་པར་ཕྱོགས་མཐའ་འགྲིམ་པའི་བྱུང་རིམ་དམིགས་བསལ་བ་ཞིག་གིས་ཀུན་གྱི་དང་བ་དྲངས་ཡོད།

sarahgonzales1.jpg

       «ཟིལ་བོ་ཆེ་བདུན» (The Magnificent Seven) ཞེས་པའི་འབྲོག་པའི་གློག་བརྙན་འདི་ལ་པར་གཞི་གསར་རྙིང་གཉིས་བྱུང་ཡོད་ཅིང་། སྤྱི་ལོ1954ལོར་ཕབ་པའི་ཉི་ཧོང་གི་གློག་བརྙན་སྐད་གྲགས་ཅན«ས་མུ་ར་ཡེ་བདུན» (The Seven Sanurai) ཞེས་པ་ལ་ལད་མོའི་ཚུལ་དུ་བཟོས་པ་ཞིག་རེད། ཟིལ་བོ་ཆེ་བདུན་གྱི་པར་གཞི་རྙིང་ཤོས་དེ་ནི་ས་མུ་ར་ཡེ་བདུན་བཟོས་ནས་ལོ་དྲུག་གི་རྗེས་ཏེ། སྤྱི་ལོ1960 ལོར་བཟོས་པ་དང་། ཟིལ་བོ་ཆེ་བདུན་གྱི་པར་གཞི་གསར་ཤོས་ནི་ད་ལོར་ལྟད་མོར་བསྟན་པ་ཞིག་རེད། 

u=2508476855,1893759066&fm=23&gp=0.jpg

  གུས་པོ་རང་ལ་མཚོན་ན། ས་མུ་ར་ཡེ་བདུན་དང་། ར་ཤོ་མོན་སོགས་ཉི་ཧོང་གི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་ཁུ་རོ་ས་བ་ཨ་ཁེ་ར (Akira Kurosawa) ཡིས་འཁྲབ་ཁྲིད་བྱས་ཤིང་། འཁྲབ་སྟོན་པ་མེ་ཕོ་ནེ་ཏོ་ཤེ་རོ (Toshiro Mifune) ཡིས་འཁྲབ་སྟོན་བྱས་པའི་གློག་བརྙན་དག་ནི་ཕལ་ཆེར་འཛམ་བུ་གླིང་ལས་དགའ་ཤོས་ལ་བརྩི་བཞིན་ཡོད་ཅིང་།  ཁོ་ཚོ་ནི་ཤར་ཕྱོགས་ཁོ་ན་ཙམ་མ་ཡིན་པར་འཛམ་བུ་གླིང་གི་གློག་བརྙན་ལ་ལམ་བུ་ཞིག་བསྟན་ཡོད་པའི་སྐྱེས་བུ་རླབས་པོ་ཆེ་རུ་འདོད་མཁན་ཞིག་ཡིན་པས། ས་མུ་ར་ཡེ་བདུན་དང་ཆ་འདྲ་བའི་གཏམ་ཁོ་ན་གཞིར་བཅོལ་ནས་ཟིལ་བོ་ཆེ་བདུན་གསར་རྙིང་གཉིས་ཀ་ལ་ཉིན་གཅིག་ནང་བལྟས་པ་ཡིན། 

61vLiK96sbXeHpQiMxI4CuqBA3z.jpg

   འདི་གཉིས་ཀ་ས་མུ་ར་ཡེ་བདུན་ནང་བཞིན་གྲོང་ཚོ་ཕལ་བ་ཞིག་དཀའ་ངལ་ལ་འཕྲད་རྗེས་ཕྱི་རུ་སྐྱོབ་རོགས་དགུག་པར་ཕྱིན་ནས། དཔའ་བོ་བདུན་བཀུགས་རྗེས་དགྲ་བོ་དང་འཐབ་པ་མཚུངས་ལ། མཐའ་མར་དཔའ་བོ་དག་ལས་མི་གསུམ་ལས་མ་ལྷག་པའང་མཚུངས་པས། ཆེད་དུ་ས་མུ་ར་ཡེ་བདུན་དང་ཆ་འདྲ་བར་བཟོས་པ་ཤེས་ཐུབ། ལྷག་པར་དུ་ཟིལ་བོ་ཆེ་བདུན་གྱི་པར་གཞི་རྙིང་བའི་ནང་དུ་ཞིང་བ་སྟེ་མི་ཡུལ་གྱི་གཉོམ་ཤོས་དང་མང་ཤོས་དེ་དག་གི་སྐྱོན་དང་མགོ་བདེ་སོགས་བརྗོད་པ་དང་། མཇུག་མཐར་རྒྱལ་ཐག་ཆོད་པ་ནི་ཁོ་ཚོར་གྱུར་ནས་དཔའ་བོ་ནི་རླུང་བུ་བཞིན་འཚུབ་རྗེས་གང་ཡང་ཐོབ་མེད་པ་སོགས་གླེང་གཞིར་བཟུང་བ་ནི་ཧ་ཅང་འདྲ། 

7E7E41EF-7D1D-413A-9521-5200609F1B5F_500.jpg

   འདི་དང་བསྡུར་ན། ཟིལ་བོ་ཆེ་བདུན་གྱི་པར་གཞི་ཕྱི་མ་སྟེ་ད་ལོའི་གསར་བ་འདི་ནི་ཤ་འཁོན་དང་ནུབ་ཕྱོགས་ཀྱི་དད་པ་སོགས་མང་པོ་བསྲེས་ལ། དཔའ་བོ་བདུན་པོའང་མི་ནག་དང་། ཤར་ཕྱོགས་པ། ཨིན་རྡི་ཨན་པ། མི་དཀར། མེག་སི་ཁོ་བ། བུད་མེད་སོགས་ཨ་རིའི་སྤྱི་ཚོགས་ཀྱི་ཕྱོགས་དུ་མ་བསྲེས་པ་མ་ཟད། མཐར་ཤུལ་ལ་ལྷག་པའང་མི་དཀར་བུད་མེད་དང་མི་ནག ཨིན་རྡི་ཨན་པ་སོགས་ཨ་རིའི་སྤྱི་ཚོགས་སུ་གཉོམ་ཕྱོགས་སུ་བརྩི་བ་དག་བྱས་པ་ནི་ས་མུ་ར་ཡེ་བདུན་གྱི་བརྗོད་གཞི་ལས་བརྒལ་ནས། ཅུང་རྙོག་པར་གྱུར་བའི་སྣང་བ་བྱུང་ལ། མཇུག་མཐའི་ཤ་འཁོན་དང་འགྱོད་བཤགས་སོགས་ནི་ནུབ་ཕྱོགས་པའི་སྤང་བླངས་ལ་མཐུན་ནའང་། ས་མུ་ར་ཡེ་བདུན་ལྟར་དུ་གཞན་ལ་བསམ་གཞིགས་ཀྱི་ཁྱབ་ཁོངས་གསར་བ་ཞིག་གི་སྒོ་མོ་ཕྱེ་ཐུབ་མེད་པ་ངེས་གཏན་རེད་ཟེར་ཆོག 

20234906d5mg8ml5.jpg

   སྤྱི་ལོ1954ནས་ད་ལྟའི་བར། ལག་རྩལ་ཇེ་བཟང་ལ་ཕྱིན་ཞིང་། བརྙན་མིག་ཀྱང་སྔར་ལས་འཕྱོར་བོར་གྱུར་ཡོད་ལ། ཨ་རིའི་འབྲོག་པའི་གློག་བརྙན་གྱི་སྲོག་སྙིང་ལྟ་བུར་གྱུར་བའི་རྟ་ཕོའང་དེང་རབས་ཀྱི་བརྙན་ལེན་ལག་རྩལ་གྱི་རྒྱབ་སྐྱོར་འོག་སྔར་ལས་ཡིད་སེམས་འཆོར་ཡུལ་ཞིག་ཏུ་གྱུར་ཡོད་ནའང་།  བསམ་གཞིགས་ཀྱི་རྒྱ་ནི་དོག་པོར་གྱུར་ལ། རྣམ་དཔྱོད་ཀྱང་སྔར་ལས་བྲི་བར་གྱུར་ཡོད་པ་འདྲ། 

u=2223684603,3144335788&fm=214&gp=0.jpg

  གློག་བརྙན་ཕྱི་མ་གཉིས་སུ་ཨ་རིའི་ནུབ་ཁུལ་གྱི་འབྲོག་པའི་ཕོ་རྒོད་ཀྱི་བཙན་པོའི་གཉའ་གནོན་དང་གཉོམ་ཆུང་འདབ་སྐྱོར་བྱེད་པའི་སྤང་བླང་གི་ལག་ལེན་དེ་ཉི་ཧོང་གི་ས་མུ་ར་ཡེ་སྟེ་དཔའ་རྟུལ་གྱི་འཚོ་བའི་རིན་ཐང་དང་བསྡུར་ནས་བརྗོད་འདོད་པའི་འདུན་པ་མངོན་པར་གསལ་མོད། དཀྲུམ་མདའ་བཟུང་བའི་ཕོ་རྒོད་དེ་ཚོ་དཔའ་ཞིང་གདེང་ལ་དང་ལྡན་ལ། མཛངས་ཤིང་རྩལ་གྱིས་ཕྱུག་པས། དགྲ་ནག་པོའི་སྟེང་ལ་ཐོག་གི་བཙན། རྟ་འདོ་བའི་གོང་ན་བལ་ལས་ཡང་ཞེས་པ་ལྟར་ཡིན་པ་ནི་སྨོས་མེད་ཀྱང་། མི་ལོ་སྟོང་ཕྲག་རིང་གི་བཙོ་སྦྱང་བརྒྱུད་པའི་ཤར་ཕྱོགས་ཀྱི་དཔའ་རྟུལ་གྲི་རིང་ཐོག་པ། སྦས་བར་གནས་པ། ཁྱི་བཞིན་འཁྱམ་པ། རྒོད་བཞིན་ཤི་བ་དག་དང་བསྡུར་ན། འཁོར་བའམ་མིག་མདུན་གྱི་སྤྱི་ཚོགས་ཀྱི་འདབ་རྫབ་ཅིག་ནས་ཐར་བཞིན་མེད་པའི་ཉམས་སྣང་ཞིག་སྟེར་ཡོང་། 

དཔྱད་མཆན་ཡོད།