པདྨ་ལ་བཅར་འདྲི་ལས་ཁག་གཉིས་པ། གློག་བརྙན་ཕབ་སྐྲུན་གྱི་ཀུན་སློང་དང་དཀའ་ཁག་སྣ་ཚོགས།

万玛才旦.jpg

ཁག་གཉིས་པ།

བཀྲ་རྒྱམ། དགེན་ལགས་ཀྱིས་མུ་མཐུད་དུ་གློག་བརྙན་གྱི་ཕྱོགས་ལ་རྒྱུན་བསྲིངས་ནས། ད་དུང་མུ་མཐུད་དུ་ཀྱག་ཀྱོག་གི་ལམ་བུ་འདི་ལ་ཞུགས་ཏེ་གློག་བརྙན་གར་སྟེགས་སུ་འགྲེང་རྒྱུའི་སྤོབས་སེམས་དང་ཆོད་སེམས་ཡོད་འདུག དགེན་ལགས་ཀྱིས་ཐོག་དང་པོར་བོད་རང་གི་སྒེར་ཚུགས་རང་བཞིན་གྱི་གློག་བརྙན་ལམ་བུ་འདིར་བརྒྱུད་པའི་སྐབས་སུ། དཀའ་ཁག་མི་ཉུང་བ་ཞིག་དང་འཕྲད་ཡོད་པ་ཁོ་ཐག་ཡིན་ངེས། ཐོག་དང་པོར་དཀའ་ཁག་གཙོ་ཤས་གང་དག་ལ་འཕྲད་སོང་། དཀའ་ཁག་དེ་དག་ལ་ཁྱེད་ཉིད་ཀྱིས་ཅི་ལྟར་སྙོམས་སྒྲིག་དང་ཅི་ལྟར་གདོང་གིས་བསུས་པ་ཡིན།
པདྨ་ཚེ་བརྟན། རེད། བོད་ལ་མཚོན་རྒྱུ་ན། གློག་བརྙན་ཞེས་པ་འདི་བྱ་དངོས་གསར་བ་ཞིག་རེད། གློག་བརྙན་རིག་གནས་ཀྱི་རྨང་གཞི་ཧ་ཅང་བརྟན་པོ་ཞིག་ཆགས་མི་འདུག དེའི་སྟབས་ཀྱིས། གློག་བརྙན་ཟེར་དུས། གློག་བརྙན་འདི་ལ་གོ་བ་ལེན་སྟངས་དང་ཡང་ན་གློག་བརྙན་ཕྱོགས་ཀྱི་ལྟ་སྟངས་ཀྱང་སྣ་མང་འདུག འོན་ཀྱང་། གློག་བརྙན་ངོ་མ་ཞིག ཚད་དང་ལྡན་པ་ཞིག རྒྱལ་སྤྱིའི་ཚོང་ར་འགྲིམས་ཐུབ་པ་ཞིག་ལས་ན། དེ་ལ་དཀའ་ཁག་བསམ་གྱིས་མི་ཁྱབ་པ་མང་པོ་ཞིག་འདུག
      གཙོ་བོ་ཅི་ཞིག་རེད་ཅེ་ན། གློག་བརྙན་ལས་རྒྱུ་ནི། རྩོམ་འབྲི་བ་དང་མི་འདྲ་བར། དེ་ནི་བཟོ་ལས་ཀྱི་གྲུབ་ཆའི་ནང་ཚུན་ཞིག་རེད། དེ་ལ་ཆ་རྐྱེན་མང་པོ་འཛོམས་དགོས་པ་རེད། དཔེར་ན། དེའི་ཆ་རྐྱེན་ཡོད་ཚད་འགྲུབ་དགོས་པའི་མཐུན་རྐྱེན་གཙོ་བོ་ཅི་ཞིག་རེད་ཅེ་ན། གཙོ་བོ་མ་དངུལ་དགོས་པ་རེད། དེ་བས། བོད་ཀྱི་གློག་བརྙན་འདི་ཐོག་མར་ལས་དུས། མ་དངུལ་བཙལ་རྒྱུ་ནི་དཀའ་ལས་གཙོ་ཤས་ནང་གི་གཅིག་རེད། མ་དངུལ་དེ་དག་མེད་ཚེ། གློག་བརྙན་ལས་རྒྱུའི་མཐུན་རྐྱེན་དེ་དག་འཛོམས་ཁག་པོ་རེད། དཔེར་ན། འཕྲུལ་ཆས་ཤིག་གླས་ཀྱང་འདྲ། ཡང་ན་གཟུགས་ལེན་འཕྲུལ་ཆས་དང་སྒྲ་ལེན་འཕྲུལ་ཆས། དེ་མིན། ཆེད་ལས་ཀྱི་མི་སྣ་གདན་དྲངས་རྒྱུ། གློག་བརྙན་ནི་མི་གཅིག་གིས་ལས་ཐུབ་པ་ཞིག་མིན་པས། དེའི་ནང་ལ་ཆེད་ལས་ཀྱི་མི་སྣ་མང་པོ་ཞིག་འཛོམས་དགོས་པ་རེད། དཔེར་ན། འཁྲབ་གཞུང་། འཁྲབ་ཁྲིད། དེའི་ཕན་ཆད་ནས་བརྙན་ལེན་པ། སྒྲ་ལེན་པ། མཛེས་རིས་པ། ཐ་ན་གྱོན་ཆས་ཀྱི་ཕྱོགས་ནས་བཀོད་སྒྲིག་བྱེད་མཁན། དེ་འདྲའི་མང་པོ་ཞིག་འཛོམས་དགོས་པ་རེད། དེའི་སྟབས་ཀྱིས། ཆེད་ལས་མི་སྣ་དེ་དག་མཉམ་དུ་བོས་ནས་མཉམ་དུ་གློག་བརྙན་ཞིག་ལས་རྒྱུ་ཟེར་ན། དེའི་ཚད་ཀྱི་འགྲོ་སོང་ཆེན་པོ་ཞིག་ཡོད་པ་རེད། དེ་བས། མ་དངུལ་ནི་གཙོ་བོ་ཞིག་རེད། ང་རང་གི་ཐོག་མའི་གློག་བརྙན། ངེས་པར་དུ་བོད་སྐད་ཡིན་པ། བོད་ཀྱི་འཚོ་བ་དངོས་མཚོན་པ། དེའི་ཕན་ཆད་ནས་བོད་ཀྱི་འཁྲབ་སྟོན་པས་འཁྲབ་སྟོན་བྱས་པ། དེ་འདྲའི་གློག་བརྙན་ཞིག་ལས་རྒྱུའི་ཀུན་སློང་བཟུང་སྟེ། ད་གཟོད་གློག་བརྙན་འདི་གྲ་སྒྲིག་བྱས་པ་ཡིན། 
     སྔོན་ཆད། བོད་སྐད་ཀྱི་སྟེང་ནས་བོད་ཀྱི་འཚོ་བ་མཚོན་ཞིང་བོད་ཀྱི་འཁྲབ་སྟོན་པས་འཁྲབ་པའི་གློག་བརྙན་ཞིག་ཕལ་ཆེར་ཡོད་མི་སྲིད། དེ་ཡིན་ན། ཚོང་ལས་དང་ཧ་ཅང་འགལ་ཡོད་པ་རེད། དེ་འདྲ་བྱས་ན། ཆ་རྐྱེན་དེ་དག་བཟུང་ནས་གློག་བརྙན་ཞིག་ལས་པ་ཡིན་ན། རྒྱ་ཡིན་ཡང་འདྲ་ཕྱི་རྒྱལ་གྱི་ལྟ་མཁན་ཡིན་ཡང་འདྲ། གྲངས་ཀའི་ཐོག་ནས་ཧ་ཅང་ཇེ་ཉུང་དུ་འགྲོ་ངེས་པ་རེད། དེང་སང་རྒྱ་ནང་ནས་གློག་བརྙན་ཞིག་ལས་ན། དེའི་མ་རྩ་ཇི་ལྟར་ཡོང་བ་དང་། མ་རྩ་ཞིག་འགྲོ་སྒོ་རུ་བཏང་ན། མ་རྩ་དེ་ཇི་ལྟར་ཡོང་དགོས་པ་དང་། མ་རྩ་དེ་ཕྱིར་ཡོང་དགོས་ན། དེར་དབྱེ་ཞིབ་འདྲ་བྱས་ཏེ། ཚོང་ར་ལ་སོགས་པར་འདང་བརྒྱབ་ནས། དེའི་མ་རྩ་དེ་ཕྱིར་ཡོང་བར་ཉེན་ཁ་མེད་པའི་ཆ་རྐྱེན་འོག་ནས། ད་གཟོད་གཞན་པ་ཞིག་གིས་ཁྱོད་ལ་དེའི་འགྲོ་སོང་དང་མ་དངུལ་གཏོང་ངེས་ཏེ། ད་གཟོད་གློག་བརྙན་ལས་རྒྱུའི་གོ་སྐབས་དེ་འབྱུང་བ་རེད། འོན་ཀྱང་། ཐོག་མ་ནས་བོད་སྐད་ཀྱི་གློག་བརྙན་ཞིག་ལས་རྒྱུ་དང་དེ་མིན་ནང་གི་འཁྲབ་སྟོན་པ་ཡོད་ཚད་བོད་ཡིན་པ་ཞིག བོད་ཀྱི་འཚོ་བ་མཚོན་པ་ཞིག་ལས་རྒྱུ་ཟེར་ན། མ་རྩ་གཏོང་མཁན་ཞིག་ལ་ཆ་མཚོན་ན། དེ་ཧ་ཅང་ཉེན་ཁ་ཆེན་པོ་ཞིག་རེད། ང་རང་གིས་འཁྲབ་གཞུང་འདི་བྲིས། འཁྲབ་གཞུང་འདི་ཐོག་མར་གློག་བརྙན་ཐུང་ཐུང་ཞིག་རེད། གློག་བརྙན་ཐུང་ཐུང་ཞིག་ལས། དེ་ནས་གློག་བརྙན་ཐུང་ཐུང་འདི་ལ་བྱ་དགའ་འགའ་ཞིག་ཐོབ། དེ་ནས་ད་གཟོད་འདི་གློག་བརྙན་རིང་བ་ཞིག་ལས་ན་བཟང་རྒྱུ་རེད་བསམ་ནས། རང་གི་དགེ་རྒན་དང་གྲོགས་པོ་ཁ་ཤས་ཀྱིས་རོགས་རམ་འོག གློག་བརྙན་འདི་འདྲ་ཞིག་ལས་རྒྱུའི་མགོ་ཚུགས་པ་རེད། འོན་ཀྱང་། མགོ་བཙུགས་བཏང་ནའང་། འཁྲབ་གཞུང་དེ་དག་བྲིས་ཚར་བའི་རྗེས་སུ། གློག་བརྙན་དངོས་སུ་ལས་རྒྱུ་ཟེར་ན། མ་རྩ་གཏོང་མཁན་ཞིག་གིས་མ་རྩ་དེ་བཏང་ཟིན་པ་ཡིན་ན། མ་རྩ་དེ་ཇི་ལྟར་ཡོང་རྒྱུའི་ཐད་ལ་འདང་རྒྱག་དགོས་པ་རེད། དེའི་སྟབས་ཀྱིས། སྐབས་དེར་ཧ་ཅང་དཀའ་ཁག་ཆེན་པོ་ཞིག་ལ་ཐུག་སོང་། འོན་ཀྱང་། ངའི་གྲོགས་པོ་ཡིན་ཡང་འདྲ། ངའི་དགེ་རྒན། དེའི་ཕྱོགས་ཀྱི་སྦྱིན་བདག་ཁ་ཁེར། དེའི་ཕན་ཆད་ནས་ང་རང་གི་གྲོགས་པའི་ནང་ནས་ཀྱང་སངས་རྒྱས་རྒྱ་མཚོ་དང་། རྡོ་ལྷ་སོགས་ཀྱིས་རོགས་རམ་བྱས་པ་ཡིན། ཁོ་ཚོའི་དམིགས་ཡུལ་ནི་ཚོང་ལས་ཕྱོགས་ཡེ་ནས་མིན་པ་རེད། འུ་ཚོའི་གློག་བརྙན་འདི་བོད་ཀྱི་གློག་བརྙན་ངོ་མ་ཞིག་རེད། བོད་སྐད་ཀྱི་སྒོ་ནས་བོད་ཀྱི་འཚོ་བ་ངོ་མ་མཚོན་པར་མ་ཟད། བོད་ཀྱི་འཁྲབ་སྟོན་པས་འཁྲབ་པའི་བོད་ཀྱི་གློག་བརྙན་ངོ་མ་ཞིག་རེད་ཅེས་པའི་ཀུན་སླང་དེ་སྐྱེས་ནས། མ་རྩ་སོགས་ལ་འདང་མ་བརྒྱབ་པར་ངེས་པར་དུ་གློག་བརྙན་འདི་འདྲ་ཞིག་ལས་དགོས་བསམ་པའི་ཀུན་སློང་ཞིག་བཟུང་ནས། ད་གཟོད་གློག་བརྙན་འདི་ལས་པ་རེད།


བཀྲ་རྒྱམ། ད་སྔ་གློག་བརྙན་གྱི་ཁྲོད་ན། བོད་རང་གི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་ཡིན་ན་འདྲ། ལྟ་སྟངས་ཡིན་ན་འདྲ། ཡུལ་སྲོལ་གོམས་གཤིས་སོགས་མང་པོ་ཞིག་འདུ་རྒྱུ་རེད། དེ་ན་ངས་འདྲི་འདོད་པ་ནི། ཁྱེད་ཉིད་ཀྱིས་བོད་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་ཡིན་ཡང་འདྲ། འདི་དར་རྒྱས་གཏོང་རྒྱུ་དང་དེའི་འཕྲོ་ནས་རྒྱལ་ཁབ་ཕྱི་ནང་ཀུན་ན་བོད་མི་རིགས་ལ་བཅངས་པའི་ལྟ་སྟངས་མི་འདྲ་བ(གཞན་རིགས་ཀྱིས་ཕབ་བསྐྲུན་བྱས་པའི་བོད་རིགས་འཚོ་བ་དང་འབྲེལ་བའི་གློག་བརྙན་དག་གི་བརྒྱུད་སྒྲོག་ཤུགས་རྐྱེན་ལ་དམིགས་ནས་དྲིས)གང་མང་ཞིག་དག་སེལ་བྱེད་རྒྱུའི་འདུན་པ་དང་བསམ་ཚུལ་ཅི་འདྲ་ཡོད།
པདྨ་ཚེ་བརྟན། རེད། གཙོ་བོ་ང་རང་གི་བསམ་ཚུལ་ཡིན་ན། མི་འདི་འདྲ་མང་པོ་ཞིག་བརྒྱུད་ནས་མཉམ་དུ་གློག་བརྙན་ཁ་ཁེར་ལས། གློག་བརྙན་ལས་པ་དང་བསྟུན་ནས། བོད་རིག་གནས་ཀྱི་ཁྲོད་ལ་དེང་རབས་ཀྱི་གློག་བརྙན་རིག་གནས་ཀྱི་མ་ལག་གི་རྨང་གཞི་ཞིག་འཇོག་ཐུབ་རྒྱུ་ན། དེ་ཧ་ཅང་གཙོ་བོ་རེད་འདོད་ཀི བོད་ལ་མཚོན་ན་གློག་བརྙན་ཞེས་པ་འདི་གསར་དུ་དར་བའི་བྱ་དངོས་ཤིག་རེད་པས། དེའི་སྟབས་ཀྱིས། དེའི་ཕྱོགས་ལ་གཞུང་ལུགས་ཡིན་ཡང་འདྲ། ཕྱོགས་གང་ཐད་ནས་མ་ལག་ཆ་ཚང་བོ་ཞིག་མི་འདུག མ་མཐའ་ཡིན་ཡང་རྨང་གཞི་ཞིག་བཞག་བཏང་ནའང་བཟང་བོ་རེད། རྨང་གཞི་ཞིག་བཞག་བཏང་བ་ཡིན་ན། རྗེས་མུར་རྨང་གཞི་དེའི་སྟེང་ནས། ཡར་གོང་འཕེལ་ལ་འགྲོ་རྒྱུ་ན། ད་གཟོད་ཡར་འགྲོ་སྲོལ་གྱི་རྨང་གཞི་དེ་ཡོད་པ་རེད། དེ་གཙོ་བོ་ཞིག་རེད། དེའི་ཕན་ཆད་ནས། ང་རང་ཉིད་ལ་མཚོན་ནའང་། ང་རང་གི་གློག་བརྙན་འདི་ཚང་མའི་ནང་དོན་གྱི་ཁ་གཏད་ཕྱོགས་གཙོ་བོ་དེ་དེང་རབས་ཀྱི་འཚོ་བ་རེད། བོད་ཀྱི་དེང་རབས་ཀྱི་འཚོ་བ། ལོ་རྒྱུས་མ་རེད། ཡང་ན་ལྷ་སྒྲུང་ཡང་མ་རེད། དེང་རབས་ཀྱི་འཚོ་བ། བོད་ཀྱི་དེང་རབས་ཀྱི་སྤྱིར་བཏང་གི་མིའི་གནས་སྟངས། དེ་མཚོན་རྒྱུ་གཙོ་བོར་བཟུང་ནས་ད་གཟོད་གློག་བརྙན་གྱི་གཏམ་རྒྱུད་བསྒྲིགས་པ་རེད། 
       དེའི་རྒྱུ་མཚན་ནི། བོད་ཀྱི་གནས་ཚུལ་རྒྱ་ནག་ཡིན་ཡང་འདྲ། དེའི་ཕན་ཆད་ནས་ཕྱི་རྒྱལ་ཡིན་ཡང་འདྲ། གང་ནའང་བོད་ཅེ་ན་ཤེས་མཁན་ཧ་ཅང་མང་པོ་འདུག འོན་ཀྱང་། བོད་ཅེས་པ་འདི་ལ་ལྟ་སྟངས་ཐད་ནས་ཀྱང་སྣ་མང་ཡོད་འདུག ཁ་ཁེར་ཞིག་གིས་བོད་འདི་ཧ་ཅང་ཡ་མཚར་ཞིག་རེད་འདོད་མཁན་ཀྱང་ཡོད་པ་རེད། ཡང་ན་ཧ་ཅང་ངན་པ་ཞིག་རེད་འདོད་མཁན་ཀྱང་ཡོད་པ་རེད། དེའི་ནང་ནས་ཀྱང་། ང་རང་གིས་རྒྱུས་ལོན་བྱས་པའམ། རྒྱལ་ཁབ་ཕྱི་ནང་ལ་སོང་ནས་རྒྱུས་ལོན་བྱས་པའི་ཉམས་མྱོང་ལྟར་ན། དེང་རབས་བོད་ཀྱི་འཚོ་བ་འདི་ལ་རྒྱུས་ལོན་ཡིན་ཡང་འདྲ། ཡང་ན་དེའི་ཕྱོགས་ཀྱི་ངེས་ཤེས་ཧ་ཅང་ཉུང་བ་རེད། བོད་ཀྱི་དེང་རབས་ཀྱི་འཚོ་བ་ཅི་འདྲ་ཞིག་རེད་ཅེ་ན། ད་གཟོད་ཁོ་ཚོས་ཧ་གོ་གི་མི་འདུག དཔེར་ན། ང་རང་གི་གློག་བརྙན་སྐོར་ཞིག་ཕྱི་རོལ་དུ་ཁྱེར་ནས་སོང་ན། ཕྱི་རྒྱལ་གྱི་གློག་བརྙན་དུས་ཆེན་ཡིན་ཡང་འདྲ། དེ་ཡི་སློབ་གྲྭ་ཆེན་མོ་ཁ་ཁེར་དང་ཕྱི་རྒྱལ་གྱི་ལྟ་མཁན་སྐོར་ཞིག་ལ་བསྟན་དུས། ངའི་གློག་བརྙན་འདི་བོད་ཀྱི་དེང་རབས་ཀྱི་འཚོ་བ་མཚོན་པའི་གློག་བརྙན་ཞིག་རེད་ཅེས་བཤད་ཚེ། ཁོ་ཚོས་གློག་བརྙན་འདི་ལ་བལྟས་ཚར་རྗེས། དེའི་ནང་གི་མི་སྣས་ཁ་པར་རྒྱག་པའམ། ཡང་ན་བོད་ལྭ་ངོ་མ་གྱོན་མེད་པ། ཁོ་ཚོའི་ཚོར་སྣང་ཁྲོད་ཀྱི་བོད་ཀྱི་རྣམ་པ་དེ་མིན་སོང་བ་ཡིན་ན། བོད་ལྭ་གོན་མེད་པའམ་ཡང་ན་དེང་སང་གི་གྱོན་ཆས་གསར་བ་གྱོན་པ་དག་མཐོང་ཚེ། ཨོ། འདི་བོད་ཡིན་ནམ། བོད་ཀྱི་འཚོ་བ་འདི་འདྲ་ཞིག་ཡིན་ནམ་ཞེས། འདི་ལྟ་བུའི་དྲི་བ་འདོན་མཁན་ཁ་ཁེར་འདུག ངས་འདང་བརྒྱབ་ན། བོད་ཀྱི་དེང་རབས་ཀྱི་འཚོ་བ། བོད་མའི་ད་ལྟའི་གནས་སྟངས་དེ་ཇི་འདྲ་ཡིན་པ་དང་ཁོ་ཚོའི་སེམས་ལ་ཅི་ཞིག་དྲན་གྱིན་མེད་པ། ཁོ་ཚོའི་བསམ་བློའི་འདུ་ཤེས། ཡང་ན་ཁོ་ཚོའི་ཡུལ་སྲོལ་གོམས་འདྲིས་ཀྱི་འགྱུར་ལྡོག དེའི་ཕྱོགས་ནས་ངོ་སྤྲོད་བྱེད་རྒྱུ་ཐད་ལ་ནུས་པ་ཆེན་པོ་ཞིག་ཐོན་ཡོད་རྒྱུ་རེད་འདོད་ཡོད།

[འདྲ་པར་དྲ་བ་ལས་བཏུས་པ་ཡིན།]

(མུ་འགོད།)

【རྩོམ་སྒྲིག་པ།བློ་བཟང་རྡོ་རྗེ།】



དཔྱད་མཆན་ཡོད།