བརྙན་ཡིག་ཡིག་སྒྱུར་ཁྲོད་ཀྱི་ཡུལ་སྐད་གཅིག་གྱུར་སྐོར་གླེང་བ།

གླེང་གཞི།
   ད་ལྟ་རྒྱལ་ཁབ་དང་རྒྱལ་ཁབ། ཡུལ་ལུང་དང་ཡུལ་ལུང་བར་རིག་གནས་བརྗེ་སྤེལ་དང་ཉམས་མྱོང་གླེང་རེས་ཀྱི་ཐབས་ལམ་ཤིན་ཏུ་མང་ནའང་། དེ་ལས་མཆོག་དམན་བར་གསུམ་ཐམས་ཅད་དང་ཡིག་རྨོངས་ཡིན་མིན་ཐམས་ཅད་འཇུག་སྤྲོ་བའི་བྱེད་སྒོ་གཅིག་ནི་གློག་བརྙན་གྱི་རིག་གནས་འདི་ཡིན་ལ། དུས་རབས་ཉི་ཤུ་བའི་སྟོད་དུ་ཚོན་ལྡན་གློག་བརྙན་གྱི་མགོ་ཚུགས་པ་ནས་བཟུང་ཡུལ་དུས་ཀྱི་བཀག་རྒྱ་མེད་པར་རིག་གནས་བརྗེ་རེས་བྱེད་པའི་ལག་ཆ་ཤིན་ཏུ་གལ་ཆེ་བ་ཞིག་ཏུ་གྱུར་ཏེ། འཛམ་བུའི་གླིང་གི་ས་ཆ་སོ་སོ་ན་ཆེ་བ་རྒྱལ་སྤྱི་དང་གླིང་ཆེན། ཆུང་བ་རྒྱལ་ཁབ་སོ་སོ་ནས་ལོ་རེ་བཞིན་གློག་བརྙན་དུས་སྟོན་བསྡུས་ཏེ་ཕྱོགས་མཚམས་ཀུན་གྱི་སྐྱེ་བོ་རྣམས་ལ་ངོམ་པར་བྱེད་བཞིན་ཡོད་དོ། །

   དེ་དག་བོད་དང་འབྲེལ་བ་ཅི་འདྲ་སྙམ་ན། མགོ་ཚུགས་པའི་དུས་ནི་བཅོས་བསྒྱུར་སྒོ་འབྱེད་བྱས་རྗེས་ཡིན་པར་སྣང་སྟེ། འབྲེལ་ས་ཡང་གཙོ་བོ་རྒྱའི་གློག་བརྙན་དང་སྒྲུབ་མཁན་གཙོ་བོ་གཞུང་ཕྱོགས་ཀྱི་བརྙན་འཕྲིན་ལས་ཁུངས། ཐབས་ལམ་ཡང་གཙོ་བོ་སྐད་སྒྱུར་ཡིན། ཚོང་རའི་དཔལ་འབྱོར་འཕེལ་བ་དང་བསྟུན་ནས་སྤྱི་སྒེར་གྱི་གློག་བརྙན་ཀུང་ཟི་ཆེ་ཆུང་འགའ་རེ་བྱུང་ཡོད་ཅིང་། དེ་དག་གི་ཁྱབ་ཡུལ་གཙོ་བོ་ཨ་མདོའི་ཕྱོགས་ཡིན་ལ། བརྟག་དཔྱད་ལྟར་ན། ཨམ་ཕྱོགས་ཀྱི་གློག་བརྙན་ཀུང་ཟི་དེ་དག་གིས་ཀྱང་བསྒྱུར་བྱ་གཙོ་བོ་རྒྱའི་མུ་འབྲེལ་བརྙན་འཕྲིན་ཟློས་གར་དང་ཤང་ཀང་གི་གློག་བརྙན་སོགས་བྱེད་ཅིང་། ཕྱི་རྒྱལ་གྱི་གློག་བརྙན་རེ་འགའ་ཡང་བསྒྱུར་བར་ཡོད།

   ཡིན་ཡང་ད་ལྟའི་གནད་དོན་ཆེ་གཅིག་བྱུང་བ་ནི། གོང་གི་གློག་བརྙན་བརྙན་འཕྲིན་ཐམས་ཅད་སྐད་སྒྱུར་བྱས་པའི་རྐྱེན་གྱིས། ཡུལ་སྐད་མི་གཅིག་པའི་མིས་ལྟ་དུས་གོ་དཀའ་བ་དང་། ཐ་ན་མི་ཚེ་གང་བོར་བོད་ཡིག་སྦྱངས་པ་རྣམས་ཀྱི་ནང་ནའང་གོ་བ་ལོན་དཀའ་བའི་གནས་ཚུལ་བྱུང་བར་བརྟེན། སྐད་སྒྱུར་གཅིག་པུས་རིག་གནས་དང་བསམ་བློ་བརྗེ་སྤེལ་གྱི་ས་ཆོད་ཆུང་དུ་སོང་བས་ན་རང་བཞིན་གྱིས་བརྙན་ཡིག་ཡིག་སྒྱུར་གྱི་ཐབས་ལམ་འདི་ལ་མི་བརྟེན་རང་བརྟེན་དུ་གྱུར།

   བརྙན་ཡིག་ཡིག་སྒྱུར་ལ་གཤམ་གྱི་ཁྱད་ཆོས་འདི་དག་ལྡན་ཏེ། གཅིག སྤྱིར་གློག་བརྙན་འཕྲིན་གང་ཡིན་ཡང་ཐོག་མའི་སྐད་དེའི་ལམ་ནས་བརྗོད་འདོད་ཐམས་ཅད་ཇི་མ་ཇི་བཞིན་དུ་བརྡ་སྤྲོད་ཐུབ་མོད། སྐད་གཞན་ཞིག་ལ་སྐད་སྒྱུར་བྱས་རྗེས། དེའི་རིག་གནས་རྒྱབ་ལྗོངས་སོགས་ཀྱི་བྲོ་བ་རྣལ་མ་དེ་རིགས་ལྟ་མཁན་རྣམས་ཀྱིས་ཉམས་སུ་མྱོང་ཐུབ་པ་དཀའ་བར་བརྟེན། སྐད་སྒྱུར་ནི་ཐབས་ལམ་གཅིག་པུ་དེ་མིན་པར་འདོད། གཉིས། སྐད་དང་ཡི་གེ་གཉིས་ཆ་ལྡན་པའི་རིག་གནས་ཤིག་ལ་མཚོན་ན། དེ་གཉིས་ནི་གཅིག་ལ་གཅིག་བརྟེན་དང་གོམ་པ་མཉམ་བགྲོད་ཀྱི་ཐབས་ཀྱིས་འགྲན་རྩོད་རྦ་རླབས་བཞིན་དྲག་པོའི་དུས་རབས་འདི་རུ་འཚོ་ཐུབ་པ་མ་གཏོགས། དེ་གཉིས་རིང་དུ་གྱེས་པས་ན་གཅིག་འཕྲོ་གཅིག་བྱས་ཏེ་ལྔ་ལམ་དུ་འགྲོ་བ་ཐག་གིས་ཆོད་དེ། ཡི་གེ་མེད་པའི་སྐད་དང་སྐད་མེད་པའི་ཡི་གེ་གང་ཡང་ཁེར་ཚུགས་སུ་གནས་མི་ཐུབ་པའི་ཕྱིར་རོ། །གསུམ། དེ་ལས་ཀྱང་ཡུལ་སྐད་མང་པོའི་རང་རེ་ལ་མཚོན་ན། སྤྱི་འགྲོས་ཀྱི་སྐད་ཆགས་པ་ལ་ཡི་གེ་རྩ་བར་བྱ་བ་ལས་འོས་མེད་པས། འདི་ཉིད་ཐབས་མཆོག་ཅིག་ཏུ་སྙམ།

    དེ་ཡང་བརྙན་ཡིག་གི་གོ་དོན་རགས་ཙམ་བཤད་ན།བརྙན་ཡིག་ཅེས་པ་ནི་དབྱིན་ཡིག་གི"Subtitle"ཅེས་པའི་སྐད་དོད་ཡིན་ལ། རྒྱ་ཡིག་ཏུ"ཏྙབྷྲཱུྃ"ཟེར། མགོ་མར་རྒྱ་ཡིག་གཞིར་བཞག་སྟེ་ཡིག་བརྙན་ཞེས་བསྒྱུར་འདུག་མོད། བོད་རང་གི་བརྡ་སྐད་དང་ཅུང་མི་མཐུན་པར་སྙམ་ནས་བརྙན་ཡིག་ཏུ་བཅོས། དེའི་སྒྲ་མཚན་ཡང་གློག་བརྙན་འཕྲིན་གང་ཡང་རུང་བའི་བརྙན་གཟུགས་ཀྱི་ཐོག་ཏུ་གཞག་བྱའི་ཡི་གེ་ལ་བྱའོ་ཟེར་ན་མི་རུང་བ་མེད་དོ། །ཡི་གེ་དེ་ལMTVསོགས་ཀྱི་གླུ་ཚིག་དང་གློག་བརྙན་འཕྲིན་གྱི་འཁྲབ་ཚིག་སྟེ་མི་སྣའི་ཁ་བརྡ། སྔ་རྟིང་དུ་སྦྱོར་བའི་བརྙན་གཟུགས་ཆ་འཕྲིན་སོགས་ཡོད།

   དེ་ཡང་ཁ་ཅིག་གིས། འདི་ལྟར་བསྒྱུར་དུ་ཆུགས་ཀྱང་དེས་ནུས་པ་ག་འདྲ་ཞིག་ཆོད་ཡོང་སྙམ་ན། དུས་རབས་གསར་བར་བསྐྱོད་པ་ནས་བཟུང་ཡིག་ཚད་མཐོ་དམན་གང་ཡིན་ཡང་མི་རྣམས་ཀྱི་འཚོ་བ་གློག་བརྙན་འཕྲིན་རྩིས་འཕྲུལ་སོགས་དང་ཁ་འབྲལ་ཐབས་མེད་པར་གྱུར་ཡོད་ཅིང་། དེའི་ནང་ནས་ཀྱང་དུས་རབས་གསར་བའི་ན་གཞོན་རྣམས་གོང་གི་གློག་ཆས་དེ་དག་གི་འཛད་སྤྱོད་མཁན་དང་པོ་དང་གདོང་ལེན་པའི་གྲས་སུ་ཚུད་ཡོད། མི་རབས་གོང་མ་གོང་མའི་རིང་ལ་འགྲིམ་འགྲུལ་དང་ཚན་རྩལ་སོགས་ཅི་བས་དམན་པར་བརྟེན། མདོ་དབུས་ཁམས་གསུམ་ཡང་བར་ཐག་གིས་ཆོད་པ་ཞིག་ཏུ་བརྩི་ལ། དེ་ལྟར་ཡིན་ཡང་། ཡིན་པའི་དབང་གིས་བསམ་སྤྱོད་གཉིས་ཆ་ནས་ཁྱད་པར་བྱུང་བ་ཡིན་མོད། ད་ལྟའི་དུས་འདི་ལ་གོང་གི་འགལ་རྐྱེན་དེ་དག་ཀྱང་ཡལ་ཏེ། གློག་ལམ་སྨྱན་བྱེད་སོགས་དེང་གི་འཕྲུལ་ཆས་ཀྱི་མཐུན་རྐྱེན་འཛོམས་པར་བརྟེན། ཡུལ་ལུང་ཕན་ཚུན་ལ་རྒྱུས་ལོན་དང་ཆིག་སྒྲིལ་ཡོང་རྒྱུ་དང་། དེ་ལས་འགངས་ཆེ་བའི་སྤྱི་སྐད་ཆགས་རྒྱུར་དཀའ་ཁག་ཆེན་པོ་མེད་པར་བསམ།

   བརྙན་ཡིག་ཡིག་སྒྱུར་ལ་གོང་དུ་བཤད་པའི་འཕྲལ་ཕུགས་ཀྱི་དགེ་མཚན་ཤིན་ཏུ་ཆེན་ནའང་། ལས་རིགས་འདིའི་གོ་རིམ་ཁྲོད་གཉན་འཕྲང་ཡིན་ལ། ཀུན་གྱིས་དོ་གལ་བྱེད་དགོས་པ་གཅིག་ནི། ཡིག་སྒྱུར་བྱེད་དུས་ཀྱི་རྩ་དོན་དང་ཡུལ་སྐད་འདོར་ལེན་བྱེད་སྟངས། ཡུལ་སྐད་བར་གྱི་འགལ་འབྲེལ་ཅི་རིགས་སེལ་ཐུབ་བྱ་རྒྱུ་དེ་ཡིན་པར་ངེས་ཤིང་། བརྒྱ་ལ་བསྒྱུར་ཉེས་ཤོར་ན་ཁེ་ལས་གྱོང་ཆེན་པོ་ཞིག་ངེས་པར་ཡོང་སྲིད་པས། འདིའི་སྐོར་རང་ནུས་གང་ལྕོགས་ཀྱིས་བཤད་པར་བྱ་སྟེ།

   སྤྱིར་བོད་ཀྱི་ཡུལ་སྐད་དབྱེ་སྟངས་ལ། ཕྱི་གླིང་བའི་ལུགས་རིགས་གཉིས་སམ་གསུམ། བཞི་སོགས་འགའ་རེ་འདུག་པ་དེ་དག་ནི་ཡུལ་སྐད་ཀྱི་དབྱེ་བ་ཤིན་ཏུ་ཞིབ་པའི་དབང་དུ་བྱས་པ་ཡིན་ལ། འདིར་བརྙན་ཡིག་བསྒྱུར་དུས་སྤྱིའི་ཆ་ནས་རྒྱལ་ནང་གི་དབྱེ་ལུགས་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ཆེན་པོ་གསུམ་གྱི་བགོ་སྟངས་ལྟར་བཤད་པར་བྱ་སྟེ། ཡུལ་སྐད་ཆེན་པོ་རེའི་ཁོངས་སུའང་ལུང་སྐད་ཆུང་ངུའམ་སྐད་ཀྱི་དབྱེ་ཕྱོགས་ཐ་དད་པ་འགའ་རེ་མཆིས་རུང་། ཆེ་ཕྱོགས་ནས་ཁྱད་པར་དེ་ཙམ་མ་མཆིས་ཤིང་། མཆིས་པ་ཁ་ཤས་ཡོད་པ་དེ་དག་ཀྱང་ལུང་སྐད་ཐག་ཆོད་དུ་སོང་བར་བརྟེན། ཆེད་གཉེར་གྱིས་ཞིབ་འཇུག་བྱེད་ན་མ་གཏོགས་བརྙན་ཡིག་བསྒྱུར་དུས་རྩ་བར་འཛིན་པའི་དགོས་པ་མེད་པར་སྙམ་ནས་བཏང་སྙོམས་སུ་བཞག་གོ།

   དང་པོ། སྒྲ་གདངས་གཤིབ་བསྡུར།

   སྒྲ་གདངས་གཤིབ་བསྡུར་ནི་བརྙན་ཡིག་ཡིག་སྒྱུར་དང་ཐད་ཀར་འབྲེལ་བ་མེད་ནའང་། བརྙན་ཡིག་ཡིག་བསྒྱུར་གྱི་དམིགས་ཡུལ་ཡང་སྤྱི་སྐད་ཡིན་ཞིང་། སྤྱི་སྐད་ཡིན་ན་ངེས་པར་དུ་སྤྱིའི་སྒྲ་གདངས་ཤིག་ངེས་པར་མཁོའོ། །དེ་ལ་བོད་བྱེས་པ་དག་ནི་མདོ་དབུས་ཁམས་གསུམ་གྱི་ཡུལ་ལུང་སོ་སོ་ནས་ཡོང་ཕྱིར། ཁོ་ཚོའི་སྤྱི་སྤྱོད་ཀྱི་སྐད་ཀྱི་གདངས་དེ་ནི་སྤྱིའི་སྒྲ་གདངས་སུ་བཞག་ན་འོས་པར་མཐོང་ལ། སྐད་དེ་ཡང་གཙོ་བོ་དབུས་གཙང་གི་ཡུལ་སྐད་ཀྱི་སྒྲ་གདངས་རྨང་གཞིར་བྱས་པ་ཡིན་པས། རིམ་གྱིས་མདོ་དབུས་ཁམས་གསུམ་གྱི་སྒྲ་གདངས་ཀྱང་འདི་ལ་ཕྱོགས་པར་ངེས། དབུས་ལྷ་སའི་སྐད་སྤྱི་སྐད་ཀྱི་རྩ་བར་འཛིན་དོན་ཡང་ལྷ་ས་བོད་ཀྱི་ཆབ་སྲིད། རིག་གནས། དཔལ་འབྱོར་གྱི་ལྟེ་བ་ཡིན་པའི་ཕྱིའི་ཆ་རྐྱེན་ཙམ་གྱིས་མི་ཚད་པར། ཡུལ་སྐད་འདི་ཉིད་སྐད་རིགས་སྤྱིའི་འགྲོ་ལུགས་ལྟར་ང་རོ་གསར་དུ་བྱུང་བ་ལ་སོགས་ནང་གི་མཐུན་རྐྱེན་ཐམས་ཅད་ཚང་བས་སོ། །དེང་དུས་ཨ་མདོའི་མཁས་པ་འགའ་རེས་ད་དུང་ཡང་ཨུ་ཚུགས་མཁྲེགས་འཛིན་གྱིས་དབུས་སྐད་སྤྱི་སྐད་ཀྱི་རྩ་བར་འཛིན་པར་མི་འཐད་པར་སྟོན་མོད། སྲིད་ཇུས་ཀྱིས་གཏན་འབེབས་ཚར་བ་མ་ཟད། དེ་གཏན་ལ་ཕབ་པ་ཆོས་ཉིད་དང་ཡང་མཐུན་པས་ཨ་འཐས་བྱེད་དོན་མི་འདུག

   མདོ་དབུས་ཁམས་གསུམ་གྱི་གསལ་བྱེད་ཀློག་སྟངས་དང་སྔོན་མིང་རྗེས་གསུམ་སོགས་སྦྱར་བས་སྒྲ་གདངས་ཅི་རིགས་སུ་འགྱུར་ནའང་། རེའུ་མིག་ཏུ་བྲིས་ན་མང་དུ་དོགས་ཏེ། འདིར་སྤྱི་སྐད་ཀྱི་རྩ་བར་གྱུར་པའི་དབུས་སྐད་ཀྱི་ཁྱད་ཆོས་ཅུང་ཟད་བྲིས་པས་འཐུས་པར་མཐོང་ངོ་། །

   དབུས་སྐད་ཀྱི་ཁྱད་ཆོས་ལ། དང་པོ་གསལ་བྱེད་སུམ་ཅུའི་ནང་སྒྲ་ལྡན་ཡལ་ཅིང་། སྔོན་རྗེས་མགོ་འདོགས་ཀྱི་སྒྲ་ཉམས་ཏེ་བརྡ་ཐ་སྙད་ཀྱི་དབྱེ་བ་ང་རོའི་སྟེང་ནས་འབྱེད་པ་བྱུང་བ་དང་། ང་རོ་གསར་བ་བཞི་ཙམ་བྱུང་ཡོད། འདི་སྐད་ཀྱི་ཆོས་ཉིད་དང་ཡང་མཐུན་ལ། ཨམ་སྐད་དང་ཁམས་སྐད(ཁམས་སྐད་ལ་ང་རོ་ཁ་ཤས་བྱུང་ཡོད)ལའང་རིམ་གྱིས་འདི་ལྟ་བུའི་འགྱུར་བ་ཡོང་རྒྱུ་སྨྲ་མ་དགོས་ཏེ། བོད་སྐད་ཀྱི་ཕྱི་མོར་འབོད་པའི་རྒྱལ་རོང་སྐད་ནས་ཨམ་སྐད་དང་ཁམས་སྐད། དབུས་གཙང་སྐད་སོགས་གཞུང་ཕྱོགས་ཀྱི་ལོ་རྒྱུས་ལས་ཀྱང་ཆོས་ཉིད་འདི་གསལ་བྱེད་བྱ་ཐུབ་ལ། ཐ་ན་ཡུལ་ལུང་གཅིག་ལ་མཚོན་ནའང་དེ་ལྟར་ཡིན་ཏེ། ལོ་ལྔ་བཅུའི་གོང་གི་ཨ་མདོའི་རྩེ་ཁོག་གི་སྐད་དང་ད་ལྟའི་སྐད་གཉིས་ལ་ཁྱད་པར་ཤོར་ཚར་བ་ལྟ་བུ་བདེན་པར་གྲུབ་པའོ། །

   བརྙན་ཡིག་ལོ་ཙཱ་ལྟ་བུར་གཙོ་བོ་མིང་བརྡ་དང་བརྡ་སྤྲོད་གཉིས་གལ་ཆེ་བ་ལས། སྒྲ་གདངས་དང་ཐད་ཀར་འབྲེལ་བ་མེད་མོད། འདིར་རང་ཉིད་ལ་རྒྱུས་ཅུང་ཟད་ཡོད་པའི་དབུས་གཙང་དང་རྩེ་ཁོག་གི་སྐད་གཉིས་བསྡུར་བ་ཅུང་ཟད་བྱ་སྟེ།

   ཨམ་སྐད་དུ་བརྡ་རྙིང་པ་མང་པ།

   ཐ་སྙད། དབུས་སྐད། རྩེ་ཁོག་སྐད། མི། མེ། མིག གྲི ཁྲིད། བསླབས།

   འདི་ལས་དཔེ་དྲངས་པའི་ཐ་སྙད་དག་ཀྱང་སྔར་གྱི་བརྡ་རྙིང་རྣམས་སུ་ཡོད་པ་ལྟར་སྤྱོད་ཀྱིན་ཡོད་ཅིང་།

   ཐ་སྙད། དབུས་སྐད། རྩེ་ཁོག་སྐད། སྟག རྟ། གནམ། ཐར།

   གོང་གི་འདི་ལས་ཀྱང་དབུས་གཙང་སྐད་དུ་མགོ་འདོགས་ཀྱི་སྒྲ་ཉམས་ཏེ། དེའི་ང་རོ་གསར་བས་ཐ་སྙད་ཀྱི་ཁྱད་པར་འབྱེད་ཚུལ་སོགས་ཤེས་ཐུབ་ལ། ཨམ་སྐད་ལས་འབྲོག་སྐད་ཀྱི་དབང་དུ་བྱས་ཏེ། ད་དུང་སྔོན་རྗེས་མགོ་ཅན་གྱི་སྒྲ་གདངས་ཟུར་ཅུང་ཟད་ཡོད་མོད། ཤིན་ཏུ་དྲག་པོ་ནི་མེད་པར་ངེས།

   མདོར་ན། གོང་གི་རེའུ་མིག་དེ་གཉིས་ནི་མཚོན་དཔེར་དྲངས་པ་ཙམ་ཡིན་ལ། འགྲིམ་འགྲུལ་དང་མིའི་འབྲེལ་ཐབས་སྣ་ཚོགས་དར་རྒྱས་སུ་སོང་བ་དང་བསྟུན་ནས་ཡུལ་སྐད་སོ་སོར་ཡང་འགྱུར་བ་ཆེན་པོ་ཐེབས་ངེས་ཤིང་། ཡུལ་ཆེན་པོ་གསུམ་དུ་གནས་པའི་མི་རྣམས་ཕན་ཚུན་གྱི་སྐད་ལ་རྒྱུས་མངའ་ཡོད་ནས། མཐར་ཀུན་གྱིས་གོ་ཞིང་སྤྱོད་ཐུབ་པའི་སྤྱི་སྐད་ཅིག་ཆགས་པར་གདོན་མི་ཟ།

   གཉིས་པ། མིང་བརྡའི་གཤིབ་བསྡུར།

   བརྙན་ཡིག་ཡིག་སྒྱུར་བྱེད་སྐབས་ཚིག་གི་རྩ་བར་གྱུར་པའི་མིང་བརྡ་བསྒྱུར་སྟངས་ནི་ཤིན་ཏུ་གལ་ཆེ་བ་ཞིག་རེད། དེའི་རྒྱུ་མཚན་ཡང་མདོ་དབུས་ཁམས་གསུམ་ས་ཆ་སོ་སོར་གནས་པས་རིག་གནས་འགྲོ་འོང་བྱེད་ཡུལ་མི་གཅིག་ཅིང་། སྔོན་ཆད་ཀྱི་ཆོས་སྐད་དམ་བསྟན་བཅོས་ཀྱི་སྐད་ཆས་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་མ་ཐུབ་པའམ། སྐད་ཆ་བརྗེས་བཤད་ན་སྔོན་མའི་སྤྱི་སྐད་དེ་ཉིད་སྐད་འགྱུར་བ་དང་བསྟུན་ནས་གོམ་པ་མཉམ་སྤོས་བྱས་མ་ཐུབ་པའི་དབང་གིས། ཕྱིས་སུ་ཡིག་སྐད་དང་ཁ་སྐད། ཡུལ་སྐད་ཅེས་ཕྱོགས་སོ་སོར་ཐོར་བ་ཡིན་ལ། དེ་མིན་པར་ཡི་གེར་ཕབ་པ་དང་ཁ་ནས་བཤད་པ་གཉིས་ཇི་མ་ཇི་བཞིན་དུ་བྱུང་ཡོད་ཚེ་འདི་ལྟ་བུའི་གནས་སྟངས་ཤིག་འབྱུང་མི་སྲིད་པ་སྙམ། དེའི་རྒྱུ་རྐྱེན་ཡང་སྔོན་ཆད་རིག་གནས་ཀྱི་ལྟེ་བ་ལྟ་བུ་ནི་དགོན་པ་ཡིན་ལ། དགོན་པ་ནས་ཐོས་བསམ་བྱས་པའི་གྲྭ་བ་ནི་དུས་སྐབས་དེའི་བོད་ཀྱི་རིག་གནས་པ་དང་རིག་གནས་ཀྱི་ཁྱབ་ཁོངས་ཡོངས་རྫོགས་ལ་དབང་སྒྱུར་བྱེད་མཁན་ཡིན་ལ། ཁོ་ཚོས་ཆོས་ཀྱི་བསྟན་བཅོས་རྣམས་རྒྱབ་རྩར་བཞག་སྟེ། ཡུལ་སྐད་དང་ལུང་སྐད་ལ་གྲོང་ཚིག་ཅེས་ཐ་སྙད་དག་དུས་ཐོག་ཏུ་བསྡུ་སྒྲིག་མ་བྱས་པར་བརྟེན། ཕྱིས་སུ་ཁ་སྐད་དང་ཡིག་སྐད་གཉིས་ཀྱི་བར་ཐག་དེ་བས་ཀྱང་རིང་དུ་སོང་བ་ཡིན།

   ཁ་སྐད་ལ་ཡོད་ཀྱང་ཡིག་ངོར་ཕབ་མེད་པ་དག་ཐ་སྙད་དངོས་ཀྱི་གྲལ་དུ་རྫོངས་དགོས་ན་དག་ཡིག་དང་མིང་མཛོད་ཀྱི་ཐབས་ལམ་ལས་གཞན་མེད་ལ།ཨམ་སྐད་ལ་མཚོན་ན།《དག་ཡིག་གསར་བསྒྲིགས》ཀྱིས་ཨ་མདོའི་ཡུལ་སྐད་ཤིན་ཏུ་མང་པོ་ཞིག་ཡིག་ངོར་གཏན་ལ་ཕབ་སྟེ་འབྲི་ཆོག་ཆོག་བཟོས་འདུག་མོད། ད་དུང་ཡང་མང་དག་ཅིག་གཏན་ལ་ཕབ་ཐུབ་མེད། ད་ལྟ་རྒན་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་གཙོ་སྒྲིག་བྱེད་ཀྱིན་པའི《བོད་ཡིག་ཚིག་མཛོད་ཆེན་མོ》རུ་ཁམས་ཀྱི་ཡུལ་སྐད་སོགས་ཡུལ་སྐད་མང་པོ་ཞིག་བསྡུ་སྒྲིག་བྱས་འདུག་མོད། ཡུལ་སྐད་ཀྱི་ཁུངས་ལུང་གང་ཡིན་པ་ཁ་མི་གསལ་བའི་སྐྱོན་ཆེ་ཞིག་ཀྱང་སྣང་།

   བརྙན་ཡིག་ལ་ཡུལ་སྐད་ཀྱི་ཐ་སྙད་འདི་དག་གཙོ་ཆེ་དོན་ཅིའི་ཕྱིར་ཡིན་སྙམ་ན། བཤད་པར་བྱ་སྟེ། སྔར་གྱི་བསྟན་བཅོས་ཚད་ལྡན་དག་གི་ཐ་སྙད་དག་གཞིར་བྱས་ཏེ་མི་རྣམས་འབྲེལ་འདྲིས་བྱས་ན་མི་ཐུབ་པའང་མ་ཡིན་མོད། མིའི་རིགས་ཀྱི་བརྩེ་བ་དངོས་སམ་དམར་རྗེན་དུ་སྟོན་བྱེད། མིའི་རིགས་ཀྱི་གཤིས་དང་ཆེས་ཉེ་བ་ལ་སྤྱོད་ཆེ་བ། གདོད་གཤིས་དང་བར་ཐག་ཉེ་ཤོས་ནི་རང་བཞིན་གྱི་ཕལ་སྐད་ཡིན་པ་ལས་བསྟན་བཅོས་ཀྱི་ཐ་སྙད་སོགས་མིན་ཏེ། ཕྲུ་གུ་བཙས་པའི་ཉིན་ནས་བག་ཆགས་སུ་བཞག་པ་དང་པོ་ནི་ཕ་མའི་ཕལ་སྐད་འབའ་ཞིག་དང་། རྗེས་སུ་རིམ་གྱིས་ཐ་སྙད་ཀྱི་བག་ཆགས་གཉིས་པ་ཞིག་རྒྱུད་དུ་བཞག་པ་ཡིན་ཞིང་། འདི་གཉིས་ལས་དང་པོ་ནི་མིའི་རང་བཞིན་དང་ཆེས་ཉེ་བ་དེ་ཡིན་ནོ། །དཔེར་ན། རྟ་བདུན་དབང་པོ་ཤར་བྱུང་ཞེས་པ་ལས། ཉི་མ་ཤར་བྱུང་ཞེ་ན་ཉི་མ་དེ་ཉིད་བརྡ་དེ་དང་སེམས་ཤིན་ཏུ་ཉེ་བས་སྙིང་ཉེ་བའི་སྣང་བ་སྟེར་ལ། རྟ་བདུན་དབང་པོ་ཞེ་ན་བེམ་གཟུགས་ལྟ་བུ་ཞིག་སྣང་བ་ལས་མིའི་བརྩེ་བ་འདྲེས་པའི་ཐ་སྙད་ཅིག་ཏུ་མི་བྱེད་དོ། །

   དེར་བརྟེན། གློག་བརྙན་བརྙན་ཡིག་བསྒྱུར་དུས་ཀྱང་རང་གི་ཡུལ་སྐད་གང་ཡིན་པ་དེ་གཞིར་བཞག་གིས་དེའི་ཐ་སྙད་སོགས་བཞག་ཆོག་མོད། ཡུལ་ལུང་གཞན་གྱིས་རྦད་དེ་གོ་ནོར་ཐེབས་ས་དེ་འདྲ་ཡོད་ན་ངེས་པར་སྤང་དགོས། དཔེར་ན། སྡོང་བོར་འཛེགས་ལྟ་བུའི་བྱ་ཚིག་འཛེགས་ལ་ཨམ་སྐད་དུ་འཁྲིག་པ་སྤྱད་པའི་དོན་ཡང་ཡོད་པས། ཚིག་བསྒྱུར་ཏེ་སྡོང་མགོར་འགོས་སམ་ཡང་ན་སྡོང་བོར་འགོས་ཞེས་བྱ་དགོས། འདིའི་གནད་འདི་དག་ཤེས་དགོས་ན། བརྙན་ཡིག་ལོ་ཙཱ་བ་དེ་ངེས་པར་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ལ་བྱང་ཆ་ཡོད་དགོས་པ་དེའོ། །

   བརྗོད་དོན། དབུས་སྐད། ཨམ་སྐད།

   བཟའ་བྱའི་ཟས། ཟ་མ། ཁོག་སྟོད་དུ་གྱོན་བྱའི་གོས། སྟོད་ཐུང་། ཚི་ལེན། ངག་ནས་ལེན་བྱ། གཞས། གླུ མཛུབ་མོར་དཀྲི་བྱེད་ཀྱི་རྒྱན་ཆ་ལ། ཚིགས་ཁེབས། མཛུབ་དཀྲིས།

   ཨམ་སྐད་དང་དབུས་སྐད་གཉིས་ཀྱི་ཐ་སྙད་ཀྱི་ཁྱད་པར་གཞན་ཞིག་ནི་ཞེ་ཚིག་འདི་ཉིད་དུ་ངེས་ཏེ།ཨམ་སྐད་ཀྱི་ནང་དུ་སྤྱིར་བཏང་ཞེ་ཚིག་སྤྱོད་པ་ཉུང་ལ། སྤྱོད་པ་དེའང་བླ་མ་དཔོན་པོ་སོགས་ལ་མ་གཏོགས་མི་སྤྱོད། ལོ་ཆུང་ཞིག་རྒན་པོ་མགོ་དཀར་དཀར་ལུ་གུ་ལྟ་བུ་ཞིག་དང་འཕྲད་དུས་ཀྱང་།

   "ཨ་ཁུ། ཨ་པ།"ཁྱོད་གང་ང(དུ)འགྱོ་(འགྲོ)རྒྱུ།

   ཞེས་པ་ལྟ་བུ། འདྲ་མཉམ་དུ་སྤྱོད་པ་ལས་གུས་ཚིག"ཁྱེད""ཁྱེད་རང""ཕེབས"ལྟ་བུ་མི་སྤྱོད་ཅིང་། དབུས་གཙང་ལ་མཚོན་ན། སྔོན་ཆབ་སྲིད་ཀྱི་དགོས་མཁོ་དང་རིག་གནས་མཁའ་དབུགས་སྟུག་པོའི་འོག་ཞེ་སའི་ཚིག་མང་དུ་བྱུང་བར་མངོན།

   བརྙན་ཡིག་ལོ་ཙཱ་བྱེད་པའི་དུས་སུ་གློག་བརྙན་བརྙན་གཟུགས་ནང་དངོས་སུ་གུས་ཉམས་མཚོན་གྱིན་མེད་ཚེ། སྤྱིར་བཏང་གི་ཐ་སྙད་སྤྱད་པས་འཐུས་སོ། །

   ཨམ་དབུས་གཉིས་ཀྱི་མིང་བརྡའི་ཁྱད་པར་གཞན་གཅིག་ནི། སྐད་རིགས་མི་འདྲ་བ་དང་འབྲེལ་འདྲིས་བྱས་པ་ལས་བྱུང་བའི་གཡར་མིང་མི་འདྲ་བ་དག་སྟེ། དེ་ལ་དབུས་གཙང་དང་ཨ་མདོ་གཉིས་དུས་ཕྱིས་ལོ་རྒྱུས་དང་ཡུལ་བབ། དུས་བབ་མི་འདྲ་བའི་དབང་གིས་ཤར་ནས་རྒྱ་ནག་དང་འབྲེལ་ཞིང་། ལྷོ་ནུབ་ནས་རྒྱ་གར། དབྱིན་ཇི་སོགས་དང་འབྲེལ་བ་ཚུགས་ཏེ། དེ་དག་གི་རིག་གནས་དང་འབྲེལ་འདྲིས་མང་ཙམ་བྱུང་ཞིང་། མི་རིགས་དེ་དག་གི་ཐ་སྙད་ཀྱང་བོད་རང་གི་མིང་བརྡའི་གྲས་སུ་ཚུད་པར་བྱས་ཡོད་དེ།

   བརྗོད་དོན། དབུས་གཙང་། ཨ་མདོ། ཇ་སྣོད། གྷི་ལ་སི། སླེཙོ ནས་སྒྲ་གཡར་ཏེ་ཚ་པི། (དེང་སང་ཇ་ཕོར་ཟེར་བ་མང) འཕྲུལ་ཆས་ཤིག མོ་ཊ། སྔོན་ཆད ཙྪྲཱསྭེ ཞེས་པའི་སྒྲ་གཡར་ཏེ་ཆི་ཁྲེ(དེང་སང་རླངས་འཁོར་ཟེར)འཕྲུལ་ཆས་ཤིག རི་ལི། སྔོན་ཆད ཧཱིཾསྭེ ཡི་སྒྲ་གཡར་ཏེ་ཧྭོ་ཁྲེ(དེང་སང་མེ་འཁོར་ཟེར) ཆབ་སྲིད་ཚོགས་པ་ཞིག གུང་ཁྲན་ཏང་། གུང་ཁྲན་ཏང་།

   སྐལ་བཟང་འགྱུར་མེད་ཀྱིས་བརྩམས་པའི《བོད་ཀྱི་ཡུལ་སྐད་རྣམ་བཤད》དུ། "ཨ་མདོའི་ཡུལ་ནི་རྒྱ་དང་འབྲེལ་བས་ལོ་རྒྱུས་ཀྱི་འབྲེལ་བ་ཟབ། གཡར་ཚིག་ཀྱང་རང་བཞིན་གྱིས་མང་།

   རྒྱལ་སྤྱིའི་སྒྲ་གདངས། རྒྱ་ཡིག ཀྼ རྨྱིགྶི ངུཏྩ རྨྱིཀཱུ ཎྭུ ཉྭཱཊྐཽ ཊྷཙཻ ཞེས་ཐ་སྙད་ལྔ་བཅུ་ལྷག་དྲངས་འདུག་མོད། འདི་དག་ལ་གཡར་ཚིག་དངོས་ཀྱི་མཚན་ཉིད་ནི་མི་ཚང་བར་སྙམ་སྟེ། གཡར་ཚིག་ཅིག་ཡིན་ན། གཡར་མཁན་མི་རིགས་གང་གི་སྐད་ཡིག་ནང་དུ་གཏན་ཆགས་སུ་གཏན་དགོས་པ་དང་། བསྟན་བཅོས་རྣམས་སུའང་སྤྱོད་དགོས་མོད། གོང་གི་དེ་དག་ཚད་ལྡན་གྱི་བརྩམས་ཆོས་རྣམས་སུ་བྲིས་པ་གཏན་ནས་མེད་ལ། ཚད་ལྡན་གྱི་དག་ཡིག་མིང་མཛོད་རྣམས་སུ་དེ་བས་ཀྱང་གཏན་ལ་ཕབ་མེད་པས། མི་རབས་གོང་མའི་ཞིང་འབྲོག་ཡི་གེར་རྨོངས་པ་དག་གི་སྐད་དག་གཡར་ཚིག་གི་ཁོངས་སུ་བཞག་པ་ནི་ཤིན་ཏུ་མ་དག་པའོ། །དེ་ལས་རེའུ་མིག་སྔོན་མར་བཀོད་ཡོད་པའི་ཆབ་སྲིད་དང་འབྲེལ་བའི་ཀྲུའུ་ཞི། ཨུ་ཡོན་གྱི་ཐ་སྙད་རྣམས་དང་ཀུང་ཟི་སོགས་ནི་གཡར་ཚིག་དངོས་ཡིན་ནོ། །

   དེ་ཡང་གཡར་ཚིག་སྐོར་ལ་འདི་སྙམ་དུ་བསམས་ཏེ། མི་རིགས་གང་ཞིག་རང་ཉིད་དང་རིག་གནས། ལོ་རྒྱུས། ཆབ་སྲིད་སོགས་འབྲེལ་ཆེ་བའི་མི་རིགས་གཞན་ཞིག་ནས་གཡར་ཚིག་སྤྱོད་པར་ཤིན་ཏུ་གཟབ་དགོས་ལ། ལྷག་པར་དེང་སང་གི་ཆ་འཕྲིན་དུས་རབས་ཀྱི་སྐབས་འདིར་བརྡ་ཐ་སྙད་ཀྱང་ཀློང་རྡོལ་བ་ལྟར་ཡོང་བཞིན་ཡོད། འུ་ཅག་བོད་ལ་མཚོན་ན། ད་ལྟའི་བར་རིག་གནས་དང་ཡུལ་བབ་གང་ཆ་ནས་རྒྱ་རིགས་དང་འབྲེལ་བ་ཤིན་ཏུ་ཆེ་བས། མི་མངོན་པའི་རིག་གནས་ཀྱི་སིམ་འཛུལ་གྱི་ཉེན་ཁ་ཡང་དེ་ལྟར་ཆེ་བས། ཐ་སྙད་གསར་བཟོའི་དུས་སུའང་ཕྱི་རྒྱལ་སོགས་ཁ་ཐག་རིང་བའི་རྒྱལ་ཁབ་དང་མི་རིགས་ནས་གཡར་ཚེ་རིག་གནས་ཀྱི་ངོ་བོ་བསྒྱུར་བའི་ཚད་དུ་ཐོན་དཀའ་ལ། མདོར་ན། མི་རིགས་རང་དང་ཇི་ལྟར་ཉེ་ན་རིག་གནས་གཞན་བསྒྱུར་གྱི་ཉེན་ཁ་ཡང་དེ་ལྟར་ཆེ་བས། མིང་བརྡ་གང་བྱུང་དུ་གཡར་རུང་བ་མ་ཡིན་ནོ། །

   དེ་ལ་བརྙན་ཡིག་བསྒྱུར་དུས། དབྱིན་ཡིག་སོགས་ཕྱི་ཡིག་ནས་ཐད་ཀར་བོད་ཡིག་ཏུ་བསྒྱུར་ཐུབ་ན་རབ་ཡིན་པར་སྙམ་སྟེ། ད་ཆའི་མི་རབས་འདི་ལ་རྒྱའི་རིག་གནས་དང་། ཐ་ན་དེའི་ཐ་སྙད། བརྡ་སྤྲོད་སྟངས་སོགས་ཀྱི་ཤན་ཤུགས་ཆེར་ཐེབས་ཡོད་པས། ལོ་ཙཱའི་གནས་སྐབས་ནའང་། "མིང་དང་མིང་ཐོད་གཏུགས་ལ། ཕྲད་དང་ཕྲད་ཐོད་གཏུགས་ནས་བསྒྱུར"བ་ལྟ་བུ་འབྱུང་སླ་བར་བརྟེན།གཟབ་གཟབ་གནང་དགོས་པར་གདའོ། །

   གསུམ་པ། བརྡ་སྤྲོད་གཤིབ་བསྡུར།

   བརྙན་ཡིག་ལོ་ཙཱའི་ཁྲོད་ཀྱི་དཀའ་གནད་ཆེ་ཤོས་ནི་བརྡ་སྤྲོད་གཤིབ་བསྡུར་འདི་ཉིད་རེད། བརྙན་ཡིག་ལོ་ཙཱ་ནི་སྤྱིར་བཏང་གི་ལོ་ཙཱ་གཞན་དང་མི་མཚུངས་པར་འདོད་དེ། འདི་ནི་གཙོ་བོ་ཕལ་སྐད་དམ་འཚོ་བའི་ནང་རྒྱུན་སྤྱོད་ཀྱི་སྐད་འགྲོས་ཇི་བཞིན་ལོ་ཙཱ་བྱེད་པ་ལས་བསྟན་བཅོས་སམ་རྩོམ་རིག་ཡིག་སྒྱུར་བྱེད་པ་ནང་བཞིན་མི་བྱེད་དོ། །དེའི་རྒྱུ་མཚན་ནི། གློག་བརྙན་བརྙན་གཟུགས་ཁྲོད་ཀྱི་མི་སྣའི་སྐད་ཆ(ཆེད་དམིགས་གློག་བརྙན་ཕུད)ནི་འུ་ཅག་གིས་སྤྱིར་བཏང་གི་འཚོ་བའི་ནང་ནར་མར་བཤད་ཀྱིན་པ་འབའ་ཞིག་ལས་གཞན་མ་ཡིན།

   བརྙན་ཡིག་ཡིག་སྒྱུར་གྱི་དམིགས་བྱ་ཡང་མདོ་དབུས་ཁམས་གསུམ་གྱི་ལྟ་མཁན་ཡོངས་ཀྱིས་གོ་ཐུབ་པའི་ཆེད་དུ་ཡིན་པས་ན། བརྡ་སྤྲོད་ལུགས་ཀྱི་གནད་དོན་འདི་ནི་ཤིན་ཏུ་འགངས་ཆེན་དུ་སྣང་ཞིང་། ཡུལ་སྐད་ཆེན་པོ་གསུམ་ལས་ཀྱང་ཁམས་སྐད་ལ་ཡན་ལག་ཤིན་ཏུ་མང་བས་ཅུང་དཀའ་བར་འདུག་པས། འདིར་རེ་ཞིག་བཏང་སྙོམས་སུ་བཞག་སྟེ། དབུས་སྐད་དང་ཨམ་སྐད་གཉིས་ཀྱི་ཚིག་གི་འགྲོ་ལུགས་སོགས་རགས་ཙམ་གླེང་བར་བྱ་སྟེ།

   དེང་དུས་འཛམ་གླིང་སྤྱི་པའི་སྐད་ཡིག་ནང་སྤྱོད་པའི་བརྡ་རྟགས་ལས་རང་ལ་མཁོ་བ་རྣམས་ནི་ངེས་པར་སྤྱོད་དགོས་པར་སྣང་སྟེ། ཚད་ལྡན་གྱི་བསྟན་བཅོས་དང་གཞུང་རྣམས་སུ་སྔར་གྱི་སྲོལ་ལུགས་ཇི་བཞིན་དྲི་བ་ལ་གམ་ངམ་དམ་ནམ་སོགས་དང་། སྐུལ་མ་ལའང་གང་ལ་གང་ཡིན་སྦྱར་ཆོག བརྙན་ཡིག་ཡིག་སྒྱུར་བྱེད་དུས་འདྲི་རྟགས་དང་། རྟགས་འདི་དག་སོགས་ཡི་གེའི་ཁྲོད་སྤྱད་ན་སྐད་ཆའི་མཚོན་སྟོབས་ཆེ་རུ་འགྲོ་ལ། ནར་མའི་འཚོ་བའི་ཁྲོད་ཀྱི་བཤད་སྟངས་ཇི་ལྟ་བ་བཞིན་ཡིག་ངོར་ཕབ་ཐུབ་པས་དགེ་མཚན་ཆེ་བར་སེམས་ལ། རང་ཅག་གིས་ཡི་གེ་གཅིག་པུའི་ངོས་ནས་འདི་ལྟ་བུའི་དོན་ཤིན་ཏུ་གསལ་བ་ཞིག་སྟོན་མི་ཐུབ་བོ། །དེ་ལ་དཔེ་འགའ་དྲངས་ན།

   ཁྱོད་ཡུལ་ལ་འགྲོ་རྒྱུ།ཁྱོད་ཡུལ་ལ་འགྲོ་རྒྱུ?ཁྱོད་ཡུལ་ལ་འགྲོ་རྒྱུ!

   མོ་སྨྱོས་སོང་།མོ་སྨྱོས་སོང?མོ་སྨྱོས་སོང!

   ཚིག་འདི་གཉིས་ཀྱི་རྗེས་ལ་ཚིག་རྟགས་སྦྱར་བ་ལས་བརྡ་སྤྲོད་ཀྱི་གོ་དོན་གསར་བ་ཞིག་ཡིད་ལ་ལམ་མེར་འཆར་རྒྱུ་ཡོད་ཅིང་། དང་པོ་ལྟར་སྤྱིར་བཏང་གི་ཤད་ཙམ་བཞག་པས་སྨྲ་མཁན་གྱི་ངག་ལ་མ་ཉན་པར་བརྡ་སྤྲོད་ཀྱི་གོ་དོན་ཅི་ཡིན་གསལ་ཁ་ཕྱེ་ཐུབ་པ་མིན་ནོ། །

   གཞན་དུ་སྲོལ་རྒྱུན་བརྡ་སྤྲོད་ལྟར་ན། ཁྱོའི་མིང་ལ་ག་རེ་ཟེར་རམ་ལྟ་བུའི་འབྱེད་སྡུད་ཀྱི་སྒྲས་དྲི་བ་མཚོན་ནའང་། དེང་སང་གི་འཚོ་བའི་ནང་དེ་དག་མི་སྤྱོད་ཅིང་། དབུས་གཙང་གི་ཡུལ་སྐད་དུ་པས། གས། ངས། ན་སོགས་ཀྱིས་དྲི་བ་མཚོན་ཞིང་། དེ་བས་ཀྱང་པས་ལྟ་བུ་ལ"ཁོ་ཚེ་རིང་རེད་པས"རྗེས་སུ་དྲི་རྟགས་མ་སྦྱར་ཚེ། ཨ་མདོ་བ་ཞིག་གིས་པས་སྒྲ་རྒྱུ་མཚན་སྟོན་པ་མ་གཏོགས་གཞན་ཡིད་ལ་འཆར་རྒྱུ་མེད་ཅིང་། "པས?"ཞེས་རྗེས་ལ་འདྲི་རྟགས་སྦྱར་བས་བཤད་མཁན་གྱི་གདངས་ལ་ལྟ་མི་དགོས་པར་ཡིག་ངོ་ནས་ལམ་སེང་ཧ་གོ་ཐུབ་པ་ལྟ་བུ་རེད། དེ་ལ་འགའ་རེ་ད་དུང་ཨུ་ཚུགས་ཀྱིས་འདྲི་རྟགས་སོགས་དགོས་པ་མེད་དེ། ཅི་ཇི་སུ་གང་སྤྱི་སྒྲ་སོགས་ཀྱིས་མཚོན་ཐུབ་བོ་ཞེ་ན། རྒྱ་དང་དབྱིན་ཇིའི་སྐད་ལའང་སྤྱི་སྒྲ་དེ་ལྟ་བུ་ཡོད་དེ། What How When Where Who སོགས་དེ་དག་དང་བརྡ་སྤྲོད་ཀྱི་བྱེད་ནུས་ཡོངས་སུ་མཚུངས་པའི་ཕྱིར་རོ། །ཁོ་ཚོར་ཡང་ཚིག་རྟགས་དེ་ལྟ་བུ་དགོས་དོན་ཡིག་ངོའི་མཚོན་སྟོབས་བསམ་པར་མངོན།

   དེ་ལྟར་དྲི་བར་དྲི་རྟགས་སོགས་བཞག་ན་ཡིག་ངོའི་མཚོན་སྟོབས་ལ་ཕན་ཞིང་། བརྙན་ཡིག་ལ་ནི་ངེས་པར་མཁོ་ཆེ། དེ་ལ་ཚིག་གི་སྐབས་སུ། མ་འོངས་པ་ལ། གི་རྒྱུ། སོགས་སྦྱོར་བར"ཀི"ཡིག་མ་སྦྱར་བར་གི་སྒྲ་སྦྱར་ན་ལེགས་པར་བསམ་སྟེ། ང་དཔེ་ཆ་བལྟ་ཀི་ཡིན། (དབུས་སྐད)ལྟ་བུ་ཀི་སྒྲ་དེ་གི་ཡིག་ཏུ་སྦྱར་ན། སྤྱིར་གི་སྒྲ་འབྲེལ་སྒྲ་ཡིན་མོད། འདི་ལ་ཐ་སྙད་ཀྱི་དབང་དུ་བྱས་ན་དོན་མེད་པས། གི་སྒྲའི་འཇུག་པ་གཞན་ཞིག་ཏུ་བཞག་ན་ལེགས་པར་བསམ། ཀི་སྒྲ་ལ་ཀི་རིང་འདེབས་པ་སོགས་ཀྱི་དོན་ཡོད་པས་ཕྲད་དུ་མི་འོས་པར་སྙམ་མོ། །དེ་འདྲ་བྱས་ཚེ་ཨམ་སྐད་དུའང་དེ་དང་མཐུན་པར་གི་སྒྲ་ལ་དོན་གཞན་ལ་འཇུག་པར་སྦྱར་ཏུ་བཏུབ་སྟེ། ངས་ལས་ཀ་ལས་གི་ཡང་ན་རྒྱུ་ཡོད། ཁོ་འདི་ན་ཡོད་གི། ལྟ་བུའི"གི་"སྒྲ་དོན་གཞན་ལ་འཇུག་པ་ཞིག་གསར་དུ་འབྱུང་བར་འགྱུར་རོ། །ཡིན་ཡང་། སྐལ་བཟང་འགྱུར་མེད་ལགས་ཀྱིས《བོད་ཀྱི་ཡུལ་སྐད་རྣམ་བཤད》དུ། ད་འུ་ཆ་བོ་ཚོགས་འདུ་འཚོགས་གི་འགྲོ་ཞེས་དཔེར་བརྗོད་ལྟ་བུ་ཡིག་ནོར་བྱུང་བ་ཡིན་ལ། དག་པར་བྲིས་ན་ཚོགས་འདུ་འཚོག་གི་འགྲོ་ཞེས་འཚོག་མ་འོངས་པ་འབྲི་དགོས་ཤིང་། དེའི་གི་སྒྲ་ནི་ལ་དོན་གྱི་བྱེད་ནུས་ཅན་ཡིན་པས། བརྙན་ཡིག་སོགས་བསྒྱུར་དུས་ཁ་སྐད་དང་བསྟུན་མི་རུང་ལ། ཡིན་གཅིག་མིན་གཅིག་ལ་དོན་སོགས་སྲོལ་རྒྱུན་གྱི་བརྡ་སྤྲོད་ལྟར་སྦྱོར་དགོས་པ་ཡིན། དེ་མིན་ཚེ་དགེ་འདུན་ཆོས་འཕེལ་ལགས་གྱིས་གསུངས་པ་ནང་བཞིན་འུ་ཚོའི་བོད་སྐད་ཁ་འཐོར་དགུ་འཐོར་དུ་འགྲོ་བར་ཐག་མི་རིང་ངོ་། །གཞན་ཨམ་སྐད་ཡིག་ངོར་ཕབ་དུས་ཀྱི་གནད་དོན་འདི་ལྟ་བུ་ཤིན་ཏུ་མང་སྟེ།

   ངས་ཁི་ག་ཇ་སྐོལ་གི་བཅུག་ནི་ཡིན། (ཨམ་སྐད)

   ངས་བློ་བཟང་ང་མི་གཅིག་མངག་གི་འཇུག་རྒྱུ་ཡིན། (ཨམ་སྐད)

   འདི་ལྟ་བུ་བརྙན་ཡིག་ངོར་ཕབ་དུས"ངས་ཁོ་ལ་ཇ་སྐོལ་ཏུ་བཅུག་ནི་ཡིན།" "ངས་བློ་བཟང་ལ་མི་གཅིག་མངག་ཏུ་འཇུག་རྒྱུ་ཡིན"ཞེས་མ་ཕབ་ན་གཞན་གྱིས་གོ་དཀའ་བ་ཡིན་ནོ། །དེ་ལྟར་དབུས་དང་ཁམས་སྐད་ལ་མཚོན་ནའང་། དུས་གསུམ་གྱི་ཚིག་གྲོགས་སོགས་དང་ཚིག་མཐའ་སོགས་ཡུལ་སྐད་དང་བསྟུན་དུ་རུང་མོད། ཐོག་མར་ངེས་པར་དེ་དག་ལ་ཕྲད་གསར་བ་ལྟ་བུ་ཞིག་གི་ཆིངས་བཟོ་དགོས་པར་སྣང་ངོ་། །དེ་མིན། ཁ་སྐད་དུ་སྤྱོད་ཀྱང་ཡིག་ངོར་ཕབ་དུས་བརྡ་སྤྲོད་ཀྱི་གཞུང་དང་མི་མཐུན་པའི་ཚིག་ཕྲད་རྣམ་དབྱེ་སོགས་ནི་སུམ་རྟགས་ཀྱི་འགྲོས་དང་ངེས་པར་བསྟུན་དགོས་ཏེ།དེ་མ་བསྟུན་ན་བརྡ་སྤྲོད་ཀྱི་གོ་རིམ་རྩ་བ་ནས་འཐོར་བའི་ཉེན་ཆེ་བའི་ཕྱིར་རོ། །དེ་ལ་ཁ་སྐད་ཡིག་སྐད་གཤིབ་བསྡུར་བྱས་པའི་དེབ་རྣམས་ཀྱི་ནང་ནས་སྐལ་བཟང་འགྱུར་མེད་ལགས་ཀྱི《བོད་ཀྱི་ཡུལ་སྐད་རྣམ་བཤད》འདི་ལེགས་གྲས་སུ་སྣང་རུང་། ཁ་སྐད་ཡིག་ངོར་གང་འདོད་ལྟར་ཕབ་ནས་ཡིག་ནོར་དང་སུམ་རྟགས་སོགས་ལ་དོ་སྣང་ཆུང་བར་བྱས་པ་འདི་སྐྱོན་ཆེན་པོར་འདུག

   མདོར་ན། དེ་ལྟར་ཁ་སྐད་ཁྲོད་སྤྱོད་པའི་ཐ་སྙད་དང་ཚིག་མཐའ། ཕྲད་གསར་བ་སོགས་དེང་རབས་ཀྱི་བརྡ་སྤྲོད་ནང་ལེན་རྒྱུ་དེ་ཤིན་ཏུ་གལ་ཆེ་བར་འདུག་སྟེ། དེ་ལྟར་མ་བྱས་ཚེ་རང་ཅག་གི་སྐད་ཡིག་གི་བེམ་གཟུགས་སུ་གྱུར་ནས་ནམ་ཞིག་ནམ་ཡལ་འདི་ཡལ་སྟོན་རྒྱུ་མེད་པ་ཞིག་ཏུ་འགྱུར་ངེས་པས། ཁ་སྐད་དང་ཡིག་སྐད། ཡུལ་སྐད་འདི་གསུམ་གཅིག་གྱུར་བྱེད་རྒྱུ་དེ་གནད་དམ་པ་ཞིག་རེད་བསམ་ལ། བརྙན་ཡིག་ཡིག་སྒྱུར་སོགས་དེང་རབས་བརྡ་འཕྲིན་ལག་རྩལ་དང་སྦྲེལ་ཏེ་ཁྱབ་སྤེལ་བྱས་ཚེ་གནད་དོན་འདི་དག་ཀྱང་ཇེ་ཆུང་ནས་ཇེ་ཆུང་དང་། མཐར་མེད་པར་འགྲོ་བར་ཡིད་ཆེས་ཡོད་ཅིང་། བརྡ་སྤྲོད་ཞིབ་བསྡུར་སྐོར་ལ་ད་དུང་འཆད་བྱ་ཅུང་ཟད་ཡོད་ཀྱང་རེ་ཞིག་བཞག་གོ །

དཔྱད་མཆན་ཡོད།