ཁཱ་ན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན།

        ཁཱ་ན་རྒྱལ་སྤྱིའི་གློག་བརྙན་དུས་སྟོནFestival de Cannesནི་ཧྥ་རན་སིའི་རྒྱལ་སྤྱིའི་རང་བཞིན་གྱི་གློག་བརྙན་དུས་སྟོན་ཤིག་སྟེ།   རྒྱལ་ཁབ་གང་དེའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཁཱ་ནར་ལོ་རེ་རེའི་ཟླ་ལྔ་པར་གཟའ་འཁོར་གཉིས་ཀྱི་དུས་ཡུན་ནང་སྤེལ་བཞིན་ཡོད།  རྒྱལ་སྤྱིའི་གློག་བརྙན་འགྲེམ་སྟོན་ཐད་ཤུགས་རྐྱེན་ཆེས་ཆེ་བའི་འཛམ་གླིང་གི་གློག་བརྙན་དུས་སྟོན་ཆེན་མོ་ལྔ་དང་འཛམ་གླིང་གི་སྒྱུ་རྩལ་གློག་བརྙན་དུས་སྟོན་ཆེན་མོ་བཞི་ཡི་གྲས་ཡིན།

      ཁཱ་ན་གློག་བརྙན་དུས་སྟོན་དེ་ཆེས་ཐོག་མར1946ལོའི་ཟླ་དགུ་པའི་ཚེས་ཉི་ཤུ་ལ་ཧྥ་རན་སིའི་གྲོང་ཁྱེར་ཁཱ་ན་ནས་སྤེལ་མགོ་བརྩམས་ཤིང་།  དུས་དེ་ནས་བཟུང(1948ལོ་དང་1950ལོ། 1968ལོ་བཅས་ལོ་འདི་གསུམ་གར་སྤེལ་ཐུབ་མེད། )ལོ་རེར་ཐེངས་གཅིག་སྤེལ་རྒྱུ་རྒྱུན་བསྐྱངས་བས་ད་ལྟའི་བར་སྤེལ་ཐེངས་རེ་གཉིས་ཙམ་སོང་ཟིན་ལ།   འཛམ་གླིང་ཐོག་གི་གཞི་རྒྱ་ཆེས་ཆེ་ཤོས་དང་གལ་ཆེ་ཤོས་ཀྱི་གློག་བརྙན་དུས་སྟོན་ཤིག་ཏུ་འགྱུར་ཐུབ་ཡོད།   ཐོག་མའི་དུས་མགོར་སྤྱི་ཟླ་དགུ་པའི་ནང་སྤེལ་སྲོལ་ཡོད་པ་དེ་དབྱི་ཐ་ལའི་ཝེ་ནཱ་སི་དང་དུས་གཅིག་ཏུ་ཁེལ་ཡོད་ཕྱིར་ཕྱིས་ཀྱི1951ལོ་ནས་བཟུང་ཟླ་བ་ལྔ་པའི་ནང་སྤེལ་རྒྱུ་དང་སྤེལ་ཡུན་གཟའ་འཁོར་གཉིས་ཙམ་ལ་གཏན་འབེབས་བྱས།
           གློག་བརྙན་དུས་སྟོན་འདིའི་བྱ་དགའི་རྣམ་གྲངས་ལ་གཏམ་རྒྱུད་རྩེ་གྲ་དང་དངོས་བཤུས་རྩེ་གྲ། ཚན་རྩལ་རྩེ་གྲ། མཛེས་རྩལ་རྩེ་གྲ་སོགས་མཆིས་ཤིང་། ཆེས་མཐོ་བའི་བྱ་དགའི་རྟགས་མ་ནི་གསེར་གྱི་ཏ་ལའི་རྟགས་མ་ཡིན་ཞིང་།  བུམ་པ་དེ་གསེར་ནག་གིས་གྲུབ་པའི་ཏ་ལ་སྡོང་བའི་ཡལ་ག་ཞིག་སྟེ།  མ་གཞིར་ཤིང་ཏ་ལ་ནི་ཁཱ་ན་གྲོང་ཁྱེར་གྱི་མཚོན་རྟགས་ཡིན་ཕྱིར་བྱ་དགའི་རྟགས་མ་ཡང་ཤིང་ཏ་ལའི་ཡལ་གའི་དབྱིབས་སུ་བྱས་དེའོ།།        ཁཱ་ན་གློག་བརྙན་དུས་སྟོན་ལ་རྒྱ་མཚོ་དང་མཛེས་མ། ཉི་འོད(sea sex  sun)གསུམ་འཛོམས་པའི་ 3sགློག་བརྙན་དུས་སྟོན་ཞེས་པའི་འབོད་སྲོལ་ཤིག་ཀྱང་མཆིས་སྟེ།  ལོ་རེ་རེའི་དགའ་འཛོམས་ཀྱི་དུས་སུ་མཚོ་འགྲམ་གྱི་བྱེ་ཐང་དུ་ཕྱོགས་སོ་སོའི་མི་ཡུལ་གྱི་ལྷ་མོ་རྣམས་མ་བོས་འགྲོན་དུ་འདུས་ནས་གློག་བརྙན་སྐར་ཆེན་ཤིག་ཏུ་འགྱུར་བར་རེ་བའི་འགྲམ་ཆུ་འཛར་བཞིན་ཡོད།  
       གློག་བརྙན་དུས་སྟོན་འདིའི་བྱ་འགུལ་ཁག་དྲུག་ཏུ་དབྱེ་ཡོད་པ་ནི་འགྲན་བསྡུར་གྱི་རྣམ་པ་དངོས་དང་། འཁྲབ་ཁྲིད་པའི་ཁག དམིགས་འབེན་ཞིག  གློག་བརྙན་དཔྱད་བརྗོད་པའི་ཁག   ཧྥ་རན་སིའི་གློག་བརྙན་གྱི་ངོ་གདོང་གསར་བ།  ཁྲོམ་རའི་འགྲེམ་སྟོན་བཅས་ཡིན།   དཔྱད་བསྐོས་པ་རུ་ཁག་གཉིས་སུ་བགོས་ནས་བརྙན་རིང་གྲས་དང་བརྙན་ཐུང་ལ་དཔྱད་བསྡུར་བྱེད་ཀྱི་ཡོད་ལ། འགྲན་བསྡུར་གྱི་རྣམ་པ་དངོས་ཀྱི་དཔྱད་བསྐོས་པ་དག་ནི་རྒྱལ་ཁབ་སོ་སོའི་གློག་བརྙན་ལས་རིགས་ཁྲོད་ཀྱི་མིང་གྲགས་ཆེ་བའི་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ།  འཁྲབ་གཞུང་རྩོམ་མཁན།  གློག་བརྙན་དཔྱད་བརྗོད་པ།   དབྱངས་རྩོམ་མཁན་སོགས་ཀྱིས་གྲུབ་ཅིང་།    གཙོ་འཛིན་ཡང་དེའི་ནང་གི་གཅིག་གིས་འགན་ལྕོགས་དགོས།   འགྲན་བསྡུར་མ་ཡིན་པའི་ཁག་གིས་གཙོ་བོ་འཇོན་མི་སྐྱེད་སྲིང་ལ་དམིགས་ཤིང་།  དེའི་ནང་གི་འཁྲབ་ཁྲིད་པའི་ཁག་དང་དམིགས་འབེན་ཞིག་ཞེས་པར་ནུས་ཤུགས་དང་གྲུབ་འབྲས་ཀྱིས་འཇོན་པའི་འཁྲབ་ཁྲིད་པ་མང་པོ་ཞིག་ཡར་སྐྱེད་བཏང་ཡོད།
          ཁཱ་ན་གློག་བརྙན་དུས་སྟོན་འདི་ལྟར་གཞི་རྒྱ་ཆེ་ཞིང་ནང་དོན་གྱིས་ཕྱུག་པ་ཞིག་ཏུ་གྱུར་ཡོད་པ་ཡང་།   དུས་སྟོན་འདི་གསར་དུ་དབུ་བཏོད་ཉིན་ནས་བཟུང་ཧྥ་རན་སིའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་དང་སློབ་གསོ་པུའུ།  རྒྱལ་ཁབ་གློག་བརྙན་ལྟེ་གནས་བཅས་ཀྱིས་ལས་ཀ་དང་མ་དངུལ་ཐད་མཐུན་རྐྱེན་གང་མང་སྦྱར་ནས་བྱུང་བ་རེད་ཅེས་བཤད་ཆོག

དཔྱད་མཆན་ཡོད།