པད་མ་ཚེ་བརྟན་གྱིས<ཁྱི་རྒན>དང་ཁོའི་གློག་བརྙན་རྗེས་མའི་སྐོར་གླེང་བ།

པད་མ་ཚེ་བརྟན་ལ་བཅར་འདྲི་བྱས་ཚུལ།

ཉེ་བའི་ལོ་འདི་གའི་རིང་ལ། པད་མ་ཚེ་བརྟན་གྱིས་བོད་མིའི་སྤྱི་ཚོགས་ཀྱི་གྲུ་ཟུར་ཡོངས་ལ་རྟོག་ཞིབ་ནན་དུ་བྱས་ཏེ། བདེན་པའི་གཤིས་སུ་གྲུབ་བའི་དངོས་ཡོད་ཀྱི་སྣང་བརྙན་རེ་རེ་སྒྱུ་རྩལ་གྱི་ལམ་ནས་བརྙན་རིས་སུ་ཕབ་ཡོང་དུས། གཟིགས་མོ་བ་ཀུན་གྱིས་དགའ་བ་དྲུངས་ནས་འབྱིན་པའི་གློག་བརྙན་འདི་དག་དམིགས་གཏད་ཀྱི་འབེན་སར་བཟུང་ནས་དོ་སྣང་མང་དུ་བྱེད་བཞིན་ཡོད།

པད་མ་ཚེ་བརྟན་ལགས་ནི་བོད་ཀྱི་བརྩམས་སྒྲུང་རྩོམ་པ་པོ་ཞིག་ཡིན་ལ། ཁོང་གིས་ཕྱི་ལོ་2002ལོ་ནས་བཟུང་གློག་བརྙན་འཁྲབ་ཁྲིད་ཀྱི་ལས་ལ་ཞུགས་ཏེ། སྔ་གཞུག་ཏུ་བརྙན་ལེན་པ་ཟོན་ཐར་རྒྱལ་དང་ལྷན་དུ་སྤྱི་ཚོགས་ཀྱི་བདེན་པ་ཕྱི་རུ་བརྟོལ་བའི་གློག་བརྙན་མང་ཙམ་འཁྲབ་ཡོད། ད་རེབ་ཀྱི་ཁྱི་རྒན་བྱ་བའི་གློག་བརྙན་འདིས་ཀྱང་འབྲོག་ཁྱིམ་ཕལ་བ་ཞིག་གི་སྒོ་ཁྱི་གསོས་བའི་གཏམ་རྒྱུད་གླེང་ཡོད་དེ། མི་རབས་རྒན་གཞོན་གཉིས་ཀྱི་བསམ་པའི་འགྱུར་བ་དང་བསྡོངས་ནས། རིན་མཐོན་པོའི་དོད་དུ་མ་བྱིན་ལ། ཇག་རྐུན་མའི་ལག་ཏུ་མ་སྤྲད་པར་མཐར་རང་གི་སྒོ་ཁྱི་རང་གིས་བསད་དེ་གཏམ་རྒྱུད་ཧྲིལ་བོར་ངེས་ཤེས་གཏིང་ནས་འདྲོང་བར་བྱས་ཡོད། ལར་འདི་ལ་དཔྱད་པ་འདྲ་མིན་སྤེལ་མཁན་མང་དུ་མཆིས་མོད། འདི་ནི་ཏག་ཏག་དངོས་ཡོད་ཀྱི་སྣང་ཚུལ་སྒྱུ་རྩལ་གྱི་ཐབས་ཀྱིས་མཚོན་པ་ཞིག་རེད།

ད་ལོའི་བྷུ་རོ་ཁུ་ལེན་གློག་བརྙན་དུས་སྟོན་(Brooklyn Film Festival)དུ་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་ལགས་ལ་བཅར་འདྲི་བྱས་པ་བརྒྱུད། ཁོང་གི་གློག་བརྙན་ཁྱི་རྒན་བྱ་བའི་ཤུགས་སུ་གནས་པའི་མཚོན་དོན་སྐོར་གྱི་རྒྱུ་ཆ་མང་དུ་ལག་སོན་བྱུང་།

 
བོད་ཀྱི་སྤྱི་ཚོགས་དངོས་མཚོན་པ།
ཉེ་བའི་ལོ་འདི་འགའི་རིང་ལ། བོད་ཀྱི་གློག་བརྙན་མང་དུ་བྱུང་བ་འདི་དཔལ་འབྱོར་གྱི་ཡོང་འབབ་དམིགས་སུ་བཟུང་བ་ཆེར་མ་ཡིན་པར། གཙོ་བོ་བོད་མི་འཚོ་བཞེས་གནང་སའི་ཁོར་ཡུག་དེ་ག་རྫུན་དང་འུད་ཀྱིས་མ་བསླད་པར་ཇི་མ་ཇི་བཞིན་དུ་མཚོན་པར་བྱ་བའི་ཆེད་དུ་ཡིན། ཚུལ་འདི་ལ་པད་མ་ཚེ་བརྟན་ལགས་ནས་ཀྱང་འདི་ལྟར་གསུངས་རྒྱུར། "ངས་གློག་བརྙན་བརྒྱུད་ནས་བོད་མིའི་སྲོལ་རྒྱུན་གྱི་བསམ་བློ་དང་ད་ལྟའི་སྤྱི་ཚོགས་ཀྱི་འགྱུར་བ་གང་མང་ཞིག་མཚོན་འདོད་ལ། དཔེར་ན། ཁྱི་རྒན་ཞེས་པའི་གློག་བརྙན་འདིའི་ནང་གཏམ་རྒྱུད་མང་པོ་ཞིག་འདུ་སྟེ། ན་གཞོན་ཁྱོ་ཤུག་གཉིས་ལ་བྱིས་པ་མེད་པ་བྲིས་ནས་ད་ཆའི་བོད་ཀྱི་སྤྱི་ཚོགས་ཀྱི་དངོས་ཡོད་གནས་ཚུས་བསྟན་ཡོད།""གློག་བརྙན་འདིས་སྤྱིར་བཏང་གི་གཏམ་རྒྱུད་ཕལ་བ་ཞིག་བཤད་པ་ཡེ་མིན་པར། དེ་ཁྲོད་ཀྱི་ཞིབ་ཆ་རེ་རེ་ནས་བོད་མིའི་སྤྱི་ཚོགས་དངོས་མ་ཞིག་གྲུབ་ཡོད།" "རྐྱེན་འདི་ལ་བརྟེན། གློག་བརྙན་འདི་གར་རྒྱ་བོད་གཉིས་ཀའི་ལྟད་མོ་བ་མང་པོས་བརྩི་མཐོང་ཆེན་པོ་བྱེད་བཞིན་འདུག"
 
སྣང་བརྙན་དང་ས་གནས་ཀྱི་གལ་ཆེན་རང་བཞིན། 
གློག་བརྙན་ཕབ་བསྐྲུན་མཁན་གྱིས་བཤད་ན་ཁོང་གི་དངོས་ཡོད་རིང་ལུགས་གསར་མའི་ལུགས་དེ་ཡུལ་གྱི་སྟེང་མངོན་ཡོད་ཟེར་ཏེ། དེ་ཡང་གློག་བརྙན་ཁྲོད་ཀྱི་ཁོར་ཡུག་དག་སྣོད་བཅུད་འདི་འཇིག་དུས་ལྟ་བུའི་སྐྱ་ཐིང་ཐིང་གི་ཁོར་ཡུག་ཅིག་ལྟད་མོ་བའི་མདུན་སར་བཤམས་ཡོད་པ་དང་འདི་ལྟ་བུའི་སྐྱོ་སྣང་གི་ཚོར་བ་ནི་བརྙན་བཟོ་མཁན་གྱི་ངོས་ཐད་ནས་གསལ་བོར་ཚོར་ཐུབ་པ་ཞིག་རེད། འདི་ལ་ཁོང་གིས་གསལ་བཤད་བྱེད་རྒྱུར། “ངས་གཏམ་རྒྱུད་དང་གཏམ་རྒྱུད་ཀྱི་དགོས་མཁོ་ལ་གཞིགས་ཏེ། བསམ་གཟས་ནས་དེ་ལྟ་བུའི་ཚོར་སྣང་སྟེར་བྱེད་ཅིག་བཀོད་སྒྲིག་བྱས་པ་ཡིན”ཟེར།
ཁོང་གིས་འཁྲབ་གཞུང་འབྲི་སྐབས་དང་བརྙན་ལེན་སྐབས་སུ་ཁོང་ནི་ཡིད་སེམས་སྐྱོ་བར་བྱས་སོང་ཟེར་ཞིང་། མུ་མཐུད་དུ་གློག་བརྙན་ཁྲོད་ཀྱི་ཡུལ་དང་དེ་བརྙན་སྒྲོམ་དུ་བཀོད་པའི་ཇུས་འགོད་ཀྱི་དོན་སྙིང་ཐད་ནས་བཤད་རྒྱུར། “ཁྱོད་ཀྱིས་གློག་བརྙན་ཁྲོད་དུ་མཁའ་དབྱིངས་ཤར་བའི་བརྙན་རིས་མང་དུ་མེད་པར་ཧ་ལམ་དོ་སྣང་བྱུང་ཡོད་སྲིད། བརྙན་རིས་མང་ཆེ་ཤོས་དེ་ཐིག་ངོས་གཅིག་གམ་ས་ངོས་ཁོ་ན་རུ་བླངས་ཡོད། ང་ཚོས་དེ་ལ་བརྟེན་ནས་ཤིན་ཏུ་སྐྱོ་བའི་མྱོང་ཚོར་ཅིག་སྐྱེད་འདོད་པ་ཡིན། གློག་བརྙན་ཁྲོད་དུ། ཁྱི་རྒན་བསད་བྱུང་བ་དེ་ནི་ཕྱོགས་གཞན་ཞིག་ནས་གླེང་ན་བཅིངས་འགྲོལ་ཞིག་ཡིན་ཏེ། དེ་འདྲ་ཞིག་གི་ལམ་ནས་ཁྱི་དེར་བཅིངས་འགྲོལ་ཐོབ་པ་མ་ཟད། རྒན་པོ་དེར་ཡང་བཅིངས་འགྲོལ་ཐོབ་སོང་བ་ཡིན། གློག་བརྙན་གྱི་མཇུག་ཏུ། རྒན་པོ་ཁོང་རི་ངོས་སུ་འགོ་བཞིན་པ་དེས་དོན་ཞིག་མཚོན་ཡོད་དེ། རྒྱུ་མཚན་ནི་སྐབས་དེ་དུས་ད་གཟོད་ནམ་མཁའ་དང་བར་ཐག་བསྟུང་གིན་ཡོད།”

བྷེ་གི་མཱན་ལ་བཅངས་པའི་དགའ་བ།
“ངས་ཀྲུང་གོར་ཡོད་པའི་གློག་བརྙན་སློབ་གླིང་དུ་ལོ་མང་བོར་སློབ་སྦྱོང་བྱས་པ་ཡིན་ལ། གློག་བརྙན་བརྒྱ་ཕྲག་དུ་མར་བལྟས་མྱོང་། དེ་བས་གློག་བརྙན་སྒྱུ་རྩལ་པ་སུས་ཤུགས་རྐྱེན་ཐེབས་པར་བཤད་ཁག་པོ་རེད། འོན་ཀྱང་Ingmar Bergmanནི་ཕལ་ཆེར་ཁོ་བོར་སེམས་འགུལ་ཐེབས་སུ་བཅུག་པ་དག་གི་ནང་གི་གཅིག་ཡིན་རྒྱུ་རེད།”ཟེར། 
 
བརྩམས་ཆོས་གསར་བ།
ངལ་གསོ་བ་ཞེས་པ་ནི་ཁོང་གི་མི་ཚེའི་མིང་མཛོད་དུ་མི་འདུག་སྟེ།  ཁོང་གི་སེམས་སུ་ཉར་བའི་གཏམ་རྒྱུད་གསུམ་པོར་དོ་སྣང་བྱེད་རིན་ཆེན་པོར་འདུག་ལ། ཨ་རི་ནས་ཕྱིར་ཕ་ཡུལ་ལ་ལོག་རྗེས་དེ་གསུམ་ལས་གཅིག་གློག་བརྙན་དུ་འཕབ་རྩིས་འདུག སྟེས་དབང་གིས་དེ་ལས་གཅིག་གི་ཁ་བྱང་ལ«ཨ་མེ་རི་ཀ»ཟེར་ཅིང་། ཁོང་གིས་དེའི་ནང་དོན་མདོར་བསྡུས་བཤད་པ་གཤམ་ལྟར།
“དེ་ནི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་བ་གླང་ཞིག་དང་འབྲེལ་བའི་གཏམ་རྒྱུད་ཅིག་སྟེ། བོད་ཡུལ་ན་ཡོད་པའི་བ་དེའི་རིགས་མིན། ཐེངས་འདིའི་གཏམ་རྒྱུད་ནི་བོད་དབུས་སུ་བྱུང་བ་ཞིག་ཡིན་ཞིང་། འོ་མ་ཧ་ཅང་མོད་རབས་ཟེར་བ་ལ་རྐྱེན་བྱས། ཁྱིམ་ཚང་ཞིག་གིས་ཕྱི་རྒྱལ་གྱི་བ་རིན་གོང་ཤིན་ཏུ་མཐོ་བ་ཞིག་ཉོས། དེ་ལ་མིང་ཅི་ཞིག་གདག་དགོས་མ་ཤེས་པ་ལ། ཨ་མེ་རི་ཀར་བ་དེའི་རིགས་ཤིན་ཏུ་མང་བ་ཐོས་པས།  བ་ལའང་དེ་ལྟར་དུ་མིང་བཏགས། ཁོ་ཚོས་བ་དེ་བཀོལ་ནས་རྒྱུད་འཇོག་པར་བརྩམས་པའི་ཚེ། དེ་ཉིད་གློ་བར་དུ་ཤི་བར་གྱུར་བས།  བདེ་འཇགས་ཚན་ཁག་ནས་རྟོག་དཔྱོད་ཀྱི་མགོ་ཚུགས།  འཕྲོ་རིམ་འཕྲོར་བྱུང་བའི་དོན་དག་དེ་དག་གིས་མ་གཞི་འབྲེལ་བ་དམ་པའི་སྡེ་བ་དེའི་སྡེ་མི་ཕན་ཚུན་བར་གྱི་འབྲེལ་བ་ཇེ་ངན་དུ་སོང་བ་དང་། འདི་ནི་དོན་དམ་དུ་ངས་སྟོན་རྒྱུ་གཙོ་བོ་དེ་ཡིན། སྒྲིག་གཞིའི་ཆ་ནས་དེ་ནི«ཁྱི་རྒན»དང་འདྲ་བོ་མེད་ལ། གློག་བརྙན་ནི་བ་གླང་ཤི་བ་དང་མི་རྣམས་ནས་བདེ་འཇགས་ཚན་ཁག་ལ་རང་སོ་སོའི་ལྟ་ཚུལ་བཤད་པ་ནས་མགོ་རྩོམ་རྒྱུ་ཡིན།”ཟེར་རོ།།
 

དཔྱད་མཆན་ཡོད།