«སེ་རྡེ་ཁི་པ་ལེ»ཡི་འཁྲབ་ཁྲིད་པ་ཐེ་ཝན་གྱི་ཝེ་ཏི་ཧྲིན(魏德圣)ལ་ཆེད་བཅར་ཞུས་པ།

 [འཁྲབ་ཁྲིད་པའི་གཏམ]

སྤྱིར་བཏང་ཡིན་ན། 1930ལོར་བྱུང་བའི“ཝུ་ཧྲིག་དོན་རྐྱེན”(雾社事件)ནི་ཐེ་ཝན་གྱི་གཉུག་གནས་མི་རིགས་ཀྱིས་འཇར་པན་གྱི་གཉའ་གནོན་ལ་ངོ་རྒོལ་བྱས་པ་ཞིག་ཡིན་པ་དེ་ངོ་མ་རེད། ཡིན་ཡང་། ངོ་རྒོལ་བྱེད་དོན་གྱི་རྩ་བ་གང་ལ་ཐུག་ཡོད་ཅེ་ན། འཇར་པན་དབང་སྒྱུར་བས་གཉུག་གནས་པ་དག་གི་རིག་གནས་གོམས་སྲོལ་བཀག་པ་ལ་ཐུག་ཡོད། ཕྱི་ནས་ཡོང་མཁན་དག་གིས་ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་ཕ་ས་ཕ་ཡུལ་རྡོག་པས་བརྫིས་པར་བརྟེན། སེ་རྡེ་ཁི་ཚོ་བ་ཁོང་ཁྲོའི་མེ་འབར་ཏེ། ཚོ་བ་དེའི་མི་ཐམས་ཅད་ཀྱི་དམིགས་ཡུལ“སེ་རྡེ་ཁི་པ་ལེ”སྟེ། ཕ་རིང་བུ་རྒྱུད་ལ་ངོ་གནོང་མི་དགོས་ཤིང་ཞབས་ནས་མི་འདྲེན་པའི་ཚོ་མི་རྣལ་མ་ཞིག་བྱེད་པ་དེ་རེད་འདུག
“ཝུ་ཧྲིག་དོན་རྐྱེན”རང་ངོས་ནས་ཞུམ་པ་མེད་པའི་ངོ་རྒོལ་ཐེངས་ཤིག་རེད་ཟེར་བ་ལས། རྩ་དོན་སྲུང་བའི་འོས་ལངས་ཐེངས་ཤིག་གོ་ཞེས་སྨྲ་ཆོག་སྟེ། སེ་རྡེ་ཁིའི་ངོ་རྒོལ་བྱེད་མཁན་རྣམས་ལ་མཚོན་ན། དད་མོས་ཀྱི་ཆེད་དུ་སྲོག་དམར་འབེན་ལ་འཇོག་པ་ནི་འཇིག་རྟེན་སྟེང་ཆེས་གཟི་བརྗིད་ལྡན་པའི་དོན་དག་རེད།
གློག་བརྙན་འདིས་འཇའ་ཚོན་ལ་དད་པའི་མི་རིགས་ཤིག་དང་ཉི་མ་ལ་དད་པའི་རྒྱལ་ཁབ་བར་གྱི་འཐབ་འཛིང་བརྗོད་ཡོད་ཅིང་། འདི་ནི་རྩིས་ཐང་དང་དད་མོས་ཀྱི་འཁྲུག་པ་ཞིག་རེད། ཁོ་བོའི་དམིགས་ཡུལ་ཡང་མཐོང་སྣེ་འདི་ནས་སེ་རྡེ་ཁི་མི་རིགས་ཀྱི་དད་མོས་བརྒྱུད་དེ་དོན་རྐྱེན་འདིར་བསྐྱར་ཞིབ་བྱེད་འདོད་པ་ཡིན་ཞིང་། ཆབས་ཅིག་ཏུ་འགལ་བ་འདི་གཉིས་ཀྱི་བར་ནས་འདུམ་ཐབས་ལྟ་བུ་ཞིག་བཙལ་ཏེ། མི་རིགས་ཀྱི་རྩིས་ཐང་སོགས་བརྗོད་བྱ་རྒྱ་ཆེ་བ་རྣམས་གླེང་རྩིས་ཡིན།
TR། ཁྱོད་ཀྱིས་སེ་རྡེ་ཁི་མི་རིགས་ཀྱིས་འཇར་པན་དབང་སྒྱུར་མཁན་ལ་ངོ་རྒོལ་བྱས་པའི“ཝུ་ཧྲིག་དོན་རྐྱེན”ལ་ནམ་ཞིག་ནས་དོ་སྣང་བྱས་པ་ཡིན།
ལན།  ངས་འདང་བརྒྱབ་ན1996ལོ་རེད། ལོ་དེར་ངས་འཁྲབ་གཞུང་གི་མ་ཡིག་དང་པོ་བྲིས་ཚར་ཞིང་། ཏག་ཏག་ལ་གཉུག་གནས་པ་དག་གིས་ཐེ་ཝན་སྲིད་གཞུང་གིས་ཁོ་ཚོའི་ས་ཆར་བཟོ་གྲྭ་འཛུགས་པར་ངོ་རྒོལ་བྱེད་ཀྱིན་པ་བརྙན་འཕྲིན་ལས་མཐོང་བས།  ངོ་རྒོལ་མཁན་གྱི་རྣམ་པ་དེས་ང་ཧ་ལས་སུ་བཅུག་བྱུང་། ཁོ་ཚོའི་གཟུགས་གཞི་རགས་ཤིང་ཤ་གནད་རྒྱས་འདུག་པ་ལ་ཆར་ལྭ་ཙམ་ལས་གཞན་གྱོན་མི་འདུག  ངས་དེ་མུར་ཁོ་ཚོར་རྒྱུས་ལེན་འདོད་སྐྱེས། གསར་འགྱུར་གཞན་ཞིག་ནི་ཧོང་ཀོང་གི་འབྱུང་འགྱུར་གྱི་སྐོར་ནས་རེད། དེའི་ཕྱི་ལོར་ཧོང་ཀོང་ཀྲུང་གོའི་མངའ་འོག་ཏུ་འགྲོ་དགོས་པ་ཡིན་ནམ། ཡང་ན་ཐེ་ཝན་གྱི་ཟླ་བོར་འགྱུར་རྒྱུ་དེ་རེད། ངས་གསར་འགྱུར་འདི་གོ་དུས། ངོ་བོའི་ཐོག་ནས་འདི་ཡང་ས་ཆའི་བདག་དབང་གི་གནད་དོན་ཡིན་པ་ཤེས་བྱུང་། ས་ཆ་ནི་མཐོང་རེག་ཏུ་ཡོད་པ་ཞིག་རེད། དེ་བས་ས་ཆ་ཤོར་བ་ཡང་མཐོང་རེག་ཏུ་ཡོད་པ་ཞིག་ཤོར་བ་རེད། ཡིན་ཡང་ངས་མཐོང་རེག་ཏུ་མེད་པ་དག་ཀྱང་ཤོར་འགྲོ་བ་ལ་བསམ་བློ་བཏང་པ་ཡིན།
དེའི་ཕྱི་ཉིན་ངས་དཔེ་ཁང་ཞིག་ཏུ་ཆིག་རོ་ལོང(邱若龙)གིས་བྲིས་པའི་ཝུ་ཧྲིག་དོན་རྐྱེན་སྐོར་གྱི་ཁཱ་ཐུང་དེབ་ཅིག་མཐོང་ཞིང་། སྤྲོ་བ་ལངས་ཏེ་རྩོམ་པ་པོར་འབྲེལ་བ་བྱས་པ་ཡིན། (ཆིག་རོ་ལོང་གི་ཆུང་མ་ནི་གཉུག་གནས་པ་ཞིག་རེད། མཐར་ཁོ་རང་ཡང་གློག་བརྙན་གྱི་སྒྱུ་རྩལ་བློ་འདོན་པར་གྱུར)ཁོས་ལོ་སུམ་བཅུའི་ཡར་སྔོན་ནས་ཝུ་ཧྲིག་དོན་རྐྱེན་ལ་རྒྱུས་བླངས་ཤིང་།  དོན་རྐྱེན་འདི་ལས་ཁོའི་འཕྲོག་ས་དེར་ངའི་ཡིད་ཀྱང་འཕྲོག་སྟེ། དཔའ་རྟུལ་ཚོས་རང་ཉིད་ཀྱི་རང་དབང་ཆེད་དུ་འཐབ་པ་མིན་པར། རང་ཉིད་ཤི་རྗེས་རྣམ་ཤེས་ཀྱི་རང་དབང་གི་ཕྱིར་དུ་འཐབ་པ་དེ་རེད།
 
TR། སྐབས་དེར་ཝུ་ཧྲིག་དོན་རྐྱེན་འདི་བཀབ་ནས་གསང་ཡོད་དམ། དོན་རྐྱེན་འདི་སྐོར་ལ་བརྟག་དཔྱད་དང་ཟིན་ཐོ་བཀོད་པ་དེ་འདྲ་ཨེ་འདུག
ལན། དོན་རྐྱེན་འདིའི་སྐོར་གྱི་གནས་ཚུལ་དག་བཀག་སྡོམ་ཡེ་ནས་བྱས་མྱོང་མེད། ཡིན་ཡང་། ངས་ལས་གཞི་འདི་རྩོམ་དུས། གཉུག་གནས་པ་དག་གིས་དོན་དག་འདི་གླེང་འདོད་མེད་པ་ཧ་གོ་བྱུང་། ཁོ་ཚོས་འདི་རྙོག་དྲ་ཚ་པོ་ཞིག་རེད་སྙམ་གྱིན་འདུག  ངས་ཀྱང་དེ་ཤེས་མུར་གློག་བརྙན་ལས་དོན་དག་འདི་བསྐྱར་དུ་མངོན་པའི་ཐད་ལ་གནོན་ཤུགས་ཆེན་པོ་ཞིག་བྱུང་སོང་། འོས་ལངས་བྱས་པ་དེ་འགྲིག་མི་འགྲིག་དང་བདེན་པ་ཡིན་མིན་གྱི་གནད་དོན་མ་རེད། སྐབས་དེར་ཕྱི་ཚུལ་ནས་བལྟས་ན་ལྷིང་འཇགས་སུ་གནས་ནའང་། ངས་དོན་དག་འདིས་ཚོ་བ་གཉིས་བར་གྱི་འགལ་བ་ཇེ་བཙོག་ཏུ་འགྲོ་སྲིད་པའང་ཚོར་བྱུང་བས། ངས་བཅར་འདྲི་དང་ལེན་བྱེད་མཁན་དག་ལ་ཚོ་བའི་བར་འགལ་བ་སློང་བསམ་པ་མིན་པར། དོན་རྐྱེན་འདིར་ལྟ་ཚུལ་ཆ་ཚང་བ་ཞིག་ཡོད་པའི་ཆེད་དུ་ཡིན་ཞེས་ལབ་པ་ཡིན།
 
TR། དེ་བས་ཁྱོས་འཇར་པན་པ་མི་ངན་དུ་རྩ་བ་ནས་བཟུང་མེད་དམ།
ལན། ངས་མ་གཞི་ནས་འཇར་པན་པར་སྤྱོ་རྩིས་མེད། འཇར་པན་གྱི་མི་སྣ་གཙོ་བོ་གཉིས་ནི་མཐའ་གཉིས་སུ་ལྷུང་བ་གཉིས་ཡིན་ཞིང་། གཉི་ཀས་འགྱུར་བའི་གོ་རིམ་ཞིག་བརྒྱུད་པ་རེད། (小岛源治)ཡིས་དང་ཐོག་གཉུག་གནས་པའི་ཕྱོགས་ནས་ཀ་ལངས་ལངས་བྱེད་ནའང་། ཁོའི་ཆུང་མ་བསད་རྗེས་ཁོ་འགྱུར་སོང་བ་རེད། དམག་སྤྱི་དེས་ཀྱང་དང་ཐོག་ངོ་རྒོལ་བྱེད་མཁན་རྣམས་ལ་སྡང་སེམས་ཚད་མེད་འཛིན་གྱི་ཡོད་ཀྱང་། མཐའ་མར་ཁོ་ཚོར་འུ་ཐུག་པའི་སྨོན་པ་ཤོར་སོང་བ་རེད། ངས་འཇར་པན་པ་གཞན་དག་འབྲི་བཞེངས་བྱེད་པར་ཀྱང་ཀླད་པ་དར་བ་བྱས་ནས་འདང་མང་པོ་བརྒྱབ་པ་ཡིན། དཔེ་ཞིག་བཞག་ན། གདུག་རྩུབ་ཤིན་ཏུ་ཆེ་བའི་ཉེན་རྟོག་པ་དེས་ཀྱང་རང་གི་ཞན་ཆ་སྦ་བར་བསམ་པ་སྟེ། ཁོའི་མི་ཚེ་གང་པོར་འཇར་པན་པ་གཞན་དག་གིས་སྐྱོན་བཙལ་བཙལ་ལ་བསྡད་ཡོད་པས་སོ། ། ཡིན་ཡང་། ལོ་རྒྱུས་ཀྱི་གནས་ཚུལ་ངོ་མ་ནི། གཉུག་གནས་པའི་ས་ཆར་སོང་བའི་ཉེན་རྟོག་པ་ནི་དམག་མིའི་ཁྲོད་ཀྱི་སྡུག་ཤོས་ཡིན་པ་སྟེ། ས་དེར་ལས་འགན་ལྕི་བས། ཉེན་རྟོག་པ་ཡག་ཙམ་ཡོད་པ་ཚོ་གྲོང་ཁྱེར་རམ་རྒྱ་མིའི་ཁྱུ་རུ་སྡོད་པ་ཡིན།
 
TR། གློག་བརྙན་ནང་དུ་ཐེ་ཝན་ན་ཡོད་པའི་རྒྱ་ནག་པ་ཉུང་ཉུང་རེད།
ལན། ཐེ་ཝན་གྱི་རི་ཁུལ་དུ་གཏན་སྡོད་བྱས་པའི་རྒྱ་ནག་པ་ཤིན་ཏུ་ཉུང་། དེར་མ་ཟད། རྒྱ་མི་མང་ཆེ་བ་གཉུག་གནས་མི་རིགས་དང་འཇར་པན་པའི་གཟུ་བ་ལྟ་བུ་ཡིན། ཁྱོས་ཨེ་ཤེས། དོན་ངོ་མར། གློག་བརྙན་ནང་གི་རྒྱ་མི་ཚོང་བ་དེའི་བུ་ངའི་བུ་ཡི་དགེ་རྒན་ཡིན།
 
TR། ཁྱོད་བརྟག་དཔྱད་ལ་ཞུགས་དུས་དཀའ་ལས་ཁག་བྱུང་ངམ།
ཨིན། དངོས་གནས་དཀའ་ལས་ཁག་བྱུང་། 1996-97ལོའི་བར་སྐབས་དེར། ཝུ་ཧྲིག་དོན་རྐྱེན་སྐོར་གྱི་དེབ་སོགས་ཞེ་དྲག་ཉུང་ཉུང་རེད། བྱས་ཙང་སྐུ་ཞབས་ཆིག་གིས་དོན་རྐྱེན་དེའི་སྐོར་ལ་དངོས་ཞུས་གློག་བརྙན་འཕབ་ཀྱིན་པ་ང་ཁོའི་རྗེས་འབྲངས་ནས་ཕྱིན་པ་ཡིན། ང་ཚོས་ཇི་ལྟར་བཙལ་ན་ཡིག་ཚགས་དེ་ལྟར་རྙེད་ཀྱི་འདུག ཡིན་ཡང་། ངས་ཇི་ལྟར་བྲིས་ཀྱང་རང་གི་མཐོང་སྣེ་རང་ག་བ་ཡིན་དྲགས་པའི་སྣང་བ་ཡོང་གི་འདུག དེ་བས། ངས་འབྲི་མཚམས་བཞག་པ་ཡིན། ངས་བརྟག་དཔྱད་མང་ཙམ་བྱས་ཏེ་མི་སྒེར་གྱི་མཐོང་སྣེ་ནས་དོན་དག་འདི་ཞིབ་བརྗོད་བྱེད་དགོས་པ་ཧ་གོ་ཐལ། དེ་བས། དོན་རྐྱེན་གྱི་བྱུང་རིམ་དང་མི་སྣ་གཙོ་བོ་སོགས་མ་ཚད། 1930ལོའི་གཡས་གཡོན་གྱི་རྒྱལ་སྤྱིའི་གནས་སྟངས་དང་སྤྱི་ཚོགས་ཀྱི་རྣམ་པ་སོགས་ཤེས་དགོས་རྒྱུ་འདུག  དེར་བརྟེན། ངས1910ནས1940བར་གྱི་གནས་སྟངས་ལ་བལྟས་ཏེ། གསོན་ཉམས་དོད་པོ་ཞིག་ཡོང་བའི་རེ་བ་བརྒྱབ་པ་ཡིན། སེ་རྡེ་ཁི་ཚོ་བའི་རིག་གནས་དང་ཡུལ་སྲོལ་ཆ་རེ་ད་ལྟའང་ཉམས་མི་འདུག་པས། དེས་ང་ལ་ཕན་ཆེན་པོ་ཐོགས་བྱུང་།
 
TR། ཁྱོད་ཀྱིས་འཁྲབ་སྟོན་པ་ཅི་ལྟར་བདམས་པ་ཡིན།
ལན། ཕྱོགས་ཁ་ཤས་བཤད་ན་དེ་ཁག་ཙམ་འདུག  དང་ཐོག་ང་ཚོས་ཁྲོམ་བསྒྲགས་ཀྱིས་འཁྲབ་སྟོན་པ་བསྡུས་པ་ཡིན་མོད། གཅིག་ཀྱང་ཡོང་རྒྱུ་མ་བྱུང་། དེ་བས། ངས་ལས་ཀ་བ་དག་ཁྱིམ་ཚང་རེ་རེ་བྱས་ནས་འཁྲབ་སྟོན་པ་འཚོལ་དུ་འགྲོ་རུ་བཅུག་སྟེ། ཁོ་ཚོར་རྔོན་པའི་མིག་ཟུང་ཅན་བཙལ་དགོས་ཞེས་མངགས་ཡོད། ཁོ་ཚོས་དུད་ཚང་མང་པོར་བཙལ་བཙལ་མཐར། ཁྱིམ་རྒྱུད་ཀྱི་འདྲ་པར་རྙིང་པ་རེ་ཁྱེར་ཡོང་། ཁོ་ཚོའི་བུ་རྣམས་བཙལ་དུ་གང་ལ་འགྲོ་དགོས་པ་རེད་ཟེར་ན། གཉུག་གནས་པའི་ན་གཞོན་རྣམས་ཐེ་ཝན་གྱི་གྲོང་ཁྱེར་དུ་གནས་སྤར་བས། ཁོ་ཚོ་འཚོལ་དགོས་ན། གཉེན་སྟོན་དང་ཤིད་སྟོན། ལུས་རྩལ་འགྲན་ཚོགས། ཆོས་ཚོགས་ཀྱི་བྱེད་སྒོ་ཡོད་སར་འགྲོ་དགོས་པ་རེད། བྱས་ཙང་། ང་ཚོས་འདྲ་པར་བརྒྱ་ལྷག་ཁྱེར་ནས་བྱེད་སྒོ་སྤེལ་སར་སོང་སྟེ་འཁྲབ་འདོད་ཡོད་མེད་དྲིས་ཤིང་། འཁྲབ་སྟོན་གྱི་རྨང་གཞིའི་སྦྱོང་བརྡར་སྤྲད་རྗེས། དེ་དག་གི་གྲས་ནས་བདམས་པ་ཡིན།
མོ་ནཱ་ལུ་ཏོ་འཁྲབ་མཁན་དེ་ཡང་དོན་ངོ་མར་ཆོས་ཚོགས་ཀྱི་ལས་སྣེ་བ་ཞིག་རེད། ཁོའི་མིག་ལ་འཁྲབ་བྱར་མཁོ་བའི་མདངས་དེ་འདུག་པའི་མི་ཚད། ལྷན་སྐྱེས་ནས་མགོ་ཁྲིད་པ་ཞིག་དང་འདྲ་བས། མཐའ་མར་ཁོ་བདམས་དོན་ཡང་ཁོ་ནི་མི་དང་མི་འདྲེ་ལ། རྒྱུས་ལོན་དཀའ་བས་ཡིན། གལ་ཏེ་ཁོ་གྲོང་ཁྱེར་དུ་སྤར་ན། ཏན་ཏན་ནག་ཚོགས་ཀྱི་མགོ་བ་ཞིག་ཡིན་ངེས་རེད།
 
TR། ཁྱོད་ཀྱི<七月天>དང<海角七号>གློག་བརྙན་སྔ་མ་གཉི་ཀ་མ་རྩ་ཆུང་ཆུང་རེད། ཡིན་ཡང་། རྗེས་མ་དེ་ཐེ་ཝན་ས་ཆ་སོ་སོར་བརྙན་བླངས་པའི་མི་ཚད་ལེགས་འགྲུབ་ཀྱང་ཆེན་པོ་བྱུང་བ་རེད། ཁྱོད་ཀྱིས་མ་རྩ་ཆུང་བ་ཞིག་ནས་འདི་ལྟ་བུའི་ལས་གཞི་རྒྱ་ཆེ་བ་ཞིག་ལས་དོན་ཅི་ཡིན།
ལན། ངས་གློག་བརྙན་འདི་འཕབ་དོན་གཏམ་རྒྱུད་ཡག་པོ་ཡོད་པས་ཡིན། <海角七号>ཡི་རླུང་རྟ་བརྒྱུགས་ནས་དངུལ་རེག་མ་ཐག  ལམ་སེང་གློག་བརྙན་འདི་ལ་བཏང་བ་ཡིན།  གོ་རིམ་དེའི་ཁྲོད་ཀྱང་སློབ་སྦྱོང་བྱ་རྒྱུ་མང་པོ་འདུག  དཔེར་ན། གློག་བརྙན་འདི་ལྟ་བུ་ཞིག་འཕབ་ནCGIཡི་ལག་རྩལ་མི་བཀོལ་ཀ་མེད་ཡིན་ཙང་།  ལག་རྩལ་དེ་དག་ཧུར་ཐག་འབད་ཐག་སྒོས་བསླབས་པ་ཡིན།
ཐེ་ཝན་ནས་གློག་བརྙན་འདི་ཁག་གཉིས་བྱས་ནས་སྟོན་རྒྱུ་ཡིན། ཁག་གཉིས་པ་ཁག་དང་པོའི་རྗེས་ཀྱི་བདུན་ཕྲག་གསུམ་ནས་གཏོང་གི་ཡིན། ཡིན་ཡང་། འཛམ་གླིང་ཡོངས་ལ་སྟོན་རྒྱུའི་པར་མ་དེ་ཁག་གཉིས་ཧྲག་བསྡུས་ཀྱིས་གཅིག་ཏུ་བྱས་པ་ཞིག་ཡིན།
 
TR། ཁྱོད་ཀྱིས་གློག་བརྙན་གཅིག་ལ་པར་གཞི་གཉིས་ཡོད་པར་ལྟ་ཚུལ་ག་འདྲ་འདུག
ལན། དྲང་མོར་བཤད་ན་ང་ཞེ་འགྱོད་པ་ཞིག་རེད། ཡིན་ཡང་། ཕབ་སྐྲུན་པས་ང་ལ་ཕྱི་རྒྱལ་གྱི་ལྟ་མཁན་དང་ཐེ་ཝན་གྱི་ལྟ་མཁན་འདྲ་གི་མ་རེད། ཕྱི་གླིང་བས་ཐད་ཀ་ཡིན་པ། གོ་བ་ལོན་སླ་བ་ཞིག་ལ་ལྟ་འདོད་ཀྱི་རེད་ཟེར་བས། ངས་ཀྱང་ཐེ་ཝན་ནས་ཁག་གཉིས་ཀ་སྟོན་རྒྱུ་དང་། ཕྱི་རྒྱལ་ནས"རྒྱལ་སྤྱིའི་པར་མ"སྟོན་རྒྱུ་བྱས་ཏེ། ཁོའི་རེ་བ་དང་དུ་བླངས་པ་ཡིན།
 
                                                                                                                                                                                                            ——Tony Raynsཡི་བཅར་འདྲི་ལས་བདམས། 2011ལོའི་ཟླ7པར་ཐེ་པེ་ནས།
 

དཔྱད་མཆན་ཡོད།