དངོས་ཡོད་རིང་ལུགས་གསར་མའི་གློག་བརྙན་བཤད་པ།(མུ་འགོད)

     དུས་རབས་ཉི་ཤུའི་ལོ་རབས་བཞི་བཅུ་བའི་དུས་དཀྱིལ་དུ། ཨི་ཐ་ལའི་གློག་བརྙན་དེ་ཧྥ་ཤི་སིའི་ལོ་ངོ་ཉི་ཤུའི་རིང་གི་དབང་སྒྱུར་གྱི་འཆིང་རྒྱ་ལས་ཐར་ལ།  དམག་འཁྲུག་རྗེས་ཀྱི་བཅོམ་ཆག་སྐྱ་ཉིལ་ཁྲོད་དངོས་ཡོད་རིང་ལུགས་གསར་མའི་ལས་ འགུལ་བྱུང་བ་རེད།  འགོག་རྒོལ་ལས་འགུལ་གྱི་རྗེས་འབྲས་ཤིག་ཡིན་པའི་ཆ་ནས།  དངོས་ཡོད་རིང་ལུགས་གསར་མས་སྲོལ་རྒྱུན་ལ་མི་ལྟོས་པར་གསར་སྐྲུན་རང་བཞིན་དང་ འཚོལ་དཔྱོད་སྙིང་སྟོབས་ཀྱིས་ཕྱུག་ལ།  སྐབས་དེའི་སྤྱི་ཚོགས་ཀྱི་ཉམས་པ་མཐའ་དག་སོར་དུ་ཆུད་རྒྱུར་ལུས་པའི་ལོ་རྒྱུས་ གནས་བབ་དང་དུ་བླངས་ཡོད།

    དངོས་ཡོད་རིང་ལུགས་གསར་མའི་གློག་བརྙན་ནི་འཁྲུག་ ཆེན་གཉིས་པའི་སྔ་གཞུག་ཏུ་ཨི་ཐ་ལིར་བྱུང་ལ།  མཚོན་བྱེད་རང་བཞིན་གྱི་ཁ་གཡང་ནི"བརྙན་ལེན་འཕྲུལ་ཆས་སྲང་ དུ་སྐྱོལ་ཅིག"ཅེས་པ་དེའོ། །  གྲུབ་མཐའ་འདིའི་བྱུང་འཕེལ་དུས་སྐབས་གསུམ་དུ་དབྱེ་ཆོག་ སྟེ།  ༡༩༤༢ལོ་ནས༡༩༤༥ལོའི་བར་གྱི་སྟ་གོན་གྱི་དུས་སྐབས་དང་།  ༡༩༤༥ལོ་ནས༡༩༥༠ ལོའི་བར་གྱི་རྫོགས་ལྡན་གྱི་དུས་སྐབས།  དེ་མིན༡༩༥༠ལོ་ནས༡༩༥༦ལོའི་བར་གྱི་ཁ་འཐོར་བའམ་མཇུག་རྫོགས་པའི་དུས་སྐབས་གསུམ་ མོ། །  དེ་དག་ཐུན་མོང་གི་ཁྱད་ཆོས་ནི་འདི་ལྟ་སྟེ།  དངོས་བྲིས་ཀྱི་ཐབས་བརྒྱུད་ནས་དངོས་ཡོད་འཚོ་བ་དང་འཐབ་རྩོད་མཚོན་པར་བྱེད་ ཅིང་།  ནང་དོན་དང་རྗོད་གཞིའི་ཐད་སྤྱི་ཚོགས་ཀྱི་རང་བཞིན་མངོན་པར་གསལ་བ།  རྟོག་པས་བཟོས་པའི་བྱུང་རིམ་དང་མིས་བཅོས་པའི་ཟློས་གར་གྱི་རྙོག་དྲ་ལ་ངོ་རྒོལ་ གྱིས། ཡུལ་དངོས་ནས་ལྟ་ཞིབ་བྱས་ཏེ་འབངས་ཕལ་བའི་རྒྱུན་ལྡན་གྱི་འཚོ་བ་དང་ལས་དབང་ མཚོན་པར་བྱས་ནས་སྤྱི་ཚོགས་འཚོ་བའི་རྣམ་པ་གསལ་བོར་སྟོན་དགོས་པར་འདོད།  གཞན་ཡང་སྲོལ་རྒྱུན་གྱི་འཁྲབ་སྟོན་ཚད་གཞི་ཁས་མི་ལེན་ལ་གྲགས་སྐར་ལམ་ལུགས་ལ་ ངོ་རྒོལ་བྱེད་ཅིང་།  གཞི་རྩའི་སྟེང་ཕྱི་ལྗོངས་བརྙན་ལེན་པ་ལྷུར་ལེན་པ་ཞིག་གོ། ། 
    "དངོས་ཡོད་ རིང་ལུགས་གསར་མ"ཞེས་པའི་བརྗོད་སྟངས་འདི་ནི་མིང་དུ་གྲགས་པའི་འཁྲབ་ཁྲིད་པ་ ལུའུ་ཆིས་ནོ• ཝེ་སི་ཁང་དྷིསLuchino Visconti (1906~1976)མཆོག་གིས༡༩༤༢ལོར་ཆེས་ཐོག་མར་བཏོན་ལ།  ཁོང་གི«ལྟུང་བ»ཞེས་པའི་གློག་བརྙན་དེ་ནི་ཨི་ཐ་ལིའི་དངོས་ཡོད་རིང་ལུགས་གསར་ མའི་གློག་བརྙན་ཐོག་མར་ངོས་འཛིན་གནང་གིན་ཡོད།  ༡༩༤༥ལོར་རོ་བྷོ་ཐོ•རོ་ཞིས་ལིས་ཉིས་མཆོག་གི« རོ་མ།  སྒོ་ཕྱེ་བའི་གྲོང་ཁྱེར»(Rome, Open City)ཞེས་པ་སྒོར་ཐོན་ཅིང་།  དེ་ནི་དངོས་ཡོད་རིང་ལུགས་གསར་མའི་བསྒྲགས་གཏམ་ཡིག་ཆ་ལྟ་བུར་གྱུར། དེའི་རྗེས་སུ་དངོས་ཡོད་རིང་ལུགས་གསར་མའི་གློག་བརྙན་གྱི་ཚབ་མཚོན་བརྩམས་ཆོས་ ལ་རོ་ཞིས་ལིས་ཉིས་མཆོག་གི«ངེས་མེད་རྒོལ་རྡུང་རུ་ཁག»(༡༩༤༦ལོ)ཅེས་པ་ དང་།   ཝེ་དྷོ་ལིས་ཨོ•དྷི•ཞིས་ཁ་མཆོག་གི«ལྕགས་རྟ་རྐུ་མཁན»(༡༩༤༨ལོ)དང «ཝུན་བྷེའར་ཐོ•དྷི»(༡༩༥༡ལོ)དེ་མིན་དྷི•སངས་དྷིས་སི་མཆོག་གི«དཀའ་བ་སྤྱད་པའི་ འབྲས»(Riso amaro)(༡༩༤༩ལོ)དང«རོ་མའི་ཆུ་ཚོད་བཅུ་གཅིག་པ»(Roma ore 11)(༡༩༥༡ལོ)སོགས་ཡོད་ ལ། གློག་བརྙན་འདི་དག་ནི་གདོང་མང་མེ་ལོང་ཞིག་དང་འདྲ་བར་སྐབས་དེའི་ཨི་ཐ་ལིའི་ སྤྱི་ཚོགས་ཇི་མ་ཇི་བཞིན་དུ་མཚོན་པར་བྱས་ཡོད།  
     "དངོས་ཡོད་རིང་ལུགས་གསར་ མ"དེ་དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུ་བའི་ དུས་དཀྱིལ་གྱི་མཐོ་རླབས་འཇགས་རྗེས།  དེ་འཕྲལ་ཤུགས་རྐྱེན་རྒྱ་ཆེ་ཞིང་གཏིང་ཟབ་པའི་ལོ་རྒྱུས་ཤིག་ཏུ་གྱུར་ལ། དེང་རབས་གློག་བརྙན་ལོ་རྒྱུས་ཁྲོད་གསར་དུ་དར་བའི་གློག ་བརྙན་སྒྱུ་རྩལ་དང་གྲུབ་མཐའ་མང་པོ་ཞིག་ནི"དངོས་ཡོད་རིང་ལུགས་གསར་མའི"ལས་ འགུལ་ཁྲོད་འབྱུང་ཁུངས་རྙེད་པར་ནུས།  དཔེར་ན་དུས་རབས་ཉི་ཤུའི་དུས་སྨད་ཀྱི་སྐབས་ཐོག་གཅིག་རིང་དར་ཞིང་རྒྱས་པའི་ཆབ་ སྲིད་གློག་བརྙན་དང་ཆོས་ལུགས་གློག་བརྙན།  མི་རིགས་གློག་བརྙན་སོགས་ལའང"དངོས་ཡོད་རིང་ལུགས་གསར་མའི"གློག་བརྙན་གྱི་ཤུགས་ རྐྱེན་ཐེབས་ཡོད་ལ། དེང་རབས་གྲུབ་མཐའ་སྣ་ཚོགས་དང་ཐ་ན་དེང་རབས་ཕྱི་མའི་གློག་བརྙན་སྒྱུ་རྩལ་ཡང་ འདི་ལས་བྱུང་བ་ལྟ་བུའོ། །  
དེང་རབས་གློག་བརྙན་གྱི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བརྗོད་པའི་ལེའུ་ལས།    དངོས་ཡོད་རིང་ལུགས་གསར་མའི་གློག་བརྙན་བཤད་པ་སྟེ་དང་པོའོ། །  
 
 
                                                                                    སྨུག་རིས་མྱུལ་བཤེར་ལག་དེབ་རྩོམ་སྒྲིག་ཁང་གིས་རྩོམ་སྒྲིག་མཛད་པའི«གློག་བརྙན་ལག་དེབ»ལས་ཁོལ་དུ་ཕྱུང་སྟེ་བསྒྱུར་བ་དགེའོ། །  ༼མུ་འགོད༽
 

དཔྱད་མཆན་ཡོད།