རི་ཀླུང་མཁའ་ཁྱབ་ཚོགས་ཆེན་མཚོ་མ་པང་འགྲམ་དུ་བསྡུ་འཆར།

       ཉེ་ཆར། གངས་རྒྱལ་ཏི་སེ་ནས་འབྱོར་བའི་གསར་འཕྲིན་ལྟར་ན།  མི་འགྱངས་པར་བོད་མདོ་དབུས་ཁམས་གསུམ་གྱི་གཞི་བདག་དག་གིས"རི་ཀླུང་མཁའ་ཁྱབ་ཚོགས་ཆེན"མཚོ་མ་པང་འགྲམ་དུ་བསྡུ་རྒྱུ་ཡིན་སྐོར་གྱི་གནས་ཚུལ་སླེབས་འདུག  

ddddd.png

      དེ་ཡང་ད་རེས་ཀྱི་ཚོགས་ཆེན་འདི་ནི་ཡར་ལྷ་ཤམ་པོས་གྲོས་མགོ་བཏོན་ནས་འཚོག་རྩིས་བྱས་པ་ཡིན་འདུག་ལ།   འཚོག་བརྡར་གཞིགས་ན།  ཚོགས་ཆེན་མདོ་འཛིན་ཡར་ལྷ་ཤམ་པོ་ཡིན་ཅིང་།  འཚོག་ཡུལ་མཚོ་མ་པང་འགྲམ་དུ་གཏན་འཁེལ་འདུག   བརྡ་ཐོར་བྲིས་པའི་ཚོགས་ཆེན་དུ་ངེས་པར་ཞུགས་དགོས་པའི་འཐུས་མི་དག་ནི།   དབུས་གཙང་དུ་ཡར་ལྷ་ཤམ་པོ་དང་གཉན་ཆེན་ཐང་ལྷ།  མདོ་སྨད་དུ་རྨ་ཆེན་པོམ་ར།   མདོ་སྟོད་དུ་སྒྱོགས་ཆེན་ལྡོང་ར་དང་ཇོ་བོ་གཡུལ་རྒྱལ།  རོང་ཡུལ་དུ།  ཁ་བ་དཀར་པོ་བཅས་ཡིན་འདུག   
 
4b775c4at59afeee1252e&690.jpg
 
de8f8c6eddc451da290670e9b4fd5266d116329e.jpg
                     
       གཤམ་ནི་ཡི་གེར་ཕབས་པའི་ཚོགས་ཆེན་བསྡུ་བའི་བརྡ་ཐོའོ།།
                                 
 རི་ཀླུང་མཁའ་ཁྱབ་ཚོགས་ཆེན་བསྡུ་བའི་བརྡ།
 
        རང་ཅག་གི་ཡུལ་ནི། གངས་ཀྱི་ར་བ། ཡུལ་གྱི་སྙིང་བོ། བྱིན་གྱིས་བརླབས་པའི་གནས། སྨོན་ལམ་ཐེབས་པའི་གྲོང་།  ས་མཐོ་རི་གཙང་ལ་འབྱུང་བཞི་རབ་ཏུ་ཤིས་པའི་ཞིང་ཁམས་ཁོ་ན་ཡིན་ཀྱང་། ད་ནི་སྙིགས་མ་ལྔ་བདོ་ཡི་མཐའ་ལ་ཐུག་ནས། བོད་ཀྱི་སྐྱེ་འགྲོ་ཀུན་གྱི་ཤེས་རྒྱུད་ལ་བགེགས་ཀྱིས་བརླམས། ནག་ཕྱོགས་ཀྱི་མི་དང་འདྲེ་གདོན་གྱི་དཔུང་ཁག་དར། གནའ་མིའི་སྲོལ་བཟང་བོ་ནི་ནུབ། མ་རུངས་པ་ཐམས་ཅད་དར། གཉན་པོ་རི་ལ་མཚོན་ཀྱིས་བསྣུན་ཏེ།  ས་ཡི་གཏེར་བླངས།  གད་སྙིགས་རྫོངས། ལྕགས་ཀྱི་རྟས་ལྷ་རིའི་དབུ་རྩེ་གནོན། བསང་ལ་རྫས་ཀྱིས་བསླད།  ཆབ་ལ་བཙོག་པས་བསླད།  མཚོ་དང་མཚེའུ། ཆུ་མིག་དང་གཙང་པོར་མི་གཙང་བ་འབའ་ཞིག་གཏོར་བས།     ཡུལ་ལྷ་དང་ཡུལ་བདག་ལ་གྲིབ་ཕོག ས་ཡི་བཅུད་ཉམས། སྐྱེ་འགྲོའི་གཡང་ཆག ཡུལ་ལྷ་གནས་ལས་ཕུད། རྗེ་བོ་གཉའ་ཁྲི་ནས་བརྒྱུད་པའི་སྐད་མི་སྨྲ། ཨ་གསར་གྱིས་སྦྲགས་སྐད་ལ་སློབ། རང་གི་ཤེས་རིག་གི་ཁུངས་མི་ཤེས། གཏིང་མི་ལོན་པའི་དུས་ངན་པ་ཁོ་ན་ཤར་བས་ན། སྔར་བླ་མ་དམ་པ་དང་བཙན་པོ་ཐུགས་རྗེ་ཅན་རྣམས་ལ་བོར་བའི་གཙིགས་ཀྱི་དམ་བཅའ་མི་འདོར་བ་དང་འདྲེ་རྒོད་བདུད་ངན་མི་ངན་ལས་ངན་བར་དུ་གཅོད་པ་དག་འདུལ་བའི་ཕྱིར་དུ།  ངེས་པར་ཞུགས་དགོས་པའི་རྒྱུན་ཞུགས་འཐུས་མི་དག་མ་གཏོགས།  ད་རེབ་བོད་ཁམས་སུ་བཞུགས་པའི་ཡུལ་ལྷ་གཞི་བདག་མཐའ་དག་ཀྱང་མཚོ་མ་པང་འགྲམ་དུ་གདན་གཅིག་ལ་འཛོམས་ནས་གྲོས་བྱེད་དགོས་པའི་བརྡ་འདི་བཏང་བ་ཐུགས་ལ་གཅག་པར་ཞུ་ཞུ་ཞུ། ། 

  
                                                                                                                 ཡར་ལྷ་ཤམ་པོས་ཕོ་བྲང་ཤེལ་ཕུག་ཏུ་ཟླ་ཚེས་བཟང་པོར་སྦྱར།            
 
20091124212844116528067.jpg
 
རྫོགས་སོ། །
 

དཔྱད་མཆན་ཡོད།