གློག་བརྙན་གྱི་ཁྱད་ཆོས་དང་དུས་ཀྱི་འཕེལ་འགྱུར།

 གློག་བརྙན་བྱ་བ་འདི་དུས་རབས་བཅུ་དགུ་བའི་ནང་གཞི་ནས་བྱུང་མགོ་ཚུགས་ཤིང་མཐར་གྱིས་དར་ཞིང་རྒྱས་པ་ཞིག་སྟེ། དེ་ནི་མིའི་རིགས་ཀྱི་གཟེངས་སུ་ཐོན་པའི་གསར་གཏོད་ཆེན་མོ་ཡིན་པ་ཀུན་གྱིས་སྒྲོག  བབ་ཅོལ་གཏམ་གྱི་སྦྱོར་བར། གློག་བརྙན་ནི་དབང་ཤེས་ཀྱི་རོལ་མྱོང་ཙམ་དུ་བགྲང་མོད། ཡིད་ཤེས་རྣོན་པོས་ཞིབ་ཏུ་དཔྱད་ན། དེ་ནི་ཁྱད་ཆོས་བཞི་འདུས་ཀྱི་ཕུང་བོ་ཞིག་སྟེ། ཚན་རྩལ་དང་ཚོང་ཟོང་། སྒྱུ་རྩལ། རིག་གནས་བཅས་ཁྱད་ཆོས་བཞི་ཡི་བདག་ཉིད་ཅན་དུ་གྲུབ་ཡོད། ལར་གློག་བརྙན་གཅིག་གི་སྟེང་ལ་ཁྱད་ཆོས་བཞི་བོ་དེ་ག་གཞི་གཅིག་ཏུ་འཐིམས་བསྡད་ཡོད་མོད།   དུས་ཀྱི་འཕེལ་འགྱུར་དང་བསྡོངས་ནས་དུས་སྐབས་སོ་སོའི་གློག་བརྙན་ལ་བབ་དང་མཐུན་པའི་ཁྱད་ཆོས་རེ་འབུར་དུ་ཐོན་ཡོད་དེ། གློག་བརྙན་རང་སྟེང་གི་འཕེལ་རིམ་ལ་གཞི་བྱས་ནས་ཁྱད་ཆོས་བཞི་བོ་ཐར་ཆགས་སུ་ངོ་སྤྲད་ན་འདི་ལྟར།

         གློག་བརྙན་ནི་ཚན་རྩལ་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་མྱུ་གུ་འབུས་ཏེ་དར་མགོ་ཚུགས་ཤིང་། གསར་གཏོད་ཆེན་མོ་འདི་འདྲ་བུ་ཞིག་བྱ་ནུས་པའང་གཙོ་བོ་ཚན་རིག་ལག་རྩལ་ལ་རག་ལས་པས་ཡིན་ཏེ། གལ་སྲིད་ཚན་རྩལ་ལས་བྱུང་བའི་འཕྲུལ་ཆས་དེ་དག་མེད་ན་གློག་བརྙན་བྱ་བའི་མིང་ཡང་ཐོས་པ་སྲིད་མཐའ་ཙམ་དུ་འདུག་པ་གདོན་མི་ཟ།           
         1872ལོར་Eadweard Muybridgeནས་འདྲ་པར་མང་པོ་གུང་གཅིག་ཏུ་བསྒྲིགས་ནས་འགུལ་རིས་བཟོས་པ་དང་། 1895ལོར་Lumiereབུ་སྤུན་གཉིས་ཀྱིས་འགུལ་རིས་བརྙན་ཡོལ་ངོས་ནས་བསྟན་པ། གཞན་སྐྱ་རིས་ཚོན་རིས་སུ་བསྒྱུར་པ་དང་སྒྲ་མེད་སྒྲ་ལྡན་དུ་ཕབ་པ་སོགས་གློག་བརྙན་ནི་ཚན་རིག་གི་ལག་རྩལ་རྨང་ལ་བཏིང་ནས་འཕེལ་རྒྱས་ཀྱི་གོམ་པ་གང་གང་མདུན་དུ་སྤོས་པ་ཡིན་པ་མཆོག་ཏུ་གསལ། དེས་ན་གློག་བརྙན་ཐོག་མར་བྱུང་དུས་ཚན་རྩལ་གྱི་ཁྱད་ཆོས་ནི་གློག་བརྙན་གྱི་གཟེངས་སུ་འབར་བའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་ཏག་ཏག་མཐོང་ངེས་སོ།།
        དེ་ལྟར་དུས་ཀྱི་རྣམ་འགྱུར་དང་བསྟུན་ནས་གློག་བརྙན་གྱི་ཉ་ཇེ་རྒྱས་སུ་ཕྱིན་ཞིང་། གཟིགས་མོ་པ་ཇེ་མང་དང་ཁྱབ་ཁོངས་ཇེ་ཡངས་སུ་སོང་ཙ་ན། ཚོང་ཟོང་གི་ཁྱད་ཆོས་ཁད་ཀྱིས་ཆེ་རུ་ཕྱིན་ཡོད་དེ། 1900ལོར་Davisདང་Harrisགཉིས་ནས་ཟློས་གར་ཁང་སྔ་ཤོས་བཙུགས་ཤིང་། གློག་བརྙན་རེར་ཨ་སྒོར5$རེ་བྱས་ནས་འཛིན་བྱང་བཙོངས་བ་ནས་བཟུང་། གློག་བརྙན་ནི་ཚན་རིག་པ་རེ་འགའི་དགའ་ཕྱོགས་དང་ཞིབ་འཇུག་བྱ་ས་ཙམ་ནས་དཔལ་འབྱོར་གྱི་ཡོང་སྒོ་མཐོ་རུ་འདེགས་བྱེད་ཀྱི་ཆེས་གཅེས་ཐང་ཆེ་བའི་ཁེ་ལས་ཤིག་ཏུ་གྱུར་ཏེ། དཔལ་འབྱོར་གྱི་གྲུབ་ཆ་དེ་གློག་བརྙན་འཕེལ་རྒྱས་ཀྱི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་པ་རེད། ཡང་དུས་འདི་ཙམ་ནས་བཟུང་། གློག་བརྙན་གྱི་ལས་ལ་ཞུགས་མཁན་ལྡབ་འགྱུར་གྱིས་མང་དུ་ཕྱིན་ཞིང་། ཁོ་ཚོས་ཚན་རིག་གི་ལག་རྩལ་སྣ་ཚོགས་ལ་བརྟེན་ནས་བརྙན་རིས་ཤིན་ཏུ་ཉམས་ལེགས་པར་བཏང་སྟེ་གཟིགས་མོ་བ་ཀུན་གྱི་ཡིད་སེམས་གཡོ་ཅི་ཐུབ་བྱས་ཡོད། འདི་ལྟར་གློག་བརྙན་གྱི་འཕྲིན་ལས་སྔར་མེད་དུ་རྒྱས་པ་ན། Hollywoodཞེས་བའང་བྱུང་ཞིང་ཕ་རོལ་བའི་འདོད་མོས་དང་བསྟུན་ནས་གློག་བརྙན་སྣ་མང་དུ་བྱུང་ཞིང་། སྐབས་ཤིག་ལ་ཡུལ་དེ་ག་འཛམ་བུ་གླིང་གི་གློག་བརྙན་གྱི་ལྟེ་བ་ལྟ་བུར་ཆགས། ཁ་ཅིག་གིས་Hollywoodཡི་གློག་བརྙན་གྱིས་འཛམ་གླིང་དབང་དུ་བསྡུ་ནུས་པའང་མ་གཞི་གློག་བརྙན་གྱི་ཚོང་ཟོང་རང་བཞིན་དཀྱུས་སུ་བཟུང་བར་ལན་ཞེས་ཀྱང་སྨྲ།  
          ཡིན་ནའང་དེ་ནི་ཐེར་ཟུག་གི་འཕེལ་རྒྱས་ཤིག་མ་ཡིན་པར།  འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་རྗེས་སོར། རིན་གོང་ཆུང་ཞིང་གང་སར་ལྟ་བདེ་བའི་བརྙན་འཕྲིན་ལས་རིགས་གསར་དུ་བྱུང་ཙ་ན། གློག་བརྙན་གྱི་འཕེལ་རྒྱས་ལ་གྱོང་གུད་ཆེན་པོ་རེག་ཅིང་། ཁྱད་པར་དུ་Hollywoodཡི་འགྲན་དུ་མེད་པའི་གོ་གནས་ལའང་གཡོ་འགུལ་མང་ཙམ་ཐེབས། གནས་ཚུལ་འདི་འདྲ་ཞིག་གི་འོག་ཏུ་འཁྲབ་ཁྲིད་པ་དག་གིས་ཡུལ་ཁམས་སོ་སོའི་ལུགས་སྲོལ་གོམས་གཤིས་དམིགས་སུ་བཟུང་ནས་མི་རིགས་གློག་བརྙན་མང་དུ་འཁྲབ་ཅིང་། དེ་དག་ལ་Hollywoodཡི་གློག་བརྙན་ལྟ་བུའི་ཚན་རྩལ་ལས་གྲུབ་པའི་བརྙན་རིས་ཕུན་སུམ་ཚོགས་པོ་མེད་ཀྱང་། བརྙན་རིས་ངོས་ཀྱི་རི་མོ་དང་འཁྲབ་སྟོན་ཕོ་མོའི་ལབ་གླེང་ལ་སྒྱུ་རྩལ་གྱིས་ཕྱུག་ཡོད། ཁྱད་པར་དུ། དབྱི་ཐ་ལིའི་དངོས་ཡོད་རིང་ལུགས་གསར་མའི་ཐབས་ལམ་བྱུང་བ་ནས་བཟུང་གློག་བརྙན་གྱི་སྒྱུ་རྩལ་གྱི་ཁྱད་ཆོས་དེ་འབུར་དུ་ཐོན་ཡོད་ལ། དེ་གས་འཕྲུལ་ཆས་ཀྱི་སྒྱུ་མའི་རྩལ་ལ་ཆེར་མ་བརྟེན་པར་མི་བུའི་ལྷན་སྐྱེས་ཀྱི་ཤེས་རབ་དཀྱིལ་སྙིང་དུ་བཟུང་ནས་གློག་བརྙན་གྱི་བརྙན་རིས་རེ་རེ་སྒྲིག་བཟོ་བྱེད། ཞིབ་ཏུ་བསམས་ན། བཟོ་ཐབས་འདི་ལྟ་བུས་འཕྲུལ་ཆས་ཁོ་ན་ལས་གྲུབ་པའི་Hollywoodཡི་གློག་བརྙན་དག་ལ་དམའ་འབེབས་ཚ་ཡེ་རེ་བ་ཞིག་བྱས་པའང་ཅི་ལ་མིན།  
      འདི་ལྟར་གློག་བརྙན་ལས་རིགས་དུས་ཀྱི་བབ་དང་བསྟུན་ནས་འཕེལ་རྒྱས་ཕྱིན་པ་ན། འཁྲབ་ཁྲིད་པ་ཚོས་འཛམ་བུ་གླིང་གི་རྩོམ་རིག་བརྩམས་ཆོས་གྲགས་ཆེ་ཤོས་དག་རེ་རེ་བཞིན་བརྙན་རིས་སུ་ཕབ་སྟེ་ཀུན་གྱི་བདེ་ཚོར་དང་ཤིན་ཏུ་མཐུན་པར་བྱས་ཤིང་། གློག་བརྙན་གཅིག་ལ་བལྟས་པ་ནི་དཔེ་ཀློག་ཐེངས་ཤིག་བྱས་པ་དང་ཡོངས་སུ་མཐུན་པར་བྱས། ཚུལ་འདི་ནི་ཨ་རིའི་ཤེས་ཡོན་པDaniel Bellལགས་ཀྱིས་དེང་རབས་ཀྱི་གློག་བརྙན་ནི་མཛེས་ཀྱིས་ཕྱུག་པའི་པར་རིས་ཁ་ཤས་ལ་བལྟ་བ་ཙམ་ཡེ་མིན་པར་རྣ་ཤེས་ཀྱི་རིག་གནས་རྨ་མེད་པ་འབའ་ཞིག་གོ་ཞེས་གསུངས་པ་ཇི་བཞིན་རེད། འུ་ཅག་ལ་མཚོན་ནའང་དེ་ལྟ་བུ་ཡིན་ངེས་ཏེ། གློག་བརྙན་གྱི་བརྙན་རིས་རེ་རེ་བརྒྱུད་ནས་ཡུལ་གྱིས་ཆོད་པའི་ས་ཕྱོགས་ཀུན་གྱི་རིག་གནས་དང་གོམས་སྲོལ། སྐད་ཡིག་སོགས་ལ་རྒྱུས་ལོན་བྱེད་ཀྱིན་གདའ་བ་འདི་གའོ།།
         གོང་དུ་སྨྲས་པ་མདོར་གཅིག་ཏུ་དྲིལ་ན། གློག་བརྙན་ལ་ཚན་རྩལ་དང་ཚོང་ཟོང་། སྒྱུ་རྩལ། རིག་གནས་བཅས་ཀྱི་གྲུབ་ཆ་བཞི་ག་གཞི་གཅིག་ཏུ་འདུས་མོད། དུས་རབས་ཀྱི་འཕེལ་འགྱུར་དང་མི་བུའི་མཛེས་དཔྱོད་ཀྱི་ལྟ་བ་མི་འདྲ་བའི་དབང་གིས་དུས་སྐབས་སོ་སོར་ཁྱད་ཆོས་རེ་ཤས་ཆེ་བར་མངོན་འདུག  

དཔྱད་མཆན་ཡོད།