བོད་ལྗོངས་གློག་བརྙན་བརྙན་འཕྲིན་སྒྱུར་བཟོ་ལྟེ་གནས་ཀྱི་རྒན་བསྟན་དབང་ལ་བཅར་འདྲི་བྱས་པ།

བཅར་འདྲི་བྱ་ཡུལ།  བོད་ལྗོངས་གློག་བརྙན་བརྙན་འཕྲིན་སྒྱུར་བཟོ་ལྟེ་གནས་ཀྱི་རྒན་བསྟན་དབང་།
བཅར་འདྲི་བྱེད་མཁན།  བོད་ལྗོངས་སློབ་ཆེན་09བོད་སྐད་ཡིག་རིག་གཞུང་སློབ་གླིང་གི་༼ ཡིག་སྒྱུར་འཛིན་གྲྭ ༽སློབ་མ་དངོས་གྲུབ།
ས་གནས།  བོད་ལྗོངས་གློག་བརྙན་བརྙན་འཕྲིན་སྒྱུར་བཟོ་ལྟེ་གནས།
དུས་ཚོད།  2012ལོའི་ཟླ་བ་11པའི་ཚེས་9དང་14ཉིན།

                                                                        བཅར་འདྲི་འདི་ཡི་གེར་ཕབ་སྐབས། གོ་བདེ་བའི་ཆེད་དུ་ཅུང་བཟོ་བཅོས་བྱས་པ་ལས་ནང་དོན་ལ་འགྱུར་བ་མེད།


འདྲི། བོད་ལྗོངས་བརྙན་འཕྲིན་འཁྲབ་ཚན་ཡིག་སྒྱུར་གྱི་བྱ་གཞག་འདི་ག་དུས་འགོ་བཙུགས་མིན་སྐོར་སྟབས་བདེ་ཞིག་གསུངས་རོགས་གནང་།

     ལན། དེ་ནི་1982ལོར་འགོ་བཙུགས་པ་རེད། སྐབས་དེ་དུས་བརྙན་འཕྲིན་ཡིག་སྒྱུར་བྱ་གཞག་ལ་དོ་ཁུར་གནང་མཁན་ཚོས་ཡིག་ཐོག་སྙན་ཞུ་ཕུལ་བ་དང་ཡང་མིན་ན། གྲོས་མོལ་ཚོགས་འདུའི་སྐབས་རེ་ཞུ་བྱས་རྐྱེན། གོང་རིམ་ནས་ཀྱང་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེར་མཐོང་ཆེན་གནང་ནས། ཆེད་མངགས་ནུབ་བཅུག་ལས་གྲྭ་ (西进工厂)ཟེར་བའི་བྱ་འགུལ་ཞིག་སྤེལ་བའི་ནང་། གྲངས་ཉུང་མི་རིགས་ལ་ལོ་རེ་བཞིན་རིན་མེད་ཀྱི་བརྙན་འཕྲིན་འཁྲབ་ཚན་ལེའུ་ངེས་ཅན་གཅིག་སྟེར་རྒྱུའི་ཐག་གཅོད་བྱུང་བ་རེད། ན་ནིང་གཞེས་ཉིན་ནས་བཟུང་། རྒྱལ་ཁབ་གློག་བརྙན་བརྙན་འཕྲིན་ཅུས་ནས་གྲངས་ཉུང་མི་རིགས་ཁག་ལ་ལོ་རེར་རིན་མེད་ཀྱི་ལེའུ་2000གཡས་གཡོན་ཞིག་གནང་གི་འདུག དེ་ནི་ཤིན་ཅང་དང་ང་ཚོ་བོད་ལྗོངས་ཙམ་མ་ཟད་ཁམས་པའི་ལེ་ཚན་དང་དཀར་མཛེས་ཁུལ་སོགས་ལའང་གནང་གི་ཡོད་པ་འདྲ། ཡིན་ནའི་ཤུགས་ཆེ་ཤོས་དེ་ང་ཚོ་བོད་ལྗོངས་དང་ཤིན་ཅང་ཡིན་པ་འདྲ།

འདྲི། བྱས་ན། ལོ་གཅིག་ནང་བརྙན་འཕྲིན་འཁྲབ་ཚན་ཡིག་སྒྱུར་གྱི་ལས་འགན་དེ་གང་ འདྲ་ཞིག་ཡིན་ནམ།

     ལན། དེར་ངེས་གཏན་གྱི་ཚད་གཞི་ཞིག་ཡོད་མ་རེད། ལས་འགན་དེར་ཐོག་མར་ལོ་རེར་ལེའུ་ལྔ་བརྒྱ་ཙམ་ནས་དེ་རྗེས་ལོ་རེ་བཞིན་བསྒྲུར་བཟོའི་ལས་འགན་དེ་ཇེ་མང་དུ་འགྲོ་ཀི་འདུག དཔེར་ན། ན་ནིང་གི་ལས་འགན་དེ་ཆུ་ཚོད1300རེད། ད་ལོ་ལས་འགན་དེ་ཆུ་ཚོད་1400ལ་འཕར་བ་རེད། སྤྱིར་བརྙན་འཕྲིན་འཁྲབ་ཚན་ཡིག་སྒྱུར་གྱི་ལས་འགན་དེ་ལོ་རེ་བཞིན་འཕར་འགྲོ་ཀི་འདུག

འདྲི། མིག་སྔར་རྒྱ་སྐད་བརྙན་འཕྲིན་བོད་འགྱུར་བྱེད་པའི་ཁྲོད་དཀའ་ངལ་ཆེ་ཤོས་གང་ཡིན་ ནམ།

     ལན། ཆ་ཚང་བའི་བརྙན་འཕྲིན་ཞིག་བོད་འགྱུར་བྱེད་པར་བརྒྱུད་རིམ་རྙོག་འཛིང་ཆེན་པོ་ཞེ་དྲག་ཡོད་རེད། ད་ག་ནང་བཞིན་གྱི་དཀའ་ངལ་ཡང་མང་པོ་ཞེ་དྲག་འཕྲད་ཀི་རེད། ང་ཚོ་བོད་ལྗོངས་གློག་བརྙན་བརྙན་འཕྲིན་སྒྱུར་བཟོ་ལྟེ་གནས་ལ་བཤད་ནའང་དེ་ལྟར་གྱི་དཀའ་ངལ་མང་་་་་་དག་ཅིག་འཕྲད་ཀྱི་འདུག དེའི་ནང་ནས་དཀའ་ངལ་ཆེ་ཤོས་དེ་ལས་མི་འདང་གི་མིན་འདུག ང་ཚོའི་འདིར་ལས་མི་ངོ་མ་སུམ་ཅུ་ཡང་ཟིན་གྱི་མེད། དེའི་ནང་ནས་མང་ཆེ་བ་ནི། སྤྱི་ཚོགས་སྟེང་གི་གནས་སྐབས་གླ་པར་བརྟེན་ཏེ། ལས་འགན་འགྲུབ་ཐབས་བྱས་ནས་རྒྱ་ཆེའི་མང་ཚོགས་རྣམས་ཀྱི་དགོས་མཁོ་སྐོང་ཐབས་བྱེད་ཀི་ཡོད། ཡིག་སྒྱུར་གྱི་ངོས་ནས་བཤད་ནའང་ད་ག་རང་རེད། དེ་སྔ་ཆེད་ལས་ཡིག་སྒྱུར་གནང་མཁན་གསུམ་ཡོད་ཀྱང་། གཅིག་ནི་ན་ནིང་ལས་འཁྱུར་ངལ་གསོ་གནང་བ་རེད། ད་ལྟ་ཆེད་ལས་ཀྱི་བརྙན་འཕྲིན་འཁྲབ་ཚན་ཡིག་སྒྱུར་བྱེད་མཁན་ང་དང་དགེ་རྒན་གཞན་ཞིག་ལས་མེད། ད་ལྟའི་ངོས་ནས་བཤད་ན། དགེ་རྒན་གཞན་ཁོང་ནི་ཚོགས་ཆེན་བཅོ་བརྒྱད་རིང་ཡིག་སྒྱུར་གནང་བར་ཕེབས་པ་རེད། བྱས་ཙང་། བརྙན་འཕྲིན་འཁྲབ་ཚན་གྱི་ཡིག་སྒྱུར་ལས་འགན་དེ་ཡང་། མང་ཆེ་བ་སྤྱི་ཚོགས་སྟེང་གི་བརྙན་འཕྲིན་འཁྲབ་ཚན་ཡིག་སྒྱུར་གནང་རྒྱུར་དོ་ཁུར་རམ་དགའ་ཞེན་ཆེ་བའི་ཕྱི་མིར་དུས་བཀག་གི་ལས་འགན་སྤྲད་རྗེས། ང་ཚོས་ཞུ་དག་གི་ཚུལ་དུ་བྱས་ནས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ལས་འགན་འགྲུབ་ཐབས་བྱེད་ཀི་ཡོད། བརྒྱུད་རིམ་དེར། ང་ཚོར་དཀའ་ངལ་མང་དག་ཅིག་འཕྲད་ཀྱི་འདུག དཔེར་ན། བརྡ་ཆད་གཅིག་པ་མི་ཡོང་བ། ལྷག་པར། ཡིག་སྒྱུར་བའི་ཆུ་ཚད་མི་འདྲ་བས། ནང་དོན་ཐད་ཧེ་བག་ཆེན་པོ་ཤོར་འགྲོ་ཀི་འདུག དེས་ཐད་ཀར་བརྙན་འཕྲིན་འཁྲབ་ཚན་གྱི་སྤུད་ཚད་ལ་ཐུག་གི་རེད། ཡིན་ནའི་ཡིག་སྒྱུར་བྱེད་མཁན་མི་འདང་བའི་རྐྱེན་གྱིས་ང་ཚོར་ཡང་ཐབས་ཤེས་གཞན་མིན་འདུག སྒྲ་སྦྱོར་མཁན་གྱི་ངོས་ནས་བཤད་ནའང་ལས་མི་མི་འདང་བས་རྐྱེན་གྱིས། གནས་སྐབས་གླ་པར་བརྟེན་ནས་སྒྲ་སྦྱོར་བ་ལས་ཐབས་གཞན་མིན་འདུག ད་ལྟ་སྒྲ་སྦྱོར་མཁན་གྱི་གནས་སྐབས་གླ་པ་གཞོན་ནུ་ཁ་ཤས་ཡོད། ཁོ་ཚོ་ནི་དེ་སྔ་གཞུང་ཞབས་པའི་ཡིག་ཚད་མ་འཕྲོས་པས་ང་ཚོའི་འདིར་གནས་སྐབས་ལས་མིར་་་་་ཡོང་བ་རེད། ཁོང་ཚོས་རང་ཉིད་ཀྱི་བརྩོན་འགྲུས་ལ་བརྟེན་ནས་ད་ལྟ་སྒྲ་སྦྱོར་སྟངས་ཧ་ཅང་ལེགས་པོ་ཆགས་ཡོད། ཡིན་ནའི་ད་ལོ་ཁོ་ཚོ་མང་ཆེ་བ་གཞུང་ཞབས་པའི་ཡིག་རྒྱུགས་ལོན་ཙང་། ཁོ་ཚོ་ཡང་རང་ཉིད་ཀྱི་ཕུག་རིང་འདུན་ལམ་ཆེད་དུ། གཅིག་རྗེས་གཉིས་མཐུད་ཀྱི་ང་ཚོའི་འདི་ནས་ཐོན་ཕྱིན་སོང་། དྲངས་པོ་བཤད་ན། ང་དངོས་ནས་ཕངས་པོ་ཞེ་དྲག་འདུག་ཡིན་ནའི་ཐབས་ཤེས་གང་ཡོད། ང་ཚོས་གོང་རིམ་ལ་ཡང་ཆེད་ལས་ཀྱི་སྒྲ་སྦྱོར་མཁན་དང་ཡིག་སྒྱུར་མི་སྣ་ལས་བགོས་གནང་རྒྱུའི་རེ་བ་ཐེངས་མང་ཞུས་ཀྱང་ད་ལྟའི་བར་ཐག་གཅོད་གནང་མ་བྱུང་།

འདྲི། བརྙན་འཕྲིན་འཁྲབ་ཚན་གྱི་ཡིག་སྒྱུར་དེར་ཡིག་སྒྱུར་གཞན་དག་དང་མི་འདྲ་བའི་ དམིགས་བསལ་གྱི་ཁྱད་ཆོས་སམ་རེ་བ་གང་ཡོད།

     ལན། དེར་ཡིག་སྒྱུར་གཞན་དང་མི་འདྲ་བའི་ཁྱད་ཆོས་མང་པོ་ཡོད་ཀི་རེད། ཡིན་ནའི་ང་རང་གི་ཉམས་མྱོང་ལྟར་ན། དམིགས་བསལ་གྱི་ཁྱད་ཆོས་ནི། བརྙན་འཕྲིན་འཁྲབ་ཚན་གྱི་ཡིག་སྒྱུར་དེ་རིག་གཞུང་ཡིག་སྒྱུར་དང་མི་འདྲ་བར་ཡི་གེའི་གྲངས་ཚད་ལ་ངེས་ལྡན་གྱི་ཚད་བཀག་ཅིག་འདུག རིག་གཞུང་ཡིག་སྒྱུར་བྱེད་སྐབས་མ་ཡིག་གི་ནང་དོན་མ་འགྱུར་བའི་རྨང་གཞིའི་ཐོག བུ་ཡིག་གི་ཡིག་འབྲུའི་གྲངས་དེ་མང་ཉུང་གང་འདོད་ཀྱི་མཚོན་ན་འགྲིག་གི་རེད། འོན་ཀྱང་། གློག་བརྙན་བརྙན་འཕྲིན་ཡིག་སྒྱུར་ནི། དེ་ལྟར་མ་ཡིན་པར། བུ་ཡིག་གི་ཡིག་འབྲུའི་གྲངས་དེ་ངེས་པར་དུ་མ་ཡིག་ཡིག་འབྲུའི་གྲངས་དང་སྤྱིར་མང་ཉུང་གཅིག་མཚུངས་ཡིན་དགོས། དེ་ལྟར་མ་བྱུང་ཚེ། སྒྲ་སྦྱོར་༼ 配音 ༽སྐབས་བརྗོད་བྱ་མི་བདེ་བ། བརྙན་རིས་ནང་གི་མི་སྣའི་བར་གཏམ་བརྗོད་བྱེད་སྐབས་ཁའི་གདང་བཙུམས་དང་ཕྱག་རྒྱ་སོགས་མི་མཚུངས་པ་མ་ཟད། བརྙན་འཆར་ཡིག་རིས་༼字幕༽བརྐོས་སྐབས་བརྙན་ངོས་ནང་མི་ཤོམ་པ་སོགས་སྐྱོན་ཆ་མང་དག་ཐོན་སྲིད་ཀྱི་འདུག

     ལྷག་པར་དུ། བརྗོད་བྱ་གཙོའི་གླུ་གཞས་སྒྱུར་སྐབས་དེ་བས་དོ་སྣང་བྱེད་དགོས། གང་ཡིན་ཟེར་ན། བརྗོད་བྱ་གཙོ་བོའི་གླུ་གཞས་ནི། གློག་བརྙན་བརྙན་འཕྲིན་གྱི་ལེའུ་ཆ་ཚང་གི་ནང་དོན་རྡོག་རྡོག་དེ་མཚོན་ཐུབ་པས། ང་ཚོས་ཀྱང་དེར་དོ་སྣང་ཆེན་པོ་བྱས་ནས། སྐད་རིས་གཉིས་ལྡན་གྱིས་ཐོག་ནས། གང་ཐུབ་ཀྱི་འགྱུར་ཐབས་བྱེད་ཀྱི་ཡོད། དེའི་ནང་གི་སྐད་ཅེས་པ་ནི། བོད་སྐད་ཀྱི་ཐོག་ནས་གླུའི་ནང་དོན་མཚོན་པ་དང་། རིས་ཤེས་པ་ནི། བརྙན་འཆར་ཐོག་བོད་སྐད་ཡིག་གི་ཡིག་འབྲུ་དེ་བརྐོས་པ་དེར་ཟེར་གྱི་རེད། བྱས་ཙང་། གནད་དོན་དེར་དོ་སྣང་བྱེད་དགོས་པ་གསུམ་ཡོད་འདུག

     1 ཡག་ཤོས་བྱུང་ན། བུ་ཡིག་ཡིག་འབྲུའི་གྲངས་དེ་མ་ཡིག་ཡིག་འབྲུའི་གྲངས་དང་གཅིག་མཚུངས་ཡིན་དགོས། གང་ཡིན་ཟེར་ན། གླུ་གཞས་ཡིག་སྒྱུར་དེ་ཡིག་སྒྱུར་གཞན་དང་མི་འདྲ་བར། ངེས་པར་དུ་མ་ཡིག་གླུ་དབྱངས་ཀྱི་སྐད་གདངས་དང་། འགྱུར་ཁྱུག ཚིག་གི་གཅོད་མཚམས་སོགས་གཅིག་མཚུངས་ཡིན་དགོས། དེ་ལྟར་མ་བྱུང་ཚེ། དང་ཐོག་མ་ཡིག་གི་སྐད་གདངས་ལས་མཚོན་པའི་གདངས་དེར་འགྱུར་བ་ཆེན་པོ་བྱུང་ནས་བོད་སྐད་ཐོག་ནས་གླུ་དབྱངས་ལེན་ཁག་པོ་ཆག་གི་རེད།

     2 གལ་ཏེ་གོང་དུ་བཤད་པའི་རེ་བ་འགྲུབ་ཁག་པོ་ཡིན་ན། མ་ཡིག་གླུ་གཞས་ཀྱི་ནང་དོན་མ་འགྱུར་བའི་རྨང་གཞིའི་ཐོག ཚིག་གི་རྐང་པའི་གྲངས་དེ་རིང་ཤོས་ལ་ཚིག་རྐང་བཅུ་གཅིག་ནས་མི་འགལ་བའི་རེ་བ་བྱེད་ཀྱི་ཡོད། དེ་ལྟར་མ་བྱུང་ཚེ། གླུ་ཚིག་ཡིག་བརྙན་(字幕)དུ་བརྐོས་སྐབས་འཆར་ངོས་ནང་ཤོམ་པ་ཁག་པོ་བྱེད་ཀི་རེད།

     3 བརྙན་ཡིག་ཏུ་བརྐོས་པའི་གླུ་ཚིག་གི་དག་ཆ་དང་དུས་གསུམ། ཤད་ཀྱི་སྤྱོད་སྟངས་སོགས་ལ་ངེས་པར་དོ་སྣང་བྱེད་དགོས། གང་ཡིན་ཟེར་ན། གློག་བརྙན་བརྙན་འཕྲིན་ནི་ཁྱབ་རྒྱ་ཧ་ཅང་ཆེ་བས། ཚད་ལྡན་གྱི་ཡིག་བརྙན་བརྐོས་པ་དེས། བོད་ཀྱི་སྐད་དང་ཡི་གེར་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུར་ནུས་པ་ཆེན་པོ་ཐོན་ཐུབ་ཀི་རེད། གལ་ཏེ། ཚད་ལྡན་ཞིག་མ་ཡིན་པར་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ལས་འགལ་བའི་གང་བྱུང་དུ་སྤྱད་ན། ནུས་པ་ཐོན་རྒྱུ་ལྟ་ཞོག་ལོག་ལམ་དུ་འཁྲིད་རྒྱུ་རང་རེད།

     ཞོར་དུ་བཤད་དགོས་པ་ཞིག་ལ། བརྙན་འཕྲིན་འཁྲབ་ཚན་ཡིག་སྒྱུར་གྱི་ཁ་ཕྱོགས་ས་རྒྱ་ཆེ་བའི་མང་ཚོགས་ཡིན་རྐྱེན། དེར་ཁ་སྐད་རང་བཞིན་གྱི་རེ་བ་ཆེན་པོ་ལྡན་ཡོད། དེས་ན། ང་ཚོས་ཡུལ་སྐད་ལ་གཡོལ་གང་ཐུབ་བྱས་ནས་བོད་རིགས་མཐུན་མོང་ལ་མཁོ་བའི་སྐད་ཆར་སྒྱུར་ཐབས་་་བྱེད་ཀི་ཡོད། ཡིན་ནའི་དགོས་ངེས་ཀྱི་སྐབས་སུ་ཡིག་སྐད་སྤྱོད་དགོས་པ་ཡང་ཡོད། དཔེར་ན། གནའ་རབས་གློག་བརྙན་(古装剧)དང་ལོ་རྒྱུས་གློག་བརྙན་སོགས་ལ་ཡིག་སྐད་ཅུང་ཡོད་ན་ཡག་པ་ཡོད། ལྷག་པར། འཁྲབ་གཞུང་ནང་གནས་འབབ་མཐོ་བའི་མི་སྣ་དང་རིག་གནས་མཐོ་བའི་མི་སྣས་གཏམ་བརྗོད་བྱེད་སྐབས། ཡིག་སྐད་ཅུང་རྒྱབ་ན་ཁོའི་ཉམས་མཐོ་ལོས་ཁོ་ར་འདྲ་ཀི་མ་རེད།

འདྲི། བྱས་ན་རྒན་ལགས་ཁྱེད་རང་གི་ལོ་མང་ཉམས་མྱོང་ལྟར་ན། ཡིག་འབྲུའི་གྲངས་དེར་ ཚོད་འཛིན་བྱེད་པའི་ཐབས་ཤེས་ཡག་ཤོས་གང་ཡོད་ནམ།

     ལན། ང་རང་གི་ལོ་མང་ཉམས་མྱོང་ལྟར་ན། ཡིག་འབྲུའི་གྲངས་ལ་ཚོད་འཛིན་བྱེད་པའི་ཐབས་ཤེས་ཡག་ཤོས་དེ་ནི་དོན་སྒྱུར་བྱ་རྒྱུ་དེ་རང་རེད་བསམ་ཀི རྒྱ་བོད་ཡིག་སྒྱུར་བྱེད་སྐབས། སྤྱིར་བུ་ཡིག་བོད་སྐད་ཡིག་གི་ཡིག་འབྲུའི་གྲངས་དེ་མ་ཡིག་རྒྱ་ཡིག་གི་ཡིག་འབྲུའི་གྲངས་ལས་མང་བ་ཡོད། དེ་ནི། ཡིག་སྒྱུར་ལ་དོ་སྣང་བྱེད་མཁན་ཚང་མས་མཁྱེན་གསལ་རེད། དེར་བརྟེན། གློག་བརྙན་བརྙན་འཕྲིན་ཡིག་སྒྱུར་བྱེད་སྐབས་ཡིག་སྒྱུར་ཀུན་དང་འདྲ་བར། 《སྒྲ་སྦྱོར་བམ་གཉིས་》ནང་གཏན་འབེབས་བྱས་པའི་རྩ་དོན་ཆེན་པོ་གསུམ་༼ གཅིག བྱ་ཀ་ར་ཎའི་སྒྲའི་ལུགས་དང་མཐུན་པ། གཉིས། ཆོས་ཀྱི་གཞུང་ལས་འབྱུང་བའི་བརྗོད་བྱའི་དོན་དང་འགལ་མི་རུང་བ། གསུམ། བོད་མི་རང་གིས་གོ་བདེ་བ། ༽ལས་མ་འགལ་བའི་རྨང་གཞིའི་སྟེང་། དོན་སྒྱུར་གཙོར་བཟུང་དུ་བྱས་ནས་ངེས་པར་དུ་བོད་ཡིག་གི་ཡིག་འབྲུའི་གྲངས་དེར་ཚོད་འཛིན་ཐུབ་པ་བྱེད་དགོས། དེ་ནི། ངས་གློག་བརྙན་བརྙན་འཕྲིན་ཡིག་སྒྱུར་བྱས་པའི་ཉམས་མྱོང་ཁྲོད་གལ་འགངས་ཆེ་ཤོས་ཤིག་རེད་བསམ་གྱི་འདུག དེར་བརྟེན། གློག་བརྙན་བརྙན་འཕྲིན་ཡིག་སྒྱུར་བྱེད་སྐབས་ས་མིང་དང་མི་མིང་། གོ་གནས། ཡོན་གནས་སོགས་སྒྲ་སྒྱུར་བྱེད་པ་ཕུད། གཙོ་བོ་དོན་སྒྱུར་དང་ཐད་ལོག་སྒྱུར་༼ དཔེར་ན། མ་ཡིག “你把他转移到安全的地方”ཞེས་པ་དེ་སྒྱུར་སྐབས། “རང་གིས་ཁོ་བདེ་འཇགས་ཡོད་ས་ཞིག་ལ་ཁྲིད་རྒྱུགས།”ཅེས་མ་སྒྱུར་བར། “རང་གིས་ཁོ་ཉེན་ཁ་མེད་ས་ཞིག་ལ་ཁྲིད་རྒྱུགས།”ཅེས་སྒྱུར་ན་ལེགས། དེ་ལྟར་སྒྲ་སྦྱོར་བདེ་ཅིང་ཉན་མཁན་ཡང་རྣ་བར་འཇུག་བདེ་བའི་ཁྱད་ཆོས་འདུག ༽གྱི་ཐབས་སྤྱོད་མཁོ་ཆེ་བ་འདུག ལྷག་པར། དུམ་མཚམས་ཆེ་རིགས་ཡིག་སྒྱུར་བྱེད་སྐབས། དུམ་བུ་དེའི་ནང་གི་ནང་དོན་གཙོ་བོ་དེ་ཚུར་བོད་ཡིག་ཏུ་སྒྱུར་ཡོང་བ་ལས། རྡོ་ཆག་བཙན་འགྲིག་གིས་མ་ཡིག་རྒྱ་ཡིག་གི་ཡིག་འབྲུ་དེ་རེ་རེ་བཞིན་སྒྱུར་བའི་དགོས་པ་གཅིག་ཀྱང་མེད། བྱས་ཙང་། གློག་བརྙན་བརྙན་འཕྲིན་ཡིག་སྒྱུར་བྱེད་སྐབས། དོན་སྒྱུར་གྱི་དགོས་གལ་ཤིན་ཏུ་ནས་ཆེན་པོ་འདུག དེ་ལྟར་བྱུང་ཚེ་བུ་ཡིག་བོད་སྐད་ཡིག་གི་ཡིག་འབྲུའི་གྲངས་དེར་ཚོད་འཛིན་ཐུབ་ཀི་རེད།

འདྲི། རྒན་ལགས་ཁྱེད་རང་གི་གསུང་ན། རྒྱ་སྐད་བརྙན་འཕྲིན་འཁྲབ་ཚན་བོད་འགྱུར་མ་ ལེགས་པོ་བྱེད་དགོས་ན། ཆ་རྐྱེན་གང་དག་ལྡན་དགོས།

     ལན། ང་རང་བརྙན་འཕྲིན་འཁྲབ་ཚན་ཡིག་སྒྱུར་ལ་འཇོན་པས་བཤད་པ་དེ་འདྲ་མིན། ཡིན་ནའི་ང་རང་གིས་ལོ་མང་བརྙན་འཕྲིན་འཁྲབ་ཚན་ཡིག་སྒྱུར་གྱི་ཉམས་མྱོང་བཞིན་བཤད་ན། གཙོ་བོ་ཆེ་ཤོས་གནད་དོན་བཞི་འདུག་སབམ་ཀི

1 རྒྱ་བོད་སྐད་རིགས་གཉིས་ལ་བྱང་ཆུབ་པ་ཞིག་དགོས།

     དེ་ནི་ཆ་རྐྱེན་དང་པོ་ཡིན་མིན་བཤད་མི་དགོས་པ་རེད། ལྷག་པར། བུ་ཡིག་བོད་སྐད་ཡིག་གི་བརྡ་སྤྲོད་དང་དག་ཆ། ཚིག་གི་སྦྱོར་སྟངས་སོགས་ངེས་པར་མཁས་པོ་ཞིག་ཡོད་དགོས། མི་ཁ་ཤས་ཀྱིས་ཡིག་སྒྱུར་ཅེས་པ་ནི། རྒྱ་སྐད་དང་བོད་སྐད་ཤེས་ན་འགྲིག་གི་རེད་ཅེས་སྣང་བྱུང་གིས་བཤད་ཀྱི་འདུག ཡིན་ནའི་དོན་དངོས་སུ་དེ་ལྟར་མ་ཡིག་བུ་ཡིག་ཤེས་པ་ཙམ་མ་ཡིན་པར། ངེས་པར་དུ་ངེས་ལྡན་གྱི་ཆུ་ཚད་ཡོད་དགོས་པ་དང་། ལྷག་པར། ཡིག་སྒྱུར་གྱི་གོམས་ཆ་ངེས་ལྡན་དགོས་པ་ཞིག་རེད།

2 ཤེས་བྱ་རྒྱ་ཆེན་པོ་དགོས།

     བརྙན་འཕྲིན་འཁྲབ་ཚན་ཡིག་སྒྱུར་སྐབས་བསྒྱུར་བྱའི་ནང་དོན་དེ་ཧ་ཅང་གི་ཁྱབ་རྒྱ་ཆེན་པོ་ཡོད། འཕྲོད་བསྟེན་ཐོག་ཐུག་གི་རེད་ལ། ཞིང་ལས་དང་། བཟོ་ལས། དངོས་ཁམས། དམག་དོན་སོགས་ཁྱབ་རྒྱ་ཆེན་པོ་ཡིན་པས། ངེས་པར་ཤེས་བྱ་རྒྱ་ཆེན་པོ་ཡོད་དགོས། དཔེར་ན། ལོ་རྒྱུས་གློག་བརྙན་ཞིག་ཡིག་སྒྱུར་བྱེད་སྐབས། སྐབས་དེ་དུས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་ལ་རྒྱུས་མངའ་ཡོད་ན། རང་གི་གློག་བརྙན་བརྙན་འཕྲིན་དེ་ཡིད་ཆེས་དང་བློ་ཁོག་ཆེན་པོ་སྒྱུར་ན་འགྲིག་གི་རེད། དེ་ལྟར་མིན་ན། ཐ་ན་ལོ་རྒྱུས་ལ་འཁྱོགས་བཤད་དུའང་འགྲོ་ཉེན་ཆེན་པོ་ཡོད། བྱས་ཙང་། གློག་བརྙན་ཡིག་སྒྱུར་ལེགས་པོ་བྱེད་པར་ངེས་པར་དུ་རང་གི་ཤེས་བྱ་དེ་རྒྱ་ཆེན་པོ་ཡོད་དགོས།

3 དེར་དགའ་ཞེན་གྱི་བསམ་པ་ཞིག་ཡོད་དགོས།

     བརྙན་འཕྲིན་འཁྲབ་ཚན་ཡིག་སྒྱུར་ནི། ཡིག་སྒྱུར་གཞན་དང་མི་འདྲ་བར། བརྒྱུད་རིམ་རྙོག་འཛིང་ཆེ་བ་ཞིག་རེད། མ་ཡིག་བརྙན་འཕྲིན་འཁྲབ་ཚན་གྱི་ཡིག་བརྙན་ཡིག་འབྲུ་རེ་རེ་བཞིན་བཟུང་དགོས་པ་གང་ཞིག འཁྲབ་གཞུང་ནང་གི་མི་སྣའི་སྐད་ཆའི་དྲག་ཤུགས་དང་གནས་འབབ་ཐོབ་ཐང་། ལོ་ནའི་རྒན་གཞོན། དེ་བཞིན། རིག་གནས་ཆུ་ཚད་སོགས་ལ་བསམ་བློ་བཏང་རྗེས་གཞི་ནས་ཡིག་སྒྱུར་བྱེད་དགོས། ལྷག་པར། མ་ཡིག་བརྙན་འཕྲིན་འཁྲབ་ཚན་ལ་ཡིག་བརྙན་མེད་པའི་སྐབས། ཡིག་འབྲུའི་གཟུགས་ནི་མཐོང་རྒྱུ་མེད་པས། རང་ཉིད་ཀྱི་ཨམ་ཅོག་ལ་བརྟེན་ནས་སྐད་ཆ་རེ་རེ་བཞིན་ཡག་པོར་ཉན་རྗེས་གོ་བ་ལོན་ཐུབ་པ་བྱས་པ་ནས་ཡིག་སྒྱུར་བྱེད་པ་ལས་ཐབས་གཞན་མེད། བྱས་ཙང་། བརྙན་འཕྲིན་འཁྲབ་ཚན་ཡིག་སྒྱུར་བྱ་རྒྱུར་དགའ་ཞེན་གྱི་བསམ་པ་བརྟན་པོ་ཞིག་མེད་ན། དངོས་གནས་མཐར་འཁྱོངས་པ་ཁག་པོ་རེད། དེར་བརྟེན། བརྙན་འཕྲིན་འཁྲབ་ཚན་ཡིག་སྒྱུར་རྩེ་གྲྭ་ཞིག་བྱེད་དགོས་ན། ངེས་པར་དུ་དེར་དགའ་ཞེན་ཡོད་དགོས།

4 དཔེ་དེབ་ལྟ་རྒྱུར་དགའ་ཞེན་ཡོད་དགོས།

     དཔེ་དེབ་མང་པོ་བལྟས་པ་ཡིན་ན། གཅིག་ནས་མ་ཡིག་བུ་ཡིག་གི་ཆུ་ཚད་གོང་མཐོར་གཏོང་ཐུབ་པ་དང་། གཉིས་ནས་རང་ཉིད་ཐོས་རྒྱ་དང་མཐོང་རྒྱ་ཆེ་རུ་འགྲོ་ཀི་རེད། ལྷག་པར། བརྙན་འཕྲིན་འཁྲབ་གཞུང་གི་མི་སྣའི་གཏམ་བརྗོད་བཤད་སྟངས་མང་དག་ཅིག རྣམ་རྒྱུན་དུ་དཔེ་དེབ་ནང་འཚོལ་ཐུབ་ཀི་རེད། དཔེར་ན། དམངས་ཁྲོད་གཏམ་དཔེ། མཁས་པའི་ཚིག་བཅད། སྐད་ཆ་སྙན་པོ། སྐད་ཆའི་བཤད་སྟངས་སོགས་མང་དག་ཅིག་འཚོལ་རྙེད་ཐུབ་ཀི་རེད། མ་གཞི་ང་རང་སློབ་གྲྭ་མཐོ་འབྲིང་དུ་འགྲིམ་མྱོང་མེད། ཡིན་ནའི་ནམ་རྒྱུན་ངས་དཔེ་དེབ་ལྟ་རྒྱུར་རྒྱུན་འཁྱོངས་ཀྱིས་འཚོལ་རྙེད་བྱུང་བའི་གཏམ་དཔེ་དང་། ཚིག་བཅད་སྙན་པོ། སྐད་ཆ་སྙན་པོ། དག་ཆ་སོགས་ལ་དོ་སྣང་བྱས་ནས། ལག་དེབ་ཆུང་ཆུང་ཞིག་ཏུ་ཟིན་བྲིས་བྱས་ནས་ཞར་དང་ཞོར་ལ་ལྟ་ཀི་ཡོད། ང་རང་གི་ལྟས་ན། ཆ་རྐྱེན་དེ་དག་ཚང་བ་ཡིན་ན། གཞི་ནས་ཚད་མཐུན་གྱི་བརྙན་འཕྲིན་འཁྲབ་ཚན་ཞིག་ཡིག་སྒྱུར་ཐུབ་ཀྱི་རེད་བསམ་ཀི་འདུག གོང་གི་སྐད་དེ་ཚོ་ང་རང་གིས་གང་འཇོན་འཇོན་གྱིས་ངོ་སྤྲོད་བྱས་པ་ཙམ་ལས། རྒྱ་ཡིག་བོད་ཡིག་གི་རྨང་གཞི་ཡག་པོ་ཡོད་པ་དང་ཤེས་རྒྱ་ཆེ་མདོག་གིས་བཤད་བཤད་བྱས་པ་མིན། ངས་ནམ་རྒྱུན་ང་ཚོའི་དབུ་ཁྲིད་ལ་ཡང་ཞུ་ཀི་ཡོད། ང་ནི་རྐང་རྩེད་སྤོ་ལོ་རྒྱག་བསླབ་མཁན་(教练)ལྟ་བུ་ཡིན་ཟེར་གྱི་ཡོད། རྐང་རྩེད་སྤོ་ལོ་བསླབ་མཁན་རང་ཉིད་སྤོ་ལོ་རྒྱབ་དུས་རྒྱུགས་ནི་ཐུབ་ཀྱི་མ་རེད། ཡིན་ནའི་ཐབས་ཤེས་ཉམས་མྱོང་འདྲ་ཤེས་ངེས་རེད།

འདྲི། རྒན་ལགས་ཁྱེད་ཀྱིས་ཕྱི་རྒྱལ་གློག་བརྙན་སྒྱུར་མྱོང་ཡོད་ནམ། དེའི་སྐོར་གྱི་མྱོང་བ་ མདོར་ཙམ་ཤོད་རོགས།

     ལན། སྔོན་མ་རྒྱ་དཀར་གྱི་གློག་བརྙན་ཁ་ཤས་སྒྱུར་མྱོང་ཡོད། ཉམས་མྱོང་གཙོ་བོ་དེ། ཕྱི་རྒྱལ་གྱི་མི་སྣའི་བར་གྱི་སྐད་ཆའི་བཤད་སྟངས་ཡང་མིན་ན། ཉམས་དེ་མངོན་གསལ་འདོད་པོ་ཞིག་དགོས་ཀྱི་འདུག ངས་ཀྱང་ཉམས་དེ་མངོན་གང་ཐུབ་ཀྱི་སྒྱུར་གྱི་ཡོད། ཡིན་ནའི་སོ་སོའི་ཆུ་ཚད་ཀྱི་མ་འདང་བས་སྒྱུར་སྟངས་དེ་ཁག་པོ་ཞིག་འདུག ཉེ་ཆར་སྒྱུར་བའི་གོ་སྐབས་ཞེ་དྲག་མ་བྱུང་། ཡིན་ནའི་ང་རང་བརྙན་འཕྲིན་འཁྲབ་ཚན་ཡིག་སྒྱུར་བ་ཞིག་ཡིན་དུས། ངས་རྟག་པར། དབྱིན་སྐད་ནས་རྒྱ་ཡིག་ཏུ་བསྒྱུར་བའི་གློག་བརྙན་དག་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ང་རང་གི་ལྟས་ན། རྒྱ་ཡིག་ཏུ་ཡག་པོ་ཞེ་དྲག་བསྒྱུར་འདུག ཕྱི་རྒྱལ་མིས་སྐད་ཆ་བཤད་སྐབས། ང་ཚོ་དང་མི་འདྲ་བར་མང་ཆེ་བ་སྐད་ཆ་སྐོར་ནས་ཤོད་པའམ་དགོད་དྲོ་བའི་སྐད་ཆ་ཤོད་རྒྱུར་དགའ་བ་སོགས་ཀྱི་ཁྱད་ཆོས་མངོན་གསལ་འདོད་པོས་བསྒྱུར་གྱི་འདུག ད་ལྟ་ང་ཚོས་ཕྱི་རྒྱལ་གྱི་གློག་བརྙན་སྒྱུར་བའི་དབང་དུ་བཏང་ན། བརྒྱུད་རིམ་འཐོལ་པ་ཞིག་བརྒྱུད་དགོས། ཕྱི་རྒྱལ་གྱི་མ་ཡིག་གློག་བརྙན་དེ། སྔོན་ལ་རྒྱ་སྐད་དུ་བསྒྱུར་ཟིན་པའི་གློག་བརྙན་ཞིག་འཚོལ་བ་དང་། ཡང་རྒྱ་ཡིག་དེ་བོད་ཡིག་སྒྱུར་དགོས་ཀྱི་འདུག ཨ་ཅང་ཅང་དབྱིན་ཡིག་སོགས་མ་ཡིག་ཕྱི་རྒྱལ་གྱི་སྐད་ཤེས་ན། བརྒྱུད་རིམ་འཐོལ་པ་དེ་འགྲོ་མི་དགོས། དེ་ལྟར། མ་ཡིག་བུ་ཡིག་ཏུ་བསྒྱུར། བུ་ཡིག་མ་ཡིག་ཏུ་བསྒྱུར་བའི་བརྒྱུད་རིམ་འཐོལ་པ་དེས། ཐད་ཀར་མ་ཡིག་གློག་བརྙན་ངོ་མའི་བྲོ་བ་དེ་མང་ཉྱུང་མ་གཏོགས་ཉམས་ཆག་ཡོང་ངེས་རེད།

འདྲི། བརྙན་འཕྲིན་འཁྲབ་ཚན་ཞིག་ཡིག་སྒྱུར་མ་བྱས་གོང་གྲ་སྒྲིག་བྱེད་དགོས་པ་གང་ཡོད།

     ལན། ད་གྲྭ་སྒྲིག་ཟེར་ནའི་འདྲ། ཆ་རྐྱེན་ཟེར་ནའི་འདྲ་སྔོན་ལ་ངེས་པར་དུ་ཚང་དགོས་ནི། གོང་དུ་བཤད་པ་ལྟར། ནམ་རྒྱུན་འཚོ་བའི་ཁྲོད། རྒྱ་བོད་གཉིས་ཀྱི་བྱང་ཚད་ངེས་ལྡན་དགོས་པ་དང་ཤེས་བྱ་རྒྱ་ཆེན་པོ་དགོས་པ། གློག་བརྙན་ཡིག་སྒྱུར་བྱ་རྒྱུར་དགའ་པོ་ཡོད་དགོས་པ། དཔེ་དེབ་ལྟ་རྒྱུའི་གོམས་གཤིས་སོགས་ཡོད་པའི་རྨང་གཞིའི་སྟེང་། ད་ལྟ་བསྒྱུར་བྱའི་བརྙན་འཕྲིན་འཁྲབ་ཚན་དེའི་ནང་དོན་ལ་རྒྱུས་མངའ་ངེས་ལྡན་ཞིག་ཡོད་དགོས། ཡག་ཤོས་བྱུང་ན། འདང་ངེས་ཀྱི་དུས་ཚོད་ཡོད་པའི་ཆ་རྐྱེན་འོག བརྙན་འཕྲིན་འཁྲབ་ཚན་ཆ་ཚང་མ་སྒྱུར་སྔོན་ལ་ཐེངས་གཉིས་གསུམ་ཞིག་ལྟས་ནས། བརྙན་འཕྲིན་འཁྲབ་ཚན་དེའི་ནང་དོན་དང་དུས་ཚོད་ག་དུས་ཡིན་མིན། རྒྱབ་ལྗོངས། མི་སྣའི་གཤིས་ཀ སྐད་ཆ་ཤོད་སྟངས། འཚོ་བའི་གནས་འབབ། དེ་བཞིན། རིག་གནས་མཐོ་དམན་སོགས་གང་སྤྱིའི་ཐད་ལ་རྒྱུས་ལོན་ཡག་པོ་ཞིག་དགོས། དེ་ལྟར་བྱུང་ན་སྒྱུར་ལེགས་པོ་ཞིག་ཡོང་གི་རེད་བསམ་གྱི་འདུག མ་ཟད་དེ་ནི་ཡིག་སྒྱུར་མཁན་གཅིག་པུའི་རེ་བ་མ་ཡིན་པར། འཁྲབ་ཁྲིད་པ་དང་སྒྲ་སྦྱོར་མཁན་ཚང་མར་རེ་བ་ནན་པོ་ཡོད།

འདྲི། རྒན་ལགས་ཁྱེད་རང་གིས་རྒྱ་སྐད་བརྙན་འཕྲིན་འཁྲབ་ཚན་བོད་འགྱུར་བྱེད་པའི་བརྒྱུད་ རིམ་ཆ་ཚང་ཞིག་ང་ཚོར་ངོ་སྤྲོད་སྟབས་བདེ་ཞིག་གནང་རོགས།

     ལན། དེར་བརྒྱུད་རིམ་གཙོ་བོ་བདུན་ཡོད་རེད།

     1 ཡིག་སྒྱུར།

      2 འཁྲབ་ཁྲིད་པས་འཁྲབ་མི་བཀོད་སྒྲིག་བྱེད་པ།

     3 སྒྲ་སྦྱོར།

     4 དུས་མཇུག་གི་བཟོ་སྐྲུན། 后期制作

     5 ལེ་ཚན་དཔྱད་ཞིབ། 审片、也叫审看

     6 གསབ་འཇུག 补录

      7 དངོས་སུ་ཕབ་ལེན།正式刻录

དཔྱད་མཆན་ཡོད།