རི་དཀར་པོ་གློག་བརྙན་རིག་གནས་ཁྱབ་སྤེལ་ལྟེ་གནས།

rigabo.jpg

     ཟི་ལིང་རི་དཀར་པོ་གློག་བརྙན་རིག་གནས་ཁྱབ་སྤེལ་ཚད་ཡོད་འགན་ལེན་ཀུང་ཟི་ནི། དགའ་ཕྱོགས་དང་མོས་པ་མཐུན་པའི་ན་གཞོན་འགའི་འབད་བརྩོན་བརྒྱུད་དེ་སྤྱི་ལོ2010ལོར་བཙུགས་ཤིང་། དེའི་དམིགས་ཡུལ་ནི་རང་རེའི་མེས་པོ་ནས་བརྒྱུད་པའི་སྲོལ་རྒྱུན་རིག་གནས་འདི་ཉིད་དེང་རབས་ལག་རྩལ་དང་སྣ་མང་སྒྱུ་རྩལ་གྱི་ཐབས་ལམ་ལ་བརྟེན་ནས་སྲུང་སྐྱོབ་བྱེད་པ་དང་། དུས་རབས་དང་མཐུན་པའི་སྒོ་ནས་ཁྱབ་སྤེལ་གཏོང་བ་དེ་ཡིན།

rigabo1.JPG

    འདས་པའི་ལོ་ངོ་འདི་དག་གི་རིང་དུ་ཡང་།  ངེད་ཀུང་ཟིས་རིག་གནས་དང་སྤྱི་ཚོགས་ཡར་སྐུལ་ལ་དྲང་ཕྱོགས་ཀྱི་ནུས་པ་འདོན་ཐུབ་པའི་ལས་སྒོ་སྣ་མང་སྤེལ་མྱོང་བར་མ་ཟད། ཐག་ཉེ་རིང་དུ་སྤེལ་བའི་རིག་གནས་སྒྱུ་རྩལ་གྱི་བྱ་འགུལ་སྣ་ཚོགས་སུ་ཧུར་ཐག་རྦད་ཐག་གིས་ཟབ་ཞུགས་གནང་དེ། སྤྱི་ཚོགས་ལས་རིགས་སོ་སོའི་ཁྲོད་དུ་དགའ་བསུ་དང་གདེང་འཇོག་མི་དམན་པ་ཐོབ་ཡོད། དེ་ནི་ངེད་ཀུང་ཟིའི་ལས་བཟོ་བ་ཡོངས་རྫོགས་ཀྱི་ཧུར་སེམས་དང་བློ་གྲོས་ལ་ཁ་འབྲལ་ཐབས་མེད། 

rigabo3.JPG

    ཀུང་ཟིའི་ལས་གཞི་གཙོ་བོ་ནི། རྒྱང་བསྒྲགས་བརྙན་འཕྲིན་ལེ་ཚན་ཀྱི་ལས་སྒོ་སྣ་ཚོགས་སྟེ། གློག་བརྙན་སྐད་སྦྱོར་དང་བརྙན་རིས་སྒྲིག་བཟོ། (MV)བརྙན་ཕབ། པར་རིས་ཇུས་འགོད། དཔེ་ཆ་པར་སྐྲུན། དཔེ་དེབ་དང་འོད་སྡེར་གྱི་ཕྱི་ཤོག་ཇུས་འགོད། དགོངས་ཚོགས་དང་གླུ་ལེན་ཆེད་ཚོགས་ཀྱི་གར་སྟེགས་ཇུས་འགོད་དང་བརྙན་ལེན་སྒྲིག་སྦྱོར་སོགས་སྨྱན་བྱད་ལས་སྒོ་དང་འབྲེལ་བའི་བྱ་བ་བཕལ་ཆེར་བྱེད་ཀྱིན་ཡོད།

     ད་ལྟ་ཀུང་ཟི་འདིར་ལས་བཟོ་བ་ཉི་ཤུ་ལྷག་ཡོད་ཅིང་། དེ་ཡང་གློག་བརྙན་སྐད་སྦྱོར་གྱི་འཁྲབ་ཁྲིད་པ་དང་ལོ་ཙཱ་པ། བརྙན་ལེན་པ། བརྙན་རིས་སྒྲིག་བཟོ་པ། རོལ་མོ་སྒྲིག་བཟོ་པོ་དང་སྒྲ་ལེན་པ་བཅས་ཀྱིས་གྲུབ་ཡོད་ལ། དེ་ནི་སྙིང་སྟོབས་དང་ཡིད་ཆེས་ཀྱིས་རབ་ཏུ་ཕྱུག་པའི་ན་གཞོན་གྱི་དཔུང་སྡེ་ཞིག་ཡིན།

     བོད་སྐད་དུ་བསྒྱུར་བའི་བརྩམས་ཆོས་ལ། མུ་འབྲེལ་བརྙན་འཕྲིན《གཅེས་ཕྲུག》 《གནས་འཆུག་བུ་མོ》 《མི་སེར་རྒྱལ་ཁབ་ཀྱི་འདས་དོན》 སོགས་དང་། འགུལ་རིས་བརྙན་འཕྲིན《ལྷ་ལས་བབས་པའི་ཕག་མགོ་ཅན》 དང་ 《པའོ་ནག་སྟུག》སོགས་ཡོད།

དཔྱད་མཆན་ཡོད།