པདྨ་ལ་བཅར་འདྲི་ལས་ཁག་བཞི་པ། བོད་ཀྱི་གློག་བརྙན་གྱི་དགེ་སྐྱོན་དང་བཀག་རྒྱའི་སྐོར།

万玛才旦2.jpg


བཀྲ་རྒྱམ། པདྨ་ཚེ་བརྟན།

ཁག་བཞི་པ།


བཀྲ་རྒྱམ། རེད་ཡ། མིག་སྔར་དགེན་ལགས་ཀྱིས་བོད་ཀྱི་གློག་བརྙན་ཐད་སྤྱོད་པ་ནི་སྒེར་ཚུགས་རང་བཞིན་གྱི་སྒྲིག་བཟོ་ཡིན་ཡང་འདྲ། བརྙན་ལེན་ཡིན་ཡང་འདྲ། བོད་རྐྱང་རྐྱང་རེད་པས། དགེན་ལགས་ཀྱིས་འདི་འདྲའི་རྣམ་པ་ཞིག་སྤྱོད་ཀྱིན་ཡོད་འདུག དེ་ཡིན་ན། རྣམ་པ་འདི་འདྲ་ཞིག་སྤྱད་ན་མ་འོངས་པར་བོད་གློག་བརྙན་གྱི་འཕེལ་རྒྱས་ཀྱི་ཐད། ཡང་ན་འཕེལ་རྒྱས་ཀྱི་སྐུལ་འདེད་ཐད་ལ་ཚད་བཀག་མི་ཉུང་བ་ཞིག་ཡོད་རྒྱུ་རེད། དེའི་ཕྱོགས་ནས་ཁ་བརྡ་ཞིག་བྱེད་རོགས།

པདྨ་ཚེ་བརྟན། དེའི་རྣམ་པ་དེ་ཕྱོགས་གཉིས་ཡིན་རྒྱུ་རེད་པཱ། དེ་ཚད་བཀག་ཀྱང་ཡོད་ལ་ཕན་ཐོགས་ཀྱང་ཡོད་རྒྱུ་རེད། ཚད་བཀག་ཡིན་ན་ཁྱོད་རང་གི་གློག་བརྙན་ནང་དོན་གྱི་ཁ་ཕྱོགས་ཡིན་ཡང་འདྲ། གློག་བརྙན་གྱི་ལས་སྟངས་ཡིན་ཡང་འདྲ། གནས་ཆུང་ཆུང་འདི་འདྲ་ཞིག་བཟུང་ནས་ལམ་འདི་འདྲའི་ཆུང་ཆུང་ཞིག་ལ་ཞུགས་ནས་འགྲོ་རྒྱུ་ཟེར་ན། དེ་ཧ་ཅང་དཀའ་མོ་ཞིག་ཡིན་པ་རེད། ལྷག་པར་དུ་སྔོན་ལ་བཤད་པ་ནང་བཞིན། བོད་རྐྱང་རྐྱང་གི་གློག་བརྙན་ཞིག་ལས། དེ་མིན་བོད་ཀྱི་འཚོ་བ་རྐྱང་རྐྱང་མཚོན་གྱིན་པའི་གློག་བརྙན་ཞིག་ལས། དེ་ཚོང་རའི་ནང་དུ་འགྲོ་རྒྱུ་ཟེར་ན་ཧ་ཅང་དཀའ་མོ་ཞིག་ཡིན་པ་རེད། 
    འོན་ཀྱང་ཕྱོགས་གཞན་ཞིག་ནས་བཤད་ན། རང་གི་རྣམ་པ་དེ་སྤྱད་ནས་རང་གི་གློག་བརྙན་ལས་སྟངས་དེ་རྒྱུན་བསྲིངས་ནས་དེར་ཨུ་ཚུགས་མཐར་ཐུག་བྱས་ན་དེའི་ཕྱོགས་ནའང་ཡོན་ཏན་མང་བོ་ཞིག་ཡོད་པ་རེད། རང་གི་ལམ་དེའི་ཁ་ཕྱོགས་ནོར་དུ་མ་བཅུག་པར་སོང་ན། དེའི་ཕྱོགས་ནའང་ཕྱོགས་གཞན་གྱི་ཡོན་ཏན་མང་བ་ཞིག་ཐོན་གྱིན་ཡོད་པ་རེད། དེའང་གཙོ་བོ་ཞིག་རེད་སྙམ།


བཀྲ་རྒྱམ། རེད། དེ་ན་ཞོལ་ནས་འདྲི་རྒྱུ་ནི། དགེན་ལགས་ཀྱིས་ད་སྔ་ཕབ་བསྐྲུན་མང་པོ་ཞིག་བྱས་ཟིན། དཔེར་ན། «རྩྭ་ཐང» «ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ»དེའི་འཕྲོ་ནས་དངོས་ཞུས་གློག་བརྙན་གཉིས«ཆེས་མཇུག་མཐའི་སེར་སྲུང་བ»དང«བསམ་ཡས་གཙུག་ལག་ཁང» དེའི་འཕྲོ་ནས«ཁྱི་རྒན»འདི་འདྲའི་མང་པོ་ཞིག་ཕབ་བསྐྲུན་བྱས་ཟིན། དེ་ན་དགེན་ལགས་ཀྱིས་ཕབ་བསྐྲུན་བྱས་ཟིན་པའི་གློག་བརྙན་གྱི་དམིགས་སུ་བཟུང་ཡོད་པའི་ལྟ་མཁན་གྱི་ཚད་གཞིའམ་ཚད་ཐིག་དེ་ག་འདྲ་ཞིག་ཡིན་ནམ། 
པདྨ་ཚེ་བརྟན། རེད། ང་གློག་བརྙན་དུས་ཆེན་མང་པོར་སོང་ན། གཞན་པས་ཀྱང་འདྲི་ཚིག་འདི་འདྲ་མང་པོ་དྲིས་མྱོང་ཡོད། དེའི་ཕྱོགས་ནས་ང་ལ་ལན་གཅིག་མ་གཏོགས་འདེབས་རྒྱུ་མེད། ང་རང་གིས་ལས་པའི་གློག་བརྙན་འདི་ཚང་མ་བོད་ཀྱི་འཚོ་བ་གཞིར་བཞག་གི་སྟེང་ནས། བོད་སྐད་བཤད་ཀྱིན་པ། དེ་མིན་བོད་ཀྱི་འཁྲབ་སྟོན་པས་འཁྲབ་སྟོན་བྱས་པའི་གློག་བརྙན་ཞིག་ཡིན་ནའང་། ངའི་གློག་བརྙན་འདིའི་ལྟ་མཁན་གྱི་ཁ་ཕྱོགས་ནི་འདི་འདྲ་ཞིག་ཡིན་ཞེས་གཏན་ཁེལ་ཅི་ཡང་མེད། 
       ང་རང་གི་བསམ་ཚུལ་ཡིན་ན། གློག་བརྙན་ལྟ་མཁན་གྱི་ཁྱབ་ཁོངས་ནི་འཛམ་བུ་གླིང་གི་ལྟ་མཁན་ཚང་མ་རེད། དེའི་སྟབས་ཀྱིས། གློག་བརྙན་ཞིག་ལས་དུས། བོད་ཀྱི་འཚོ་བ་མཚོན་པའི་གློག་བརྙན་ཡིན་ནའང་། བོད་ལས་ཕན་ཆད་ཀྱི་ལྟ་མཁན་ལའང་འདང་བརྒྱབ་ནས། ཡང་ན་ཁོ་ཚོའི་གོ་བ་ལེན་སྟངས། དཔེར་ན། གློག་བརྙན་ཁྲོད་ཀྱི་གཏམ་རྒྱུད་དེ་བོད་ཀྱིས་གོ་བ་ཡིན་ན། མི་རིགས་གཞན་གྱིས་ཧ་གོ་སྲིད་དམ། སྐད་ཆ་བཤད་སྟངས་ཡིན་ཡང་འདྲ། གཏམ་རྒྱུད་ཀྱི་བརྗོད་སྟངས་ཡིན་ཡང་འདྲ། ཅི་འདྲ་ཡིན་ནམ། གོ་རྒྱུ་ཨེ་ཡིན་ན་ཞེས་པའི་ཕྱོགས་ལ་འདང་མང་པོ་རྒྱག་གིན་ཡོད། དེ་བས་ལྟ་མཁན་གྱི་ཕྱོགས་ནས་ཁྱད་པར་མེད།


万玛才旦3.jpg


བཀྲ་རྒྱམ། ད་སྔ་གློག་བརྙན་ལས་མཁན་ཧ་ཅང་མང་པོ་འདུག མང་པོ་ཞིག་གིས་གློག་བརྙན་ཞེ་ན་ཚད་ལྡན་ཡིན་མིན་གཉིས་ཀ་ལས་ཀྱིན་འདུག གང་མང་ཞིག་གིས་ལས་རྗེས་བོད་ནང་ཁུལ་ལ་བཀྲམ་གྱིན་འདུག དགེན་ལགས་ཀྱིས་སྔོན་མར་ཡོ་རབ་ཕྱོགས་སམ་ཡང་ན་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱེད་ཀྱིན་པ་འདྲ། དགེན་ལགས་ཀྱིས་ལམ་དེ་འདྲ་ཞིག་འདེམས་དོན་ཅི་ཡིན། 
པདྨ་ཚེ་བརྟན། ཕྱི་ཕྱོགས་ཁོ་ན་ཙམ་མ་རེད། ངས་བཤད་པ་བཞིན་ལྟ་མཁན་དེར་གཅིག་གྱུར་ཞིག་མེད་པ་རེད། གློག་བརྙན་མ་ལས་གོང་ལ་དེར་ཆོག་མཆན་ཞིག་ཐོབ་དགོས་པ་རེད། འཁྲབ་གཞུང་བྲིས། འཁྲབ་གཞུང་དེར་ཆོག་མཆན་ཐོབ་མིན། འཁྲབ་གཞུང་དེ་བྲིས་པའི་ཕན་ཆད་ནས། གློག་བརྙན་ཕབ་བསྐྲུན་དངོས་སུ་བྱས། གློག་བརྙན་ཕབ་བསྐྲུན་དངོས་སུ་བྱས་པའི་རྗེས་སུ། གློག་བརྙན་སྒྲིག་སྦྱོར་བྱེད་དགོས་པ་རེད། དེའི་རྗེས་སུའང་། གློག་བརྙན་དེའི་ནང་དོན་ཡིན་ཡང་འདྲ། དེའི་གསར་གཏོད་ཀྱི་ཆ། ལག་རྩལ་གྱི་ཆ་ནས་ཀྱང་ཞིབ་བཤེར་བྱེད་དགོས་པ་རེད། ཡང་དེའི་ཆོག་མཆན་དེ་ཐོབ་དགོས་ཀྱིན་ཡོད། དེ་དག་བླངས་པའི་རྗེས་སུ་གློག་བརྙན་དེ་ཕྱི་ཕྱོགས་སུ་འགྲེམ་སྤེལ་མ་བྱས་གོང་ལ་བོད་ཀྱི་ལྟ་མཁན་ལའང་བལྟ་རུ་འཇུག་གྱིན་ཡོད། གློག་བརྙན་ལས་རྒྱུའི་བརྒྱུད་རིམ་ནང་ནས། འཁྲབ་གཞུང་འབྲི་བའི་སྐབས་ནས་བཟུང་། བོད་ཀྱི་ཡོན་ཏན་པ་ཡིན་ཡང་འདྲ། ཡང་ན་རྒྱུན་ལྡན་གྱི་ཀློག་པ་པོ་ཡིན་ཡང་འདྲ། དེ་འདྲིའི་སྐོར་ཞིག་ལ་འཁྲབ་གཞུང་དེ་ལྟ་རུ་བཅུག་ནས། དེའི་ཕྱོགས་ཀྱི་བསམ་ཚུལ་འདྲ་བསྡུ་ལེན་བྱས་པ་ཡིན། དེའི་ཕན་ཆད་ནས་རྒྱའི་གློག་བརྙན་ལས་མཁན་དང་རྒྱུན་ལྡན་གྱི་གློག་བརྙན་ལྟ་མཁན་ནམ་གློག་བརྙན་དགའ་མཁན་དག་ལའང་འཁྲབ་གཞུང་དེ་བསྟན་ནས། ད་གཟོད་གློག་བརྙན་གྱི་གཏམ་རྒྱུད་བཤད་པ་ལས་གཞན་ཕྱི་རྒྱལ་གྱི་ཡི་གེ་ལའང་བསྒྱུར་ནས། འཁྲབ་གཞུང་དེའི་ཕྱོགས་ལ་བསམ་ཚུལ་འདྲ་འདོན་དུ་འཇུག་པ་སོགས། དེ་འདྲ་མང་པོ་ལས་ཀྱིན་ཡོད་པ་རེད། དེ་བས་ཐོག་མ་ནས་ཡོ་རབ་གླིང་གི་ལྟ་མཁན་ལ་ཁ་གཏད་ནས་གློག་བརྙན་ལས་པ་ཞིག་གཏན་ནས་ཡོད་མི་སྲིད། 


བཀྲ་རྒྱམ། རེད། ཁ་དཔེར་སྟག་གི་རྔ་མས་མ་འཇུ། འཇུས་ཀྱི་ནངས་མོར་མ་གཏོང་ཟེར་བ་ནང་བཞིན། དགེན་ལགས་ཀྱི་མུ་མཐུད་དུ་གློག་བརྙན་ལས་ནས། གློག་བརྙན་ལ་བཟུང་བའི་ཆོད་སེམས་དེ་དགེན་ལགས་ཀྱི་སྐད་ཆའི་གོ་རིམ་ཁྲོད་ནས་ཤེས་ཐུབ་ཀི དེ་བས་མ་འོངས་པར་བོད་ཀྱི་གློག་བརྙན་མུ་མཐུད་དུ་འཕེལ་རྒྱས་དང་དར་སྤེལ་ལ་འགྲོ་དགོས་ན། ད་དུང་ང་ཚོས་འདིའི་སྟེང་ལ་ཤུགས་རྒྱག་དགོས་ས་དང་འབད་པ་བྱེད་དགོས་ས་གང་དག་འདུག 
པདྨ་ཚེ་བརྟན། རེད། གློག་བརྙན་འདི་བོད་ཀྱི་དེང་རབས་རིག་གནས་ཀྱི་གྲུབ་ཆ་ཞིག་ཏུ་གྱུར་ནས། དེ་འཛམ་གླིང་གི་རིག་གནས་ཡིན་ཡང་འདྲ། འཛམ་གླིང་གི་གློག་བརྙ་རིག་གནས་དེའི་ནང་ནས། གལ་སྲིད་གོ་ས་དགའ་ཞིག་ཐོབ་དགོས་ན། ངེས་པར་དུ། གློག་བརྙན་དེའི་ཚད་ཐིག་དེ་ཡར་འགྲོ་དགོས་ཀྱིན་ཡོད། གློག་བརྙན་སྒྱུ་རྩལ་གྱི་ཚད་ཐིག་དེའང་ཡར་འགྲོ་རྒྱུ་གཙོ་བོ་རེད། དེའི་སྟབས་ཀྱིས། གློག་བརྙན་ལས་མཁན་ཞིག་ཡིན་ཚེ། རང་གི་གློག་བརྙན་གྱི་ཆུ་ཚད་དང་གློག་བརྙན་གྱི་ཤེས་བྱ་ཕུན་སུམ་ཇེ་ཚོགས་ལ་བཏང་ནས། ཡང་ན་རང་ཉིད་ཀྱི་གློག་བརྙན་ལས་རྒྱུའི་ལག་རྩལ་ཡིན་ཡང་འདྲ། ཆུ་ཚད་ཡིན་ཡང་འདྲ། མུ་མཐུད་དུ་ཇེ་མཐོར་བཏང་ནས། འཛམ་གླིང་གློག་བརྙན་གྱི་ཚད་ཐིག་དེ་ཇི་འདྲ་ཞིག་ཡིན་ན། དེའི་ཕྱོགས་སུ་འགྲོ་ཨེ་ཐུབ་བལྟ་རྒྱུ་དང་དེའི་རྗེས་ཨེ་ཆོད་བལྟ་རྒྱུ་དེ་གཙོ་བོ་རེད།
རང་གིས་ཐོག་མ་ནས་བཟུང་ཚད་ཐིག་དམའ་ས་ནས་བཟུང་སྟེ་བསྡད་ན། དེ་འཛམ་གླིང་གློག་བརྙན་གྱི་ཚད་ཐིག་ངེས་ཅན་ལྡན་པའི་གྲས་སུ་ཐོན་རྒྱུ་ཧ་ཅང་དཀའ་མོ་རེད། དེའི་ཕན་ཆད་ནས། འཛམ་གླིང་གི་དེང་རབས་གློག་བརྙན་གྱི་གྲུབ་ཆ་ཞིག་ཏུ་གྱུར་རྒྱུ་དེའང་ཧ་ཅང་དཀའ་མོ་ཞིག་རེད།


万玛才旦4.jpg


བཀྲ་རྒྱམ། ད་སྔ་བོད་ཀྱི་འཚོ་བ་བརྗོད་བྱ་ཡིན་པའི་གློག་བརྙན་ཧ་ཅང་མང་པོ་ཞིག་འབྱུང་གིན་འདུག དེ་བས་བར་འདི་ན་ཅུང་རྙོག་དྲ་ཞིག་འབུད་ཀྱིན་ཡོད་པ་ནི། དེ་ལ་རྐྱ་འགེར་བྱེད་ཀྱི་འོས་འཚམ་གྱི་མིང་བརྡ་ཞིག་མི་འདུག དཔེར་ན། རྒྱ་ཡིས་ཕབ་བསྐྲུན་བྱས་པའི་བོད་ཀྱི་འཚོ་བ་བརྗོད་བྱ་ཡིན་པའི་གློག་བརྙན་དང་། ཡང་ན་ཕྱི་རྒྱལ་གྱིས་ཕབ་བསྐྲུན་བྱས་པའི་བོད་ཀྱི་འཚོ་བ་བརྗོད་བྱ་ཡིན་པའི་གློག་བརྙན། དེ་མིན་བོད་རང་གིས་ལས་པ་བཅས་ཡོད་འདུག གལ་ཏེ། འདི་དག་རྐྱ་བཀར་ཏེ་མིང་བརྡ་ཞིག་སྦྱོར་དགོས་ཚེ། དགེན་ལགས་ཀྱིས་ཇི་ལྟར་སྦྱོར་རྒྱུ་ཡིན་ནམ། འདིའི་ཕྱོགས་ལ་དགེན་ལགས་ཀྱིས་འདང་རེ་བརྒྱབ་ཨེ་མྱོང་། 
པདྨ་ཚེ་བརྟན། རེད། དེའི་ཕྱོགས་ནས་ངས་བལྟས་ན། ཕལ་ཆེར་རྣམ་པ་གཉིས་ཡོད་རྒྱུ་རེད་འདོད། གཅིག་ཡིན་ན། བོད་ཀྱི་གློག་བརྙན་འདི་རེད། ད་གཅིག་ཡིན་ན། བོད་དང་འབྲེལ་བའི་གློག་བརྙན་ཞེས་པ། འདི་འདྲ་གཉིས་ཡིན་རྒྱུ་རེད། 
     བོད་ཀྱི་གློག་བརྙན་ཞིག་ཡིན་ཚེ། ངའི་ལྟ་སྟངས་ནི། བོད་རང་གིས་ལས་ནི། དེ་མིན་མི་སྣ་བར་གྱི་སྐད་ཆ་བོད་སྐད་རྐྱང་རྐྱང་བཤད་ཀྱིན་པ། བོད་ཀྱི་འཚོ་བ་ངོ་མ་མཚོན་གྱིན་པ། བསམ་བློ་བྱེད་སྟངས་ཡིན་ཡང་འདྲ། ཡུལ་སྲོལ་གོམས་འདྲིས་ཡིན་ཡང་འདྲ། ཕྱོགས་གང་ཐད་ནས། བོད་ཀྱི་འཚོ་བ་དང་རིག་གནས། ཡུལ་སྲོལ་གོམས་འདྲིས་དང་བསམ་བློ་བྱེད་སྟངས་བཅས་ལ་མཐུན་པ་ཞིག དེ་འདྲ་ཞིག་ཡིན་དགོས་རྒྱུ་རེད། དེའི་ཕན་ཆད་ནས། གློག་བརྙན་དེའི་ཕབ་བསྐྲུན་པ་གཙོ་བོ་དག་གིས་ཀྱང་བོད་ཀྱི་རིག་གནས་དེར་ཅུང་གོ་བ་ངེས་ཅན་ཞིག་ལེན་དགོས་ཀྱིན་ཡོད། དེ་འདྲ་ཞིག་མིན་ཚེ། བོད་ཀྱི་གློག་བརྙན་ངོ་མ་ཞིག་ལས་རྒྱུ་དཀའ་མོ་རེད། དཔེར་ན། རྒྱ་ནག་གིས་ལས་པ་ཡིན་ཡང་འདྲ། མི་རིགས་གཞན་གྱིས་ལས་པ་ཡིན་ཡང་འདྲ། ད་དེ་འདྲའི་གློག་བརྙན་མང་པོ་འདུག བོད་ལྭ་ཞིག་གྱོན་ཏེ་བོད་ཀྱི་ས་ཆ་ཞིག་ནས། སྐད་ཆ་སྣ་མ་སྣ་ཚོགས་ཤིག་ལས་ཏེ་བོད་ཀྱི་འཚོ་བ་ཡིན་ཟེར་གྱིན་འདུག དེ་འདྲའི་མང་པོ་ཡོད་པ་རེད། དེ་འདྲའི་གློག་བརྙན་ལ་ང་རང་གིས་བལྟས་ན། བོད་དང་འབྲེལ་བའི་གློག་བརྙན་ཟེར་དགོས་རྒྱུ་རེད་སྙམ། དེའི་ནང་ན་བོད་ཀྱི་འཚོ་བ་ཡིན་ཡང་འདྲ། བོད་ཀྱི་ཡུལ་སྲོལ་གོམས་འདྲིས། ཡང་ན་བོད་ཀྱི་འདུ་ཤེས། བོད་ཀྱི་བསམ་བློ་བྱེད་སྟངས། ཅུང་ཙམ་རེ་མཚོན་གྱིན་འདུག དེ་བོད་ངོ་མས་ལས་པ་མིན་ཀྱང་། བོད་ཀྱི་དོན་དག་ངོ་མ་ཅུང་ཙམ་མཚོན་གྱིན་འདུག འོན་ཀྱང་སྐོར་ཞིག བོད་ལྭ་ཞིག་གྱོན་ཡོད་པ་ཙམ་དང་ཡང་ན་བོད་ཀྱི་ས་ཆ་ཙམ་ནས་ཕབ་བསྐྲུན་བྱེད་པ་རྐྱང་རྐྱང་རེད། དེའི་སྐོར་ང་མཚོན་རྒྱུ་ན་བོད་དང་འབྲེལ་བ་གཅིག་ཀྱང་མི་འདུག་སྙམ།


(མུ་འགོད།)

【 རྩོམ་སྒྲིག་པ།བློ་བཟང་རྡོ་རྗེ】


དཔྱད་མཆན་ཡོད།