དངོས་ཞུས་གློག་བརྙན«དབྱར་མཚེར»གྱི་བརྙན་བཟོ་བར་བཅར་འདྲི་བྱས་པ།༡

       ལྕམLynn Trueདང་སྐུ་ཞབསNelson Walker III, Tsering Perlo(ཚེ་རིང་དཔལ་བློ)གསུམ་ནི་དངོས་ཞུས་གློག་བརྙན«དབྱར་མཚེར»གྱི་བརྙན་བཟོ་བ་ཡིན། ཉེ་སྔོན་གྱི་ཕའི་བྷ་རྡིའི་བརྙན་གཟུགས་བྱ་དགའ(the George Foster Peabody Awards)བརྩིས་པ་ཡིན་ན། ད་རག་བར«དབྱར་མཚེར»གྱིས་བྱ་དགའ་ཆེ་ཆུང་བཅུ་ལེན་མྱོང་ཞིང་། དེང་རབས་བོད་འབྲེལ་དངོས་ཞུས་གློག་བརྙན་ཁྲོད་ཀྱི་བརྩམས་ཆོས་ཡག་ཤོས་སུ་བགྲངས་ཆོག དེ་བས་བོད་བརྙན་གསར་འགོད་པས་ཀྱང་གོ་སྐབས་དམ་འཛིན་བྱས་ཏེ། ཁོ་ཚོའི་བརྩམས་ཆོས་དང་ལྷག་པར་བོད་ཀྱི་གློག་བརྙན་ལས་རིགས་གཉེར་མཁན་ཚོར་ཕན་ཏུ་རེ་ནས། གཞོན་སྐྱེས་བརྙན་བཟོ་བ་ཚོར་མཁོ་བའི་ཉམས་མྱོང་རེ་ཟུང་དང་བོད་ཀྱི་གློག་བརྙན་སྐོར་ལ་བཅར་འདྲི་བྱས་པ་ཡིན། འོན་ཏེ། བརྙན་བཟོ་བས་ད་སྐབས་ཨ་ཧྥེ་རི་ཀའི་རྒྱལ་ཁབ་ཀང་གོརLumoཟེར་བའི་གློག་བརྙན་གསར་བ་ཞིག་བཟོ་བའི་ལས་བྲེལ་ཆེ་བས། ད་རེས་འདི་ཙམ་མ་གཏོགས་བཅར་འདྲི་ཐུབ་མ་སོང་། དེ་བས་མ་འོངས་པར་བརྙན་བཟོ་བ་ཚེ་རིང་དཔལ་བློ(Tsering Perlo)དང་བཅས་པར་སླར་ཡང་བཅར་འདྲིའི་གོ་སྐབས་རེ་རེག་པའི་རེ་ལྟོས་ཆེའོ།།  
     ཁོང་ཅག་གི་གློག་བརྙན«དབྱར་མཚེར»ནི། རྫ་ཆུ་ཁ་ནས་བླངས་ཤིང་། འབྲོག་པ་བློ་ཆོས་དང་ཡ་མ་བཟའ་བ་གཉིས་ཀྱི་དབྱར་ཁའི་འཚོ་བ་དེ། སྙིང་བསྡུས་ཀྱིས་དངོས་ཞུས་བྱས་པ་ཞིག་ཡིན་ལ། དེང་གི་འབྲོག་མིའི་འཚོ་བ་རོལ་སྟངས་བརྙན་ཏུ་ཕབས་པ་བརྒྱུད། སྲོལ་རྒྱུན་གྱི་འཚོ་བ་རོལ་སྟངས་དེར་ཕྲད་པའི་དེང་རབས་སྤྱི་ཚོགས་ཀྱི་འཕོ་འགྱུར་དང་སྲིད་ཇུས་ཀྱི་གནོན་ཤུགས། དེ་དག་ལ་བརྟེན་ནས་འགྱུར་བ་མ་ཐེབས་རང་ཐེབས་བྱུང་པའི་ཁྱིམ་ཚང་གི་གནས་བབ་སོགས་བབ་ཆགས་ངང་བསྟན་ཡོད་དོ།།  
 
༡།  དངོས་ཞུའི་གློག་བརྙན་བཟོ་མཁན་ཞིག་ལ་རྒྱུན་དུ་འཕྲད་སྲིད་པའི་དཀའ་ངལ་ནི། རང་ཉིད་ཀྱིས་ཤུགས་རྐྱེན་མ་ཐེབས་པ་བྱས་ཏེ། དངོས་ཡོད་ཀྱི་འཚོ་བ་ཕབ་སྐྲུན་བྱེད་རྒྱུ་དེ་རེད། དེས་ན་ཁྱེད་ཀྱིས་བརྙན་ལེན་སྐབས་ཁོ་ཚོའི་འཚོ་བར་ཤུགས་རྐྱེན་འདྲ་ཐེབས་ཨེ་སོང་།
 ལན།   ག་དུས་ཡིན་ཡང་། ཕྱི་མི་སྐོར་ཞིག་གིས་པར་ཆས་ཐོགས་ནས་ཕབ་སྐྲུན་བྱ་ཡུལ་དུ་ཕྱིན་དུས། ཕབ་སྐྲུན་བྱ་ཡུལ་གྱི་ཕྱོགས་ཡོངས་ལ་ཤུགས་རྐྱེན་ཐེབས་སྲིད་པ་ནི་གཡོལ་ཐབས་མེད་པ་ཞིག་རེད། ཡིན་ནའང་། ཁོ་ཚོས་ཤུགས་རྐྱེན་ག་འདྲ་ཞིག་ཐེབས་ཡོད་པ་དེ་བཤད་ཁག་པོ་རེད། རྒྱུ་མཚན་ནི་ཁོ་ཚོས་ཕབ་སྐྲུན་བྱ་ཡུལ་དུ་མ་སླེབས་གོང་ལ་ཡུལ་དངོས་ཀྱི་འཚོ་བ་དེ་ཁྱོན་ཡོངས་ནས་ཇི་འདྲ་བ་ཞིག་ཡིན་པ་ཧ་གོ་གི་མ་རེད།
    འདིའི་སྐོར་ལ་ངེད་ཅག་ལའང་ཤེས་འདོད་ཆེན་པོ་བྱུང་། དེའི་སྟབས་ཀྱིས2011ལོར་བློ་ཆོས་དང་ཡ་མ་གཉིས་ལ་ཡང་བསྐྱར་ལྟ་རུ་སོང་སྟེ་དེའི་སྐོར་ནས་སྐད་ཆ་དྲིས་པ་ཡིན། ཁོ་ཚོའི་ཉིན་རྒྱུན་གྱི་འཚོ་བའི་ཕྱོགས་ནས་བཤད་ན། ང་ཚོས་ཤུགས་རྐྱེན་མང་པོ་ཐེབས་མི་འདུག རི་ལུང་སྤང་ཁུག་སོགས་སུ་ཁོ་གཉིས་ཀྱིས་འཚོ་གནས་ཀྱི་ཆེད་དུ་ལས་ཀ་གང་མང་ཞིག་སྒྲུབ་དགོས་ཀྱིན་འདུག་སྟེ། ངེད་ཅག་གིས་ནི་བར་ཆད་གང་ཡང་མ་བཟོས་པར། དངོས་ཡོད་ཀྱི་འཚོ་བ་དེ་དག་ཇི་བཞིན་དུ་ཕབ་སྐྲུན་བྱེད་འདོད་པ་ཡིན། དང་ཐོག་བློ་ཆོས་དང་ཡ་མ་གཉིས་ཀས་པར་ཆས་ལ་འདྲིས་ལོབས་སུ་འགྲོ་བར་དུས་ཚོད་ཅུང་འགོར་དགོས་ཟེར། ཡིན་ནའང་ཕབ་སྐྲུན་དངོས་སུ་བྱེད་དུས་ཅང་མ་འགོར་པར་ཁོ་གཉིས་ཀྱིས་པར་ཆས་ལ་མཉམ་འཇོག་གིན་མི་འདུག འོན་ཀྱང་ངེད་ཚོས་དོན་དག་གཞན་པ་ཁ་ཤས་ལ་ཤུགས་རྐྱེན་ཐེབས་ཡོད། དཔེར་ན། ཡ་མས་དུས་རྒྱུན་དང་བསྡུར་ན་དབྱར་ཁ་དེར་ཁོ་ཚོ་ལ་རུ་ཉུལ་བྱེད་དུ་ཡོང་མཁན་ཇེ་ཉུང་དུ་སོང་འདུག་ཟེར། དེ་ཕལ་ཆེར་ང་ཚོ་ཡོད་པར་དོགས་མ་བདེ་བར་མ་ཡོང་བ་ཡིན་ཚོད་རེད། ང་ཚོས་སྡེ་མི་ཁ་ཤས་ཀྱིས་གློག་བརྙན་ཕབ་སྐྲུན་བྱེད་པར་དོགས་པ་ཟ་བའང་ཚོར་བྱུང་། ཁྱེད་ཀྱིས་གནས་ཚུལ་འདི་གློག་བརྙན་ནང་ནས་ཀྱང་མཐོང་ཐུབ་སྟེ། སྡེ་བའི་ནང་གི་འབྲོག་པ་ཁ་ཤས་ཀྱིས་ཡ་མ་ལ་བརྙན་བླངས་པར་འཕྱ་བཞིན་འདུག་པ་དེ་རེད། ངེད་ཅག་གིས་མ་ཤེས་པ་མ་གཏོགས། ད་དུང་ཡང་ཤུགས་རྐྱེན་གང་མང་ཞིག་ཐེབས་ཡོད་པ་ང་ཡིས་ཐག་གིས་ཆོད།
 
༢།  ནུབ་གླིང་པའི་མཐོང་སྣང་དུ། བོད་ཀྱི་རིག་གནས་ཟེར་དུས་མང་ཆེ་བ་ཞིག་ནི་བླ་གྲྭ་དང་ཆོས་ལུགས་ཆོ་ག་སོགས་ཀྱི་སྣང་ཚུལ་དག་རེད། འོན་ཀྱང་ཁྱེད་ཀྱི་གློག་བརྙན་ནང་དེ་འདྲ་དཀོན་པས། ཁྱེད་ཉིད་འབྲོག་ཁུལ་དུ་སོང་ནས་བོད་ཀྱི་རིག་གནས་ལ་གོ་བ་གསར་བ་འདྲ་སྐྱེས་པ་ཨེ་རེད།
ལན།   རྩྭ་ཐང་དུ་བསྡད་པའི་རིང་ལ། ང་ཚོས་འབྲོག་པའི་འཚོ་བ་ལ་ཏག་ཏག་རྒྱུས་ལོན་སྔར་ལས་ཟབ་པ་བྱ་ཐུབ་སོང་། གློག་བརྙན་འདི་ཕབ་སྐྲུན་མ་བྱས་གོང་། ང་ཚོ་བོད་དུ་སོང་ནས་འབྲོག་པའི་འཚོ་བ་ལ་རྒྱུས་ལོན་བྱས་མྱོང་། ཡིན་ནའང་བློ་ཆོས་དང་ཡ་མ་གཉིས་ཀར་འགྲོགས་ནས་ད་བཟོདའབྲོག་པའི་འཚོ་བ་གཞི་ནས་ཧ་གོ་མགོ་ཚུགས། རི་བོ་དེ་དག་ལ་མཛེས་ཉམས་ལྡན་པ་དེ་བཞིན་དུ་དེར་དཀའ་ངལ་ཀྱང་ཤིན་ཏུ་ཆེ་བས། དེར་འཚོ་གནས་བྱ་དགོས་ཚེ་ཤེས་རྒྱ་ངེས་ཅན་ཞིག་དགོས་སྲིད། བློ་ཆོས་དང་ཡ་མ་གཉིས་ཀྱི་ལག་རྩལ་གྱི་བྱང་ཚད་དང་ལས་ཆོད་ཀྱིས་ངེད་ཅག་ལ་བག་ཆགས་ཤིན་ཏུ་ཟབ་མོ་བཞག   ཁོ་ཚོ་སློབ་གྲྭ་སོང་མ་མྱོང་ཡང་། ལས་ཀ་དེ་དག་གི་ཆེད་མཁས་པ་རེད། ཁོ་ཚོ་ལ་སློབ་གྲྭ་ནས་ཀྱང་སློབ་མི་ནུས་པའི་ཡོན་ཏན་མང་པོ་འདུག 
 
༣།  ཆེད་ལས་ཀྱི་འཁྲབ་ཁྲིད་པ་དང་གློག་བརྙན་བཟོ་མཁན་ཞིག་ཡིན་པའི་ཆ་ནས། ཁྱེད་ཀྱིས་བོད་ཀྱི་གློག་བརྙན་ལས་རིགས་ལ་ཇི་ལྟར་བལྟ།
ལན།   ད་ལྟ་ནི་བོད་ཀྱི་གློག་བརྙན་དར་ཆེར་བའི་དུས་ཤིག་རེད། པད་མ་ཚེ་བརྟན་གྱིས་སྔ་གཞུག་ཏུ་སྐད་གྲགས་ཆེ་བའི་གློག་བརྙན«ལྷིང་འཇགས་མ་ཎི་རྡོ་འབུམ»དང་། «འཚོལ» «ཁྱི་རྒན»སོགས་ཕབ་སྐྲུན་བྱས་ནས་རང་གི་ཐུན་མོང་མ་ཡིན་པའི་ལམ་བཙལ་འདུག ད་སྐབས་མི་གཞན་པའང་གང་མང་ཞིག་གིས་ཕབ་སྐྲུན་བྱེད་ཀྱིན་འདུག  ལོ་རེ་རེར་ང་ཚོས་གློག་བརྙན་གང་མང་ཞིག་ལ་ལྟ་བཞིན་ཡོད། བོད་ཀྱི་གློག་བརྙན་ལ་འདི་འདྲའི་གསོན་ཉམས་ལྡན་ཞིང་ལྟད་མོ་བའི་བློ་མགུ་ནུས་པ་ནི་དེ་དག་གི་བརྗོད་བྱ་ལ་རག་ལས་པས་རེད། བོད་ཀྱི་གློག་བརྙན་ནི་འཛམ་གླིང་གི་གློག་བརྙན་གང་དང་ཡང་མི་འདྲ་ལ། བོད་མིས་ཕབ་སྐྲུན་བྱས་པའི་གློག་བརྙན་རྣམས་ཕྱི་མིས་ཕབ་སྐྲུན་བྱས་པ་དང་ཡང་འདྲ་པོ་མི་འདུག   པད་མ་ཚེ་བརྟན་དང་ཟོན་ཐར་རྒྱལ། ཞི་བདེ་ཉི་མ་ལྟ་བུས་བོད་མིའི་མཐོང་སྣང་ཁྲོད་ཀྱི་བོད་ངོ་མ་དེ་སྟོན་ཐུབ། ཁོ་ཚོའི་གློག་བརྙན་གྱིས་བོད་མིའི་རིག་གནས་དང་བསམ་བློའི་འཁྱེར་སོ་ལས་བྱུང་བའི་ཐུན་མོང་མ་ཡིན་པའི་ཡུལ་དང་དུས། དེ་བཞིན་གཏམ་རྒྱུད་བཤད་སྟངས་སོགས་མངོན་པར་བྱེད། བོད་དུ་བརྙན་ལེན་ཆས་དང་ཚན་རྩལ་དར་ཆེར་སོང་བ་དང་བསྟུན་ནས། བོད་མི་ཚོས་གློག་བརྙན་ཁྲོད་ནས་ཐབས་ལམ་གསར་བ་བརྒྱུད་དེ་ཁོ་ཚོའི་བསམ་འདུན་མཚོན་ནུས་པར་རེ་བ་ཆེ་ལ། བརྩམས་ཆོས་དེ་དག་བོད་དང་འཛམ་གླིང་གི་ཡུལ་གྲུ་གང་སར་དར་ཁྱབ་འགྲོ་བའི་རེ་བའང་ཡོད།
 

དཔྱད་མཆན་ཡོད།