དངོས་ཞུས་གློག་བརྙན«དབྱར་མཚེར»གྱི་བརྙན་བཟོ་བར་བཅར་འདྲི་བྱས་པ།༢

༤། དེང་སྐབས་བོད་ཀྱི་ན་གཞོན་མང་པོ་ཞིག་གློག་བརྙན་བཟོ་བར་སྤྲོ་བཞིན་འདུག་པས། ཁྱེད་ཀྱིས་རང་གི་ཉམས་མྱོང་ལ་གཞིགས་ཏེ་ཁོ་ཚོར་སློབ་སྟོན་དང་བསམ་འཆར་ཇི་འདྲ་ཞིག་འདོན་འདོད།
ལན། རེད། ཕན་ཚུན་བར་ཇི་དགའ་གང་ནུས་ཀྱིས་རྒྱབ་སྐྱོར་བགྱི་དགོས། གློག་བརྙན་བཟོ་རྒྱུ་ནི་ལས་སླ་མོ་ཞིག་མིན་ཏེ།  ནང་དགོས་བོད་ནས་བཟོ་རྒྱུ་དེ་ལས་སླ་མོ་ཞིག་མ་རེད། དེ་བས། ན་གཞོན་གློག་བརྙན་བཟོ་མཁན་དག་གིས་བསྒྲུབ་འོས་པ་ནི། སོ་སོས་ཐོན་ཁུངས་ཆ་ཚང་བཀོལ་དགོས་ཤིང་། ཕན་ཚུན་བར་ཤེས་བྱ་དང་ཉམས་མྱོང་བརྗེ་རེས། བརྙན་ལེན་ཡོ་ཆས་ཀྱི་རོཊ་རམ་སོགས་བྱས་ཏེ། གསར་གཏོད་ཀྱི་གོ་རིམ་དེ་འགྲུབ་པར་གཅིག་གིས་གཅིག་ལ་སྐུལ་ལྕག་བྱེད་དགོས།  ད་དུང་ཡིད་ལ་འཛིན་དགོས་པ་ཞིག་ནི། ལས་དོན་འཆར་གཞི་ལྟར་མ་འགྲུབ་པ་དང་གློག་བརྙན་རང་གི་འདོད་མོས་ལྟར་མ་བྱུང་བ་སོགས་བྱུང་དུས་ངེས་པར་བློ་ཕམ་པར་བྱེད་སྲིད་པས། དེ་དུས་ནམ་ཡང་ཡིད་མ་ཆད། ངང་རྒྱུད་རིང་བོ་གྱིས་ལ་དོན་དག་དེ་དག་ལས་ཉམས་མྱོང་ལོངས། དེ་དག་གིས་ཁྱོད་རང་གློག་བརྙན་བཟོ་མཁན་ཡག་པོ་ཞིག་ཆགས་སུ་འཇུག་ངེས། ཆེས་གལ་ཆེ་བ་ནི། རང་ཉིད་ཀྱིས་མཐོང་འདོད་པའི་གློག་བརྙན་ཞིག་བཟོ་རྒྱུ་དེ་ཡིན་པ་ལས། གཞན་གྱི་རེ་བར་བསྟུན་མི་རུང་བ་དེ་ཡིན།  
 
༥། བོད་པ་ཚོར་ལག་རྩལ་དང་ཆ་རྐྱེན་གྱི་ཚད་བཀག་ངེས་ཅན་ཞིག་འདུག་པས། དེར་གཞིགས་ཏེ་ཁྱེད་ཀྱིས་མ་འོངས་བོད་ཀྱི་གློག་བརྙན་ལས་རིགས་ཀྱི་མདུན་ལྗོངས་ལ་ཇི་ལྟར་བལྟ།
ལན། འདི་ནི་དྲི་བ་དཀའ་མོ་ཞིག་རེད། རྒྱུ་མཚན་ནི་ལག་རྩལ་དང་ཆ་རྐྱེན་ཙམ་མིན་པར་ཚད་བཀག་མང་བོ་ཡོད་རེད། འོན་ཀྱང་དྲི་བ་འདིར་དམིགས་ཏེ་གནད་དོན་འདི་གཉིས་ཀྱི་སྟེང་ནས་ལན་འདེབས་པར་བྱ། 
      ལག་རྩལ་གྱི་ཚད་བཀག་དེ་ཇེ་ཆུང་ནས་ཇེ་ཆུང་ལ་འགྲོ་བའི་རེ་བ་ཡོད། བརྙན་ལེན་ཆས་དག་ཇེ་ཆུང་དང་གོང་ཇེ་སླ། ལག་ཏུ་སོན་སླ་བ་དང་། གློག་ཀླད་བཀོལ་དེ་གཏུབ་སྒྲིག་བྱེད་པ་ཡང་ལས་སླ་མོར་འགྱུར་གྱིན་འདུག ཁོ་བོས་བསམ་ན། ཆེས་དཀའ་བ་ནི་སློབ་གསོ་རེད་འདུག ཚན་རྩལ་ཆ་ཡོངས་སུ་བཀོལ་བ་ལ་དེ་འབྲེལ་གྱི་ཤེས་ཡོན་དགོས་པ་དང་ཡང་ན། ལག་ལེན་གྱི་ཉམས་མྱོང་མཁོ། དེས་ན། བོད་ཡུལ་དུ། ཚད་ལྡན་གྱི་སྦྱོང་བརྡར་སྤྲོད་པའི་གོ་སྐབས་ནི་ཤིན་ཏུ་དཀོན། འདི་ནི། ཅིའི་ཕྱིར་ན་བོད་ཀྱི་གློག་བརྙན་བཟོ་བསྐྲུན་པ་ཚོས་ཕན་ཚུན་ལ་རོཊ་རམ་རྒྱབ་སྐྱོར་བྱེད་དགོས་པ་དང་ཕན་ཚུན་ནང་ཤེས་བྱ་དང་ལག་རྩལ་བརྗེ་རེས་བྱེད་དགོས་པའི་རྒྱུ་མཚན་ཡང་ཡིན། 
      མ་དངུལ་ནི་ས་ཆ་གང་དུ་ཡང་དཀའ་ངལ་ཡོད་རེད། ནང་དགོས་བོད་དུ་ལྷག་པར་དཀའ་མོར་འདུག་སྟེ། རྒྱུ་མཚན་ནི་སྲོལ་རྒྱུན་གྱི་མ་རྩ་རེག་པའི་ཐབས་ལམ་ལ་ཚད་བཀག་ཡོད་པ་རེད། འོན་ཀྱང་དེའང་མི་སྲིད་པ་ཞིག་གཏན་ནས་མིན། རོགས་སྐྱོར་རེག་ཐབས་ལེཊ་ཤོས་ནི་གནམ་གྱི་བག་ལེབ་ལ་སྒུག་སྡོད་རྒྱུ་མ་ཡིན་པར་ཐོན་ཁུངས་བཀོལ་ཆོག་དུས་སུ་དམ་འཛིན་བྱེད་རྒྱུ་དེ་ཡིན། བོད་ཡུལ་དུ། གློག་བརྙན་བཟོ་བར་ཆེད་དུ་རོགས་སྐྱོར་བྱེད་མཁན་དེ་འདྲ་གཅིག་བྱས་ན་མེད་ལས་ཆེ་མོད། ས་གནས་ཀྱི་ལས་ཁུངས་དཔེར་ན། དགོན་པ་དང་རིག་གནས། སློབ་གསོའི་ལས་ཁུངས་ལྟ་བུས་རོགས་སྐྱོར་བྱེད་ཐུབ་ལ་བྱེད་ཀྱང་ངེས། བོད་ཀྱི་གློག་བརྙན་ལས་རིགས་དར་རྒྱས་འགྲོ་བཞིན་པ་དང་བསྟུན་ནས། ས་གནས་ཀྱི་རོགས་སྐྱོར་ནུས་པ་ཡང་ཇེ་རྒྱས་སུ་འགྲོ་བར་རེ་བ་ཡོད།
      འོན་ཀྱང་། དེང་སྐབས་བརྙན་ལེན་ཚད་མཐོ་བའི་ལག་འཁྱེར་ཁ་པར་དང་བརྙན་ཆས་དར་དང་དར་བཞིན་པས། བོད་ཀྱི་གློག་བརྙན་ལས་རིགས་ཀྱི་མ་འོངས་པ་དེ་ཇི་ལྟ་བུ་ཞིག་ཆགས་རྒྱུ་བཤད་ཁག་པོ་རེད། བོད་པ་ཚོའི་ནང་དུ་མ་འོངས་པར་གློག་བརྙན་འགྲེམ་རྒྱུ་ལས་སླ་བོར་འགྱུར་ངེས་པས་དེས་གློག་བརྙན་དང་གློག་བརྙན་བཟོ་བར་སྤྲོ་བ་སྐྱེད་ངེས་པར་ཡིད་ཆེས་ཡོད། གློག་བརྙན་བཀྲམས་དུས། དྲ་ཐོག་ནས་འགྲེམ་རྒྱུ་དེ་ཡང་གལ་ཆེན་པོ་རེད། དེང་སང་། བོད་ཀྱི་གློག་བརྙན་བཟོ་བསྐྲུན་པ་མང་པོས་སོ་སོའི་བརྩམས་ཆོས་དྲ་ཐོག་ཏུ་འཇོག་གིན་འདུག་པས། དེས་འོད་སྡེརDVDདངVCDསོགས་བཀྲམས་པ་དང་བསྡུར་ན་མི་མང་པོ་ཞིག་གིས་བལྟ་ཐུབ་ཀྱིན་ཡོད།  ཆེད་ལས་ཀྱི་གློག་བརྙན་བཟོ་མཁན་ཚོར་མཚོན་ན། མུ་མཐུད་གློག་བརྙན་ཆེད་སྟོན་བྱ་རྒྱུ་དང་དུས་སྟོན་ལ་ཞུགས་རྒྱུ་དེ་གལ་ཆེན་པོ་རེད། འོན་ཀྱང་གློག་བརྙན་བརྩམས་ཆོས་མང་ཆེ་ཤོས་དེ་དྲ་རྒྱ་ལྟ་བུ་ལས་སྤེལ་རྒྱུ་ནི་མ་འོངས་པའི་འགྲོ་སྟངས་སུ་ཆགས་ངེས་རེད།
 
༦། མ་འོངས་པར་ཁྱེད་ལ་བོད་འབྲེལ་གློག་བརྙན་གཞན་ཞིག་བཟོ་བའི་འཆར་གཞི་ཨེ་ཡོད།
ལན། ང་ཚོས་བོད་དུ་གློག་བརྙན་གཞན་ཞིག་བཟོ་བར་ཤིན་ཏུ་ནས་འདོད། ཡིན་ནའང་། མིག་སྔར་གྱི་བྱ་བ་དེ་བོད་ཀྱི་གློག་བརྙན་བཟོ་མཁན་དག་ལ་རྒྱབ་སྐྱོར་བྱེད་པར་དམིགས་གཏད་ཡོད། ཉེ་ལམ་ང་ཚོས་ཕ་ཡུལ་རེབ་གོང་ནས་ཡིན་པའི་ན་གཞོན་གློག་བརྙན་བཟོ་མཁན་མཁར་བྱམས་རྒྱལ་དང་མཉམ་འབྲེལ་གྱིས་གློག་བརྙན་ཞིག་བཟོས་ཡོད།  གློག་བརྙན་དེར«དཔའ་བོའི་ལུང་པ»ཟེར་ཅིང་། དེ་ནི་གྲོང་སྡེ་ཆུང་ངུ་ཞིག་གིས་བོད་ཀྱི་སྐད་ཡིག་ཇི་ལྟར་སྲུང་འཛིན་བྱས་པའི་སྐོར་ཡིན། ཧ་ལམ་དབྱར་མཇུག་འདིར་ཚང་མས་བལྟ་ཐུབ། མ་འོངས་པར། ང་ཚོས་བོད་དུ་འབྲོག་པའི་སྲོལ་རྒྱུན་དང་ལག་རྩལ། ཤེས་བྱ། དཔེར་ན། སྦྲ་དང་ཆུར་བ་བཟོ་ཚུལ། མདུད་པ་རྒྱག་སྟངས་སོགས་སྟོན་པའི་མུ་འབྲེལ་གློག་བརྙན་རེ་ལེན་ཐུབ་པའི་རེ་བ་འཛིན་གྱིན་ཡོད། འོན་ཀྱང་། འཆར་གཞི་གསལ་བོ་ཞིག་ང་ཚོར་ད་དུང་མེད། བོད་ཡུལ་ནི་ང་ཚོར་མཚོན་ན། ཤིན་ཏུ་གལ་ཆེ་བའི་ས་ཆ་ཞིག་ཏུ་ཆགས་ཡོད། མ་འོངས་པར་རང་ཉིད་ཀྱིས་བཟོ་བ་ཡིན་ན་འདྲ། གཞན་ལ་ཁྲིད་པའམ་རྒྱབ་སྐྱོར་བྱེད་པ་ཡིན་ནའང་འདྲ་། དེར་མུ་མཐུད་ནས་གློག་བརྙན་སྐོར་གྱི་ལས་ཀ་བསྒྲུབ་སྲིད།
 
                                                                                                                                                                                                                                                                                              རྫོགས་སོ།།

དཔྱད་མཆན་ཡོད།