པེར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན།

        (Berlin International Film Festival)དུས་སྟོན་འདི་ནི་འཛམ་གླིང་སྟེང་ཆེས་གཞི་རྒྱ་ཆེ་ཞིང་སྐད་གྲགས་ཆེ་བའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གསུམ་ལས་གཅིག་ཡིན་ཏེ།  གཞན་གཉིས་ནི་ཁཱ་ན་གློག་བརྙན་དུས་སྟོན(Festival De Cannes)དང་ཝེ་ནཱ་སི་གློག་བརྙན་དུས་སྟོན་(Venice International Film Festival)བཅས་ཡིན།  དུས་སྟོན་འདི་སྤྱི་ལོ1951ལོར་པེན་ལིན་ནུབ་མ་ནས་མགོ་བཙུགས་ཤིང་།  ལོ་རེའི་ཟླ2པར། འཇར་མན་གྱི་རྒྱལ་ས་པེར་ལིན་ནས་བདུན་ཕྲག་གཉིས་རིང་ལ་སྤེལ་བར་བྱས།  དེ་ནི་རྒྱལ་ཁབ་སོ་སོའི་ཕུལ་བྱུང་གློག་བརྙན་བརྩམས་ཆོས་དག་ལ་བྱ་དགའ་བསྩལ་ནས་གློག་བརྙན་སྒྱུ་རྩལ་གྱི་སྤུས་ཀ་མཐོར་འདེགས་འོངས་པར་སྐུལ་ཅིང་།  དེ་འབྲེལ་གྱི་ལས་རིགས་གཉེར་མཁན་དག་གིས་ཕན་ཚུན་གྱི་བསམ་བློ་བརྗེ་རེས་བྱས་ཏེ་ཡར་ཐོན་འོངས་པར་དམིགས་པ་ཞིག་ཡིན།   ལོ་རེའི་ཟླ་གཉིས་པར།  ཧ་ལམ་རྒྱལ་ཁབ130ལྷག་གི་གློག་བརྙན་ཆེད་གཉེར་བ20000ཙམ་ཞུགས་ཀྱིན་ཡོད་ཅིང་།  གསར་འགོད་པ4200ཙམ་གྱིས་རྒྱལ་ཁབ110རུ་སྨྱན་ཆས་བརྒྱུད་ཕྱི་ལ་སྟོན་གྱིན་ཡོད།

       དུས་སྟོན་འདིའི་བྱ་དགའི་རྟགས་མ་ནི་གསེར་དོམ་དང་དངུལ་དོམ་ལག་གཡོན་པ་ཡར་བཀྱགས་ཏེ་གུས་བརྩི་མཚོན་པ་ཞིག་ཡིན་ལ། དེ་ནི་བུད་མེད་བརྐོས་དཀྲོལ་པ་གྲགས་ཅན་རཱེས་ནི་སིན་ཐི་ནི་སཱི་ལགས་ཀྱིས་སྤྱི་ལོ1932ལོར་ཇུས་འགོད་བྱས་ཤིང་ཕྱིས་སུ་དེའི་རྨང་གཞིའི་སྟེང་བཟོ་བཅོས་ཅུང་ཟད་བརྒྱབ་ཡོད་པ་ཞིག་ཡིན།  དེ་ལ་གསེར་དོམ་བྱ་དགའ་ནི་གཏམ་རྒྱུད་གློག་བརྙན་རྩེ་གྲ་དང་དངོས་ཞུས་གློག་བརྙན། ཚན་རིག  མཛེས་རྩལ་གློག་བརྙན་རྩེ་གྲ་བཅས་ལ་སྩོལ་ཅིང་།  དངུལ་དོམ་བྱ་དགའ་ནི་འཁྲབ་ཁྲིད་པ་རྩེ་གྲ་དང་འཁྲབ་སྟོན་ཕོ་མོ། འཁྲབ་གཞུང་མཁན། རོལ་དབྱངས་མཁན། མཛེས་བཟོ། དར་མའི་བརྩམས་ཆོས་དང་ཡང་ན་དམིགས་བསལ་གྱི་གྲུབ་འབྲས་ཡོད་པའི་གཏམ་རྒྱུད་གློག་བརྙན་རྩེ་གྲ་ལ་སྩོལ་གྱི་ཡོད་ལ།   ད་དུང་རྒྱལ་སྤྱིའི་དཔྱད་བརྫོད་དང་དཔྱད་འདེམས་ཚོགས་པའི་དམིགས་བསལ་བྱ་དགའ་སོགས་ཀྱང་ཡོད།
       བྱ་དགའ་འདི་ཐོག་དང་པོར་རང་རྒྱལ་གྱི་གློག་བརྙན་སྒྱུ་རྩལ་པར་ཐོབ་དུས་ནི་སྤྱི་ལོ1982ལོ་ཡིན་ཞིང་།   འཁྲབ་ཁྲིད་པ་ཨཱ་རྡ(阿达)ལགས་ཀྱི«བཙུན་པ་གསུམ»ཞེས་པའི་བརྙན་ཐུང་གི་འཁྲབ་གཞུང་ལ་དངུལ་དོམ་རྟགས་མ་ཐོབ།  དེ་ནས་བཟུང་གློག་བརྙན་བརྩམས་ཆོས་དང་འཁྲབ་ཁྲིད་པ།  འཁྲབ་སྟོན་མ་སོགས་ལ་གསེར་དོམ་དང་དངུལ་དོམ་བྱ་དགའ་མང་དུ་ཐོབ་ལ།     2010ལོའི་སྐབས་དྲུག་ཅུ་བའི་དུས་སྟོན་སྟེང་།   འཁྲབ་གཞུང་རྩེ་གྲ«ལྷན་འཛོམས»ལ་དངུལ་དོམ་རྟགས་མ་དང།  «ཤོག་ལྷེ་གཅིག་སྟེང་གི་ཐའེ་པེས»ལ་ཨེ་ཤེ་ཡའི་གློག་བརྙན་རྩེ་གྲའི་བྱ་དགའ་ཐོབ། 2011 ལོའི་སྐབས་དྲུག་ཅུ་རེ་གཅིག་པའི་དུས་སྟོན་སྟེང་། གསེར་དོམ་བྱ་དགའ་དེ་ཨི་རན་རྒྱལ་ཁབ་ཀྱི«གྱེས་བྲལ»ཞེས་པར་བསྩལ་ལ་དངུལ་དོམ་དེ་འཇར་མན་གྱི་འཁྲབ་ཁྲིད་པ་གྲགས་ཅན་བཱོལ་རི་ཁི་ཁོ་ལཱེ(Ulrich Köhler)ལགས་ཀྱི་བརྩམས་ཆོས«གཉིད་ནད»ཅེས་པར་བསྩལ་ལོ། །

དཔྱད་མཆན་ཡོད།