པདྨ་ཚེ་བརྟན་ལ་བཅར་འདྲི་ལས་ཁག་དང་པོ། ཁོའི་གློག་བརྙན་སྒྱུ་རྩལ་གྱི་བཞུད་ལམ།

aaaaaaaa.jpg
བཅའ་འདྲི་བྱ་ཡུལ། པདྨ་ཚེ་བརྟན།
བཅར་འདྲི་བྱེད་མཁན། བཀྲ་རྒྱམ།
ས་གནས། ཁྲི་ཀ
དུས་ཚོད། 2012.1.7
ཁག་དང་པོ།
 
བཀྲ་རྒྱམ།  དང་ཐོག་དགེན་ལགས་ཀྱིས་འདི་འདྲའི་བྲེལ་ཟིང་གི་ཁྲོད་ནས། ངའི་བཅར་འདྲི་དང་ལེན་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན། དགེན་ལགས་ཐོག་དང་པོར་རྩོམ་རིག་གི་གར་སྟེགས་སྟེང་བུད་དེ། རྩོམ་རིག་ལས་ཀའི་ཀྱག་ཀྱོག་གི་ལམ་བུ་འདིའི་སྟེང་ནས་གྲུབ་འབྲས་གཡར་དུ་ཟ་བ་ཞིག་བླངས་ཡོད་པ་རེད། དེ་ནས། གློ་བུར་དུ་གློག་བརྙན་གྱི་གར་སྟེགས་འདི་ལ་འཇུས་ཏེ། འདིའི་ཐད་ནས་ཀྱང་གྲུབ་འབྲས་མི་དམན་པ་ཞིག་བླངས་ཡོད་ཟེར་ཆོག་ཆོག་རེད། དེ་ན་དགེན་ལགས་ལ་འདྲི་རྒྱུ་ཞིག་ནི། དགེན་ལགས་ཀྱིས་ད་ལྟ་ཕབ་བསྐྲུན་བྱས་ཟིན་པའི་བོད་རང་གི་སྒེར་ཚུགས་རང་བཞིན་གྱི་གློག་བརྙན། ད་སྔ་དྲ་རྒྱ་དང་གཞན་གང་མང་གི་ཁྲོད་ན། དགེན་ལགས་ལ་འདི་ལྟ་བུའི་ཚད་གཞི་ཞིག་འཇོག་གིན་འདུག དེ་ཅི་རེད་ཅེ་ན། བོད་ཀྱི་ཆེས་ཐོག་མའི་སྒེར་ཚུགས་རང་བཞིན་གྱི་གློག་བརྙན་སྲོལ་འབྱེད་པ་ཟེར་གྱིན་འདུག  དགེན་ལགས་ཀྱིས་ཐོག་དང་པོར་སྒེར་ཚུགས་རང་བཞིན་གྱི་གློག་བརྙན་འདི་འདྲ་ཞིག་ཕབ་བསྐྲུན་བྱེད་རྒྱུའི་ཀུན་སློང་དེ་ཇི་ལྟར་སྐྱེས་པ་དང་། ཆ་རྐྱེན་གང་འདྲ་ཞིག་གི་འོག་ནས་ཁྱེད་ལ་འདི་འདྲའི་སྤོབས་སེམས་དང་འདི་འདྲའི་སྙིང་སྟོབས་ཤིག་གི་འོག་ནས་གློག་བརྙན་གྱི་གར་སྟེགས་སྟེང་ཅི་ལྟར་འཛེགས་པ་ཡིན། དེའི་ཐད་ནས་ཁ་བརྡ་ཞིག་བྱེད་རོགས།
 
པདྨ་ཚེ་བརྟན།  ཨོ་རེད། རྒྱུ་རྐྱེན་གཙོ་བོ་ཕལ་ཆེར་གསུམ་ཡོད་རྒྱུ་རེད་པཱ། གཅིག་ཡིན་ན། ཆུང་དུས་ནས་གློག་བརྙན་ཕྱོགས་ལ་ཧ་ཅང་དགའ་སྤྲོ་ཆེ་བ་ཞིག་ཡིན། ཕལ་ཆེར་སློབ་ཆུང་གི་སྐབས་ནས་བཟུང་གློག་བརྙན་ལ་ལྟ་རྒྱུར་ཧ་ཅང་དགའ། སྐབས་དེར་སྡེ་བའི་ནང་དུའང་། གློག་བརྙན་སྟོན་རྒྱུའི་སྲོལ་འདྲ་ཡོད་འདུག  གློག་བརྙན་ཞིག་སྟོན་དུས། གློག་བརྙན་གཅིག་སྡེ་བ་སོ་སོར་སོང་ནས་སྟོན་གྱིན་ཡོད། གློག་བརྙན་གྱི་སྣ་ཁ་ཧ་ཅང་ཉུང་ནའང་། སྐབས་དེར་གློག་བརྙན་སྣ་འཛོམས་ལ་ལྟ་རྒྱུའི་གོ་སྐབས་ཧ་ཅང་ཡག་པོ་འདུག   དེའི་རྗེས་ནས་ང་རང་ཁྲི་ཀ་རྫོང་མི་རིགས་སློབ་འབྲིང་ལ་འགྲིམ་དུས། རྫོང་མཁར་ནའང་གློག་བརྙན་ཁང་ནང་དུ་གློག་བརྙན་སྟོན་གྱིན་འདུག  དེ་མིན་སློབ་གྲྭའི་ཐག་ཉེ་སའི་སྡེ་བའི་ནང་དུའང་སྟོན་གྱིན་འདུག ཕལ་ཆེར་གཟའ་མཇུག་དང་ཡང་ན་རྒྱུན་ལྡན་གྱི་གློག་བརྙན་སྟོན་རྒྱུའི་གོ་སྐབས་མང་པོ་འདུག སྐབས་དེར་ཡང་གློག་བརྙན་མང་པོར་བལྟས་པ་ཡིན། དེའི་རྗེས་སུ། མཚོ་ལྷོའི་དགེ་ཐོན་མི་རིགས་སློབ་གྲྭར་སོང་དུས་ཀྱང་། ཆབ་ཆའི་གློག་བརྙན་ཁང་ནང་དུའང་གློག་བརྙན་མང་པོ་སྟོན་གྱིན་འདུག  དེའི་སྟབས་ཀྱིས། གཞུག་ནས་སློབ་གྲྭ་ཆེན་མོའི་སྐབས། ལན་གྲུ་ལ་སོང་དུས་ཀྱང་དེ་འདྲ་རང་རེད། སྐབས་དེར་གྲོང་ཁྱེར་གྱི་གློག་བརྙན་ཁང་མ་ཟད་སློབ་གྲྭའི་ནང་དུའང་། གཟའ་འཁོར་རེ་རེར་གློག་བརྙན་གཉིས་གསུམ་རེ་སྟོན་རྒྱུའི་དཔེ་འདྲ་འདུག དེའི་སྟབས་ཀྱིས་རང་གི་དགའ་ཕྱོགས་འདི་དང་བསྟུན་ཏེ། ཆུང་དུས་ནས་གློག་བརྙན་ཁང་ནང་ནས་གློག་བརྙན་ལ་ལྟ་རྒྱུའི་གོ་སྐབས་མང་པོ་བྱུང་སོང་། དེ་ང་ལ་མཚོན་ན། རང་གི་དགའ་ཕྱོགས་འདི་མུ་མཐུད་དུ་རྒྱུན་སྐྱོང་རྒྱུར་ཕན་ཐོགས་ཆེན་པོ་ཞིག་བྱུང་སོང་། 
       གཉིས་ཡིན་ན། གློག་བརྙན་གྱི་ཆེད་ལས་སྦྱོང་མཁན་ཞིག་ཡིན་ན། ངེས་པར་དུ་གློག་བརྙན་ཁང་ནང་ནས། གློག་བརྙན་གྱི་དྲ་ཡོལ་ཆེ་བོ་དེའི་ངོས་ནས་བལྟས་ཏེ། དེའི་གཟུགས་དང་སྒྲའི་མྱོང་ཚོར་ཤེས་ན། ད་གཟོད་ཕལ་ཆེར་གློག་བརྙན་གྱི་བཅུད་ལྟ་བུ་དེ་ཚུར་དང་ལེན་བྱེད་རྒྱུར་ཧ་ཅང་ཕན་ཐོགས་ཆེ་འདུག  དེའི་སྟབས་ཀྱིས། ང་སློབ་ཆུང་ནས་ད་བར་དུ་འདི་ལྟ་བུའི་གོ་སྐབས་ཤིག་ལྡན་སོང་བ་རེད། དེང་སང་ཡིན་རྒྱུ་ན། སྡེ་བ་ཞིག་ཡིན་ནའང་། བརྙན་འཕྲིན་དང་གཞན་དྲ་རྒྱ་བཅས་མང་པོ་ཡོད་པ་རེད།  དེ་བས།  གློག་བརྙན་ཁང་ནང་ནས་ཡང་ན་དྲ་ཡོལ་ཆེ་བའི་ངོས་ནས་གློག་བརྙན་ལ་ལྟ་རྒྱུའི་གོ་སྐབས་ཧ་ཅང་ཉུང་གི  རྫོང་ཁུལ་ཡིན་ན་དེ་འདྲ་རེད། ད་སྐབས་ཁུལ་ཐོག་ཡིན་ནའང་དེ་འདྲ་རེད། ཕལ་ཆེར་ལོ་གཅིག་གི་ནང་ལ། གློག་བརྙན་ཁང་ནང་དུ་གློག་བརྙན་ཕལ་ཆེར་སྟོན་གྱིན་མེད་པ་འདྲ། ཁ་ཉིན་ང་ཡུལ་ལ་ལོག་དུས། ཁྲི་ཀའི་སྲང་ལམ་དག་ལ་སྐོར་བ་ཞིག་བྱས་པ་ཡིན། དེ་དུས་ཀྱི་གློག་བརྙན་ཁང་ཡོད་སའི་ས་ཁུལ་དེ་ད་ལྟ་ཤུལ་ཀྱང་མི་འདུག་པར།  ད་ལྟ་ཚོང་ར་ལྟ་བུ་ཞིག་ཏུ་གྱུར་འདུག སྔོན་ཆད་ང་ཆབ་ཆ་སོང་ནས། ཆབ་ཆའི་གློག་བརྙན་ཁང་ནས་ང་ཚོས་གློག་བརྙན་ཞིག་ལས་རྒྱུ་ཞེས། ས་ཆ་རེ་རེར་སྐོར་བ་ཞིག་བྱས་དུས། ང་ཚོ་མཚོ་ལྷོ་དགེ་ཐོན་སློབ་གྲྭ་ན་ཡོད་དུས་ཀྱི་གློག་བརྙན་ཁང་། གཟའ་འཁོར་རེ་རེར་དེ་རུ་གློག་བརྙན་སྟོན་གྱིན་ཡོད། སྐབས་དེར། མི་མང་པོ་སོང་ནས་གློག་བརྙན་ལ་ལྟ་བཞིན་ཡོད་པ་རེད། གཞུག་ནས་ང་ཚོས་གློག་བརྙན་ལས་རྒྱུ་ཞེས་དེའི་ནང་དུ་བསྐོར་བ་ཞིག་བྱས་དུས། དེ་ཡང་ཚོང་རར་གྱུར་འདུག གློག་བརྙན་ཁང་ནང་གི་འདུག་སྟེགས་དེ་སྔར་བཞིན་བཞག་འདུག འོན་ཀྱང་འདུག་སྟེགས་སྟེང་ལ་ཚོང་འདྲ་བཤམས་འདུག  ང་ཚོའི་སློབ་གྲོགས་ཤིག་དེ་རུ་ཡོད། སྐབས་དེར་ངས་ཁོ་ལ་དྲིས་དུས། ད་སྐབས་འདི་ན་གློག་བརྙན་ཅི་འདྲ་ཞིག་སྟོན་གྱིན་ཡོད་ཅེས་དྲིས་པ་ན། ཕལ་ཆེར་གཅིག་གཉིས་ཙམ་ལས་སྟོན་གྱིན་མི་འདུག་ཟེར། ད་དེ་འདྲ་ཞིག་རེད། དེ་བས། ཆུང་དུས་ནས་གློག་བརྙན་ཁང་ཡིན་ཡང་འདྲ། ཡང་ན་སྡེ་བ་དང་སློབ་ཆུང་། སློབ་འབྲིང་བཅས་འགྲིམ་སྐབས། སྡེ་བའི་ནང་དུ་གློག་བརྙན་སྟོན་གྱིན་པའི་གོ་སྐབས་དེ་ལ་བསྟུན་ཏེ། ང་རང་གི་དགའ་ཕྱོགས་འདི་ཕར་རྒྱུན་བསྲིངས་པ་ཡིན། སློབ་གྲྭ་ཆེན་མོའི་སྐབས་ཡིན་ཡང་འདྲ། དེའི་གཞུག་ནས་བྱ་བའི་སྟེང་ལ་ཞུགས། ཞིབ་འཇུག་སློབ་མའི་སྟེང་ལ་ཞུགས། གང་ལྟར་ཡང་གློག་བརྙན་གྱི་དགའ་ཕྱོགས་འདི་གཏན་ནས་རྒྱུན་ཆད་མ་མྱོང་། རྒྱུན་ཆད་མ་མྱོང་པའི་ཞོར་ལ། གློག་བརྙན་ལ་ལྟ་རྒྱུའི་གོ་སྐབས་དང་མཐུན་རྐྱེན་འདི་འདྲ་ཞིག་ཀྱང་ཡོད་པས། དེ་རིང་ཧ་ཅང་རམ་འདེགས་མང་པོ་བྱིན་འདུག དེ་གཅིག་ཡིན་རྒྱུ་རེད། 
         དེའི་ཕན་ཆད་ནས།  ཆུང་དུས་ནས་བཟུང་གློག་བརྙན་མང་པོར་བལྟས་པ་རེད། དེའི་ནང་དུའང་བོད་དང་འབྲེལ་བའི་གློག་བརྙན་ཀྱང་འདུག  དེ་ཡིན་རྒྱུ་ན། ང་ཡིན་ཡང་འདྲ། བོད་གཞན་པ་ཡིན་ཡང་འདྲ་བོད་དང་འབྲེལ་བ་ཡོད་པའི་གློག་བརྙན་དེ་དག་གི་སྐོར་ལ་ཁ་བརྡ་བྱེད་དུས། དེའི་ནང་དུ་ནོར་འཁྲུལ་འདྲ་མང་པོ་འདུག་ཟེར་བ་རེད། དཔེར་ན་ཡུལ་སྲོལ་གོམས་འདྲིས། ཕྱོགས་ཆུང་ངུ་ཞིག་ནས་དཔེ་ཞིག་བཞག་ན། བོད་ལྭ་ཞིག་གོན་རྒྱུ་དེ་ཙམ་པོ་ཞིག་གི་སྟེང་དུའང་ནོར་འཁྲུལ་བྱུང་ཡོད་པ་བཅས། ཧ་ཅང་དོན་དག་མང་པོ་ཞིག་འདུག དེ་བས། ང་རང་གི་སེམས་ནས་ཀྱང་། གལ་ཏེ་རང་མི་རིགས་ཀྱི་ནང་ན། རང་མི་རིགས་འདིའི་རིག་གནས་ཡིན་ཡང་འདྲ། རང་མི་རིགས་འདིའི་ཡུལ་སྲོལ་གོམས་འདྲིས། འདི་ལ་ཆ་རྒྱུས་ཡོད་མཁན་ཞིག་གིས་རང་མི་རིགས་ཀྱི་འཚོ་བ་མཚོན་པའི་གློག་བརྙན་ཞིག་ལས་ཐུབ་རྒྱུ་ན། ནོར་འཁྲུལ་ཆུང་ངུ་འདི་དག་མ་མཐའ་ཡང་བྱུང་རྒྱུ་མ་རེད་འདོད་པའི་ཀུན་སློང་སྐྱེས་ཏེ། ད་གཟོད་གློག་བརྙན་སྦྱོང་རྒྱུའི་ལམ་འདིར་ཞུགས་པ་ཡིན། གློག་བརྙན་སྦྱོང་རྒྱུའི་ལམ་འདིར་ཞུགས་པའི་མཐུན་རྐྱེན་གཙོ་བོ་ཅི་ཞིག་རེད་ཅེ་ན། སྐབས་དེར་ཆ་རྐྱེན་དེ་འདྲ་བཟང་རྒྱུ་མི་འདུག དཔེར་ན། ང་ལྟ་བུ་ཞིག་ལ་མཚོན་ནའང་། ཆེད་ལས་ཀྱི་གློག་བརྙན་སློབ་གྲྭ་ཞིག་ལ་སོང་ནས། ཆེད་ལས་ཀྱི་སྒོ་ནས་གློག་བརྙན་སྦྱངས་ཏེ། དེ་ནས་གློག་བརྙན་གྱི་ལས་ཀ་གཉེར་མཁན་ཏུ་ཞུགས་རྒྱུ་ཟེར་བ། སྐབས་དེའི་ལོ་རབས་བརྒྱུད་ཅུའམ་ཡང་ན་ལོ་རབས་དགུ་བཅུ། སྐབས་དེར་ཕལ་ཆེར་དེ་འདྲའི་གོ་སྐབས་ཧ་ཅང་ཉུང་བ་རེད།
         གཞུག་ནས་ངས་ལན་གྲུ་ན་ཞིབ་འཇུག་སློབ་མ་འདོན་སྐབས། སྔ་ནས་ཡོད་པའི་རང་གི་བསམ་ཚུལ་དེར་བསྟུན་ནས། གོ་སྐབས་ཤིག་རེག་སོང་།  གོ་སྐབས་དེ་ཡིན་ན་ཐེབས་རྩ་ཚོགས་པ་ཞིག་གིས་བོད་ཀྱི་སློབ་གསོའི་ཕྱོགས་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་རེད། དེ་མིན་བོད་ཀྱི་ཆེད་ལས་ཁྲོད་ཆེས་ཉུང་བ་ཅན། དེ་འདྲའི་སྐོར་ཞིག་སྐྱེད་སྲིང་བྱེད་རྒྱུ་རེད་ཅེས་པའི་སྐད་ཆ་ཞིག་ཐོས་ཏེ། ད་གཟོད་ཡར་ཞུ་ཡི་གེ་ཞིག་བྲིས་ནས། ང་རང་ལ་མཚོན་ནའང་གློག་བརྙན་སྦྱོང་རྒྱུའི་འདུན་པ་ཡོད་པས། དེའི་ཕྱོགས་ཀྱི་རྒྱབ་སྐྱོར་ཞིག་ཨེ་བྱེད་འདོད་དེ། ད་གཟོད་དེ་འདྲའི་འདུན་པ་ཞིག་བྲིས་ནས་ཡར་ལ་བསྐུར་བ་ཡིན། སྐབས་དེར་ཆེད་ལས་འདིའི་ཕྱོགས་ལ་སྦྱང་རྒྱུ་ཟེར་ནི། ཡང་ན་ཆེད་ལས་དེའི་ཕྱོགས་ལ་འགྲོ་ནི།  བོད་ཀྱི་ན་གཞོན་གྱི་གྲལ་ན་ཧ་ཅང་ཉུང་བའི་རྐྱེན་གྱིས། ང་རང་གི་ཡར་ཞུ་ཡི་གེ་དེར་རེམ་མར་ཆོག་མཆན་ཐོབ་སོང་། དེ་ནས་མགྱོགས་པོར་པེ་ཅིན་གློག་བརྙན་སློབ་གླིང་ལ་སོང་ནས་ཆེད་ལས་ཀྱི་གློག་བརྙན་སྦྱོང་རྒྱུའི་གོ་སྐབས་བྱུང་སོང་བ་རེད། གློག་བརྙན་སྦྱོང་རྒྱུ་དང་གློག་བརྙན་གྱི་གཞུང་ལུགས་ཡིན་ཡང་འདྲ། དེ་དག་སྦྱོང་བའི་ཞོར་ནས། ལག་ལེན་དང་གཞུང་ལུགས་གཉི་ག་མཉམ་འབྲེལ་སྒོས། གློག་བརྙན་ཐུང་ངུ་རེ་ལས། སློབ་སྦྱོང་བྱས་ཚར་རྗེས། གློག་བརྙན་རིང་བོ་ལས་རྒྱུའི་གོ་སྐབས་བྱུང་། དེ་ནས་ད་གཟོད་གློག་བརྙན་ལས་རྒྱུའི་ལམ་ལ་དངོས་སུ་ཞུགས་པ་ཡིན། 
 
{མུ་འགོད།}

དཔྱད་མཆན་ཡོད།