བརྙན་མིག་གི་འགྱུར་དང་བརྙན་ཐུང་གི་སྐད།

གློག་བརྙན་གྱི་ཁྱབ་ཁོངས་ལས་གློག་བརྙན་དང་དངོས་བཤུས་གློག་བརྙན་གྱི་ཁྱད་པར་ནི་རྟོག་བཟོ་དང་རྟོག་བཟོ་མ་ཡིན་པའི་འབྲེལ་ཆོས་ལས་འབྱེད་པ་ཡིན།     དེ་ནི་གློག་བརྙན་དང་དངོས་བཤུས་གློག་བརྙན་གྱི་ཁྱབ་བྱའི་ཟུར་ངོས་གཅིག་ལ་བལྟས་ནས་བཤད་པ་ཡིན།      འཁྲབ་ཁྲིད་པ་གང་ཞིག་གིས་བརྙན་མིག་གི་འཛིན་བྱའི་ཡུལ་ནི་དངོས་ཡོད་ཚུར་ལེན་གྱི་ཐབས་དང་ནང་སེམས་ཀྱི་རྟོག་བཟོའི་རྩལ་ནི་གཙོ་བོ་འཁྲབ་ཁྲིད་པ་རང་ངོས་ནས་བྱུང་བའི་རིག་དཔྱོད་ཁྱད་པར་བ་དང་སྒྱུ་རྩལ་བློ་མིག་གི་འཇོན་ནུས་ལ་ཐད་ཀར་རག་ལས་བ་མ་ཟད།   འཚོ་བའི་ཉམས་རྟོགས་ཀྱི་ཀུན་གཞི་དང་ཤེས་ཡོན་བྱང་ཚད་ལ་དེ་ལས་ཀྱང་རག་ལས་བ་ཡིན།     ཉེ་བའི་ལོ་ངོ་འདི་དག་གི་རིང་ལ་བོད་ཀྱི་གློག་བརྙན་ཁྱབ་ཁོངས་ལས་བརྙན་ཕྲན་དང་བརྙན་ཐུང་།  བརྙན་དུམ།   བརྙན་གྱི་རིམ་པ་ཞིག་ཐོལ་གྱིས་འཕེལ་ཞིང་ལྷོད་ཀྱིས་འཇགས་པའི་གནས་སུ་བྱུང་འདུག་པས།      སྤྱིར་བཏང་གི་མིས་སྤྱིར་བཏང་གི་བྱ་དངོས་ཙམ་ལས་མཐོང་མི་སྲིད་པ་ནང་བཞིན།   འཁྲབ་ཁྲིད་པའི་ཆོ་ལོ་དང་ཟུར་ངོས་གང་ཞིག་འཛིན་ནུས་བའི་ཧོལ་རྒྱུགས་ཅན་གྱི་དཔུང་ནི་གད་མོ་སློང་བའི་རྒྱུ་ལས་མ་འདས།   འདི་རུ་བོད་ཀྱི་བརྙན་ཐུང་དང་བརྙན་ཕྲན་ལས་ཅུང་ལེགས་ཤོས་སུ་སྨིན་པའི་བརྙན་རིགས་ལ་གླེང་བ་བརྗོད་དང་དཔྱད་པའི་ཁམས་ཀྱི་སྤྲོ་མགུ་ངང་ངམ་གྱིས་གཏམས་པས།    བོད་ཀྱི་བརྙན་ཐུང་ལས་དངོས་བཤུས་བརྙན་ཐུང༼སྐལ་བཟང་གི་གཟའ་མཇུག༽ལ་རགས་ཙམ་གླེང་བར་འཇུག་པ་ལ།   

གློག་བརྙན་ནི་སྒྱུ་རྩལ་ཐོན་ལས་ཀྱི་རྣམ་པ་གསར་བ་དང་ཕྱོགས་བསྡུས་སུ་གྲུབ་པའི་ལག་རྩལ་གྱི་བདག་ཉིད་ཆེ་གྲས་ཞིག་ཡིན་ལ།   དུས་རབས་འདི་ཉིད་ལ་འོས་བའི་གཟུགས་འདུས་ཤེས་རིག་གི་ཁྱབ་ཁོངས་གཙོ་ཆེར་གྲུབ་པའི་རིགས་སུ་ཐེ།    བོད་བརྙན་ལས་དངོས་བཤུས་གློག་བརྙན་གྱི་རིམ་པར་ཁོངས་སུ་གཏོགས་པའི་བརྙན་ཐུང༼སྐལ་བཟང་གི་གཟའ་མཇུག༽ནི་སྤྱིར་བཏང་གི་བརྙན་མིག་མཚོན་ཐབས་ལས་སྤྱིར་བཏང་མ་ཡིན་པའི་བརྙན་རིས་ཀྱི་མཛེས་བ་དང་བདེན་པ།   རང་བྱུང་།  འཇགས་པ།  དལ་ལྷོད་ཀྱི་སྣང་བརྙན་བཞེངས་སྐྲུན་བྱས་སྟབས།   བརྙན་མིག་གི་འཛིན་སྟངས་ནི་བརྙན་རིས་ཀྱི་འགྱུར་བ་དང་འབྲེལ་འདུག་པས།   བརྙན་རིས་ལས་སྣང་བའི་བྱིས་གླུའི་དབྱངས་འགྲོས་སྙན་མོ་ཅིག་དང་སྦྲགས་ནས་བརྙན་རིས་ཀྱི་གཏམ་རྒྱུད་བརྩམས་བྱུང་།   ཁ་བའི་ཀློང་གི་རུ་སྡེ་ནི་ཡོངས་བརྙན་གྱི་ཟུར་ནས་དག་གཙང་གི་བྱིས་བློའི་སེམས་པ་དང་འདྲ་ཞིང་།  ཉེར་བརྙན་གྱི་ཐབས་ནས་བྱ་དངོས་མང་པོའི་རང་གཟུགས་བྱེ་བྲག་ཏུ་བབས་པ་ནི་ལྟ་མཁན་གྱི་སེམས་པ་ཁྲིད་བྱེད་ཀྱི་ཟུར་ཚད་གང་ཞིག་གི་སྐྱོམ་སྟངས་ཡིན་ལ།    དེ་ནི་ཟུར་ཚད་ཀྱི་འགྱུར་བ་ནི་བརྙན་མིག་གི་སྐད་བརྡ་ཡིན་པའི་བརྙན་ཐབས་བཀོལ་བ་ཡིན་ངེས།   ཚད་གཞི་ཞིག་གི་ངོས་ནས་བཤད་ན།   དངོས་བཤུས་བརྙན་ཐུང་འདི་ལས་བརྙན་ཐབས་ནི་གང་འདོད་ཀྱི་བརྙན་མིག随意镜头སྤྱད་ཡོད་ལ་འོད་འཛིན་གྱི་ཚད་ནི་དམའ་བས།  འོད་ལ་བརྟེན་ནས་བརྙན་མིག་གི་བརྡ་སྤྲོད་པའི་གཏམ་རྒྱུད་ཀྱི་ཆ་ནི་དབེན་འདུག   དེ་ནི་བརྙན་ཐུང་འདི་ལས་བྱུང་བའི་གནད་དོན་གང་ཞིག་མ་ཡིན་པར།  དངོས་བཤུས་གློག་བརྙན་དང་དངོས་བཤུས་བརྙན་མིག་གི་ལེན་ཐབས་དང་དགོས་ངེས་ཀྱི་ཟུར་ནི་ཡིན་སྲིད།   བདེན་པའི་བརྙན་མིག་བཙལ་ན་བརྙན་ཐབས་ནི་ཕྱི་ཡུལ་གྱི་འགྱུར་བ་གཙོ་གཞི་དང་བརྙན་མིག་གི་མཛེས་བ་ཕལ་བའི་གནས་སུ་བསྒྱུར་བ་ནི་ཧ་ལམ་དངོས་བཤུས་གློག་བརྙན་གྱི་གཞི་རྩའི་དགོས་གལ་ཡིན།   

ཁ་བ་ནི་མཚོན་དོན་ཞིག་ཡིན་ལ་བྱིས་པ་ནི་ཁ་བར་འཐིམས་པའི་གཏམ་རྒྱུད་ཀྱི་བྱུང་བ་ཡིན།  འདིར་བརྙན་མིག་ལས་སྣང་བའི་བརྗོད་བྱའི་བྱུང་བ་ནི་བོད་ཀྱི་བྱིས་པ་ཞིག་གི་ནང་སེམས་བརྙན་མིག་གིས་བཙལ་ཞིང་བྱིས་པའི་འཚོ་བ་བརྙན་ཐབས་ལས་རྙེད་པའི་དྭངས་གཙང་གི་བརྙན་རིས་དང་ལྷོད་འཇགས་ཀྱི་བརྙན་རིས་བསྡེབས་པའི་མཛེས་བ་ཁྱད་པར་བ་ཞིག་ངང་ངམ་ཤུགས་ཀྱིས་གཏམས་ཡོང་།    དེ་ནི་རང་བྱུང་ཁམས་དང་ཆེས་ཆེར་ཉེ་བའི་བྱིས་པའི་ལྷིང་འཇགས་ཀྱི་འཚོ་བ་དང་འཚོ་བའི་རང་མདངས་ཀྱི་ཁ་དོག་ཉིད་དང་འབྲེལ་འདུག་པས་ཡིན་ངེས།   མ་ཟད༼སྐལ་བཟང་གི་གཟའ་མཇུག༽གི་བྱིས་པའི་གཏམ་རྒྱུད་ཀྱི་ནང་དོན་གྱི་ཟུར་ངོས་གཞན་ནས་བཤད་ན།   ལར་འབྲོག་ཕྲུག་ཅིག་ལ་གཟའ་མཇུག་གི་འཚོ་བ་ཞེས་བའི་འཚོ་བ་ཞིག་ནི་མ་གྲུབ།   རང་བྱུང་གི་མི་ལ་རང་བྱུང་གི་མིའི་འཚོ་སྟངས་ནི་རང་དབང་ཞིག་ལས་སྒྲིག་བཀོད་ལས་གྲུབ་པའི་འཚོ་བ་བཀག་སྡོམ་ཅན་དང་སྒེར་སྡོམ་ཅན་ནི་མིན་མོད།   དེ་རིང་གི་འཚོ་བའི་སྒྲོམ་གཞི་ནི་བྱིས་པའི་རྩེད་ར་ལས་བྱུང་བའི་དུས་རིམ་ཞིག་མ་ཡིན་པར།   མིའི་སྤྱི་ཚོགས་ཀྱི་གསར་སྣང་ལས་བཀོད་པའི་སྒྲོམ་གཞི་ཞིག་གི་གོ་རིམ་ཡིན།   གོ་རིམ་དེ་ནི་སྐལ་བཟང་གི་འཚོ་བ་ཡིན་ལ་རང་དབང་མ་ཡིན་པའི་འཚོ་བ་དེ་བས་ཀྱང་ཡིན།  

དབུགས་ཧལ་ཧལ་གྱི་སྒྲ་ལས་བྱིས་པའི་ལས་དབང་མཚོན་པ་མ་ཡིན་པར་བརྙན་ལེན་པའི་ཚེགས་རིམ་ལས་མྱངས་བའི་ལམ་གྱི་རྔུལ་ཆུ་ཡིན་མོད།   བརྙན་ཐུང་རང་ངོས་ལས་སྦྱར་ན་དེ་ནི་བྱིས་པའི་འབྱུང་འགྱུར་གྱི་འཚོ་བའི་རྩུབ་བརྡར་དང་བྲེལ་ཟིང་གི་བརྡ་མངོན་པའི་ཚོར་ཤེས་ཀྱང་སྐྱེས་ཡོང་།    བརྙན་ཐུང་གི་བརྙན་རིས་དང་འགྲོས་ནས་བྱིས་གླུ་སྙན་དབྱངས་ཅིག་གིས་གཟའ་མཇུག་གི་འཚོ་བའི་ཕྱི་ནང་དང་བྱིས་པའི་རྩེད་ར་ཞིག་གི་གཏམ་རྒྱུད་ཁ་བར་འཐིམས་སོང་།    བརྙན་མིག་གིས་འཛིན་པའི་འགྱུར་བ་ནི་ཡུལ་ལུང་གི་བྱིས་པའི་གཟའ་མཇུག་གི་འཚོ་བ་ཡིན་མོད།     འཚོ་བ་དེ་ལས་ཕྱིར་དྲན་གྱི་བརྗེད་ཐོ་ཞིག་བརྙན་རིས་སུ་བཞེངས་བ་ནི་འཁྲབ་ཁྲིད་པའི་དུས་སྐབས་ཤིག་གི་ལུང་བའི་ངོ་གདོང་ཞིག་བཙལ་བ་ཡིན་ལ།    ངོ་གདོང་དེ་ནི་མིའི་འཚོ་སྟངས་དང་དུས་བབ་ཀྱི་འགྱུར་བ་ཁོ་ན་ཡིན།    དེ་འབྲེལ་གྱི་རི་ཆུའི་སྣང་བརྙན་ནི་ཕལ་བའི་ཕལ་བ་རུ་བཀོད།    དེ་རིང་གི་བརྙན་ཐུང་འདི་ནི་ལོ་རབས་དུ་མ་དང་དུས་རབས་གཅིག་གི་རྗེས་ནས་བལྟས་ཚེ།   ད་ནི་བརྙན་ཐུང་གི་རིན་ཐང་ནི་བརྙན་ཚགས་ཀྱི་བང་མཛོད་ལ་མཁོ་བའི་བརྙན་མིག་གཅེས་ཉར་ཅན་དུ་འགྱུར་ངེས།  

དཔྱད་མཆན་ཡོད།