རྫོང་སར་མཁྱེན་བརྩེའི་གློག་བརྙན«ཧེ་མ་ཧེ་མ» འབྲུག་ཡུལ་དུ་བཀག

གློག་བརྙན«ཧེ་མ་ཧེ་མ» ཡི་འཁྲབ་ཁྲིད་པ་རྫོང་སར་རིན་པོ་ཆེ་དང«ཚོང་ལས་འབྲུག་པ» ཡི་བཙན་སྐྱོགས་སྒྲོལ་མ་གཉིས་ཀྱིས་གློག་བརྙན«ཧེ་མ་ཧེ་མ» འབྲུག་ཡུལ་དུ་གཟིཊ་འབུལ་བྱེད་མི་ཆོག་པར་བྱས་པའི་སྐོར་ལ་གླེང་མོལ་བྱས་པ་ལས། འདི་ནི་བཅར་འདྲི་ཁག་དང་པོ་ཡིན། གཉིས་པ་ལས་རིམ་རྗེས་མར་འགོད་རྒྱུ་ཡིན། 

བཙན་སྐྱོགས་སྒྲོལ་མ།

      གཞུང་གིས་གློག་བརྙན«ཧེ་མ་ཧེ་མ» འབྲུག་ཡུལ་དུ་གཟིགས་འབུལ་བྱེད་མི་ཆོག་པར་བཤད་པའི་རྒྱུ་མཚན་གཙོ་བོ་ནི་གློག་བརྙན་འདིའི་ནང་དུ་ལྷ་ཚོགས་ཀྱི་ཞལ་འབག་མང་པོ་བཀོལ་ཡོད་པས། དེ་ནི་འབྲུག་པའི་རིག་གནས་དང་སྲོལ་རྒྱུན་དག་དང་མི་མཐུན་ཞེས་ཟེར། དེས་ན། ལྷ་ཚོགས་ཞལ་འབག་གི་མཚོན་དོན་ཅི་ཡིན་པ་དང་། གློག་བརྙན་འདིའི་ནང་དུ་ཆོས་ལུགས་ཀྱི་མཚོན་བྱེད་འདི་རིགས་ལ་དོན་དངོས་སུ་སྣང་མེད་དམ་དམའ་འབེབས་བྱས་ཡོད་དམ།   ཁྱེད་རང་གློག་བརྙན་སྒྲིག་བཟོ་བ་ཞིག་ཡིན་པའི་ཆ་ནས། གློག་བརྙན་མགོ་མཇུག་བར་གསུམ་དུ་ཞལ་འབག་འདི་ཚོ་བཀོལ་དོན་ཅི་ཡིན་ལགས། 

རྫོང་སར་རིན་པོ་ཆེ།

       ངོ་མར་བཤད་ན། ངས་ཁེངས་སྐྱུང་ངང་བཤད་ན། དོན་དག་འདི་འདྲ་བྱུང་བ་ངས་ཀྱང་མགོ་ཚུད་མ་སོང་། ངས་གློག་བརྙན་འདིས་ཚད་རིམ R ཡང་ན18+རིམ་པའི་གདེང་འཇོག་ཐོབ་རྒྱུ་རེད་བསམས་མྱོང་ཡོད། འདི་ལྟར། རིག་གནས་སམ་ཆོས་ལུགས་ཀྱི་རྐྱེན་གྱིས་གཟིགས་འབུལ་བྱེད་མི་ཆོག་པར་གྱུར་པ་ནི་ངའི་བསམ་ཡུལ་ལས་འདས་པ་རེད། 

16113890_2214747502084523_6536996424207048775_n.jpg

       ཐོག་མར། ང་ཚོས་ཡིད་ལ་འཛིན་དགོས་པ་ཞིག་ནི། «ཧེ་མ་ཧེ་མ»ནི་དངོས་ཡོད་ཀྱི་དོན་དག་གམ་མི་སྣ་གསལ་བཤད་བྱེད་པའི་དངོས་བཤུས་གློག་བརྙན་ཞིག་མིན་པ་ཁ་གསལ་གོ་བདེ་ཡིན། འདི་ནི་རྟོག་བཟོ་ཁོ་ན་སྟེ་ཀླད་པས་གསར་དུ་བཟོས་པ་ཞིག་ཡིན། ཞབས་བྲོ་སྒྲིག་སྟངས་ནི། ང་ཚོའི་རིག་གནས་ནང་གི་དམངས་ཁྲོད་ཀྱི་རྒྱུ་ཆ་འགའ་བླངས་པ་ཡིན་མོད། རྟོག་བཟོ་ནི་རིག་གནས་ཀྱི་གྲུབ་ཆ་ཙམ་ལ་བརྟེན་ནས་ཡོང་དུས། སྒྱུ་རྩལ་གྱི་ཚོད་ལྟ་ཡོད་ཚད་རྣམ་པ་ཁ་ཤས་སུ་སྔར་བཞིན་རྟོག་བཟོ་ཡིན་པ་གསལ་པོ་རེད།

       ལྷ་ཚོགས་ཞལ་འབག་སྐོར་ལ་རྒྱབ་ལྗོངས་ཤེས་རྒྱུ་ནི་ཤིན་ཏུ་གལ་ཆེན་རེད། འབྲུག་ཡུལ་དུ། མིང་ཚིག་འདིས་གསང་སྔགས་ཀྱི་ཡི་དམ་དང་འབྲེལ་བ་ཤུགས་སུ་བསྟན་ཡོད་དེ། ལྷ་ནི་ཡི་དམ་དང་། ཚོགས་ནི་ཚོགས་པ། ཞལ་འབག་པ་ནི་འབག་གི་ཞེ་ཚིག་ཡིན། འོན་ཀྱང་། རྒྱུན་ཤེས་ངེས་ཅན་ཡོད་མཁན་ཞིག་ཡིན་ན། «ཧེ་མ་ཧེ་མའི»ནང་དུ་གཤིན་རྗེ་ཆོས་རྒྱལ་ལས་ཡི་དམ་གཅིག་ཀྱང་བརྗོད་མེད་ལ། སངས་རྒྱས་དང་སློབ་དཔོན་པདྨ་འབྱུང་གནས། གཞན་པའི་ལྷ་སོགས་ཀྱི་ཞལ་འབག་གཅིག་ཀྱང་བརྗོད་མེད།

        ད་བར་གཞུང་གིས་དྲངས་པའི་རྒྱུ་མཚན་གསལ་བོ་མིན་པས། གློག་བརྙན་གཟིགས་འབུལ་བྱེད་མི་ཆོག་པའི་རྒྱུ་རྐྱེན་ངས་ཚོད་དཔག་མི་བྱེད་ག་མེད་རེད།  གལ་སྲིད་གཤིན་རྗེ་རྒྱལ་པོ་དང་དེའི་འབྲེལ་ཡོད་ཀྱི་ཞབས་བྲོ་དག་ཁྱད་དུ་འཕགས་ཤིང་གཟི་བརྗིད་དང་ལྡན་པ་ཡིན་པས་རྩེད་མོའི་ཚུལ་དུ་སྤྱོད་མི་ཆོག་པའི་ཐོག་ནས་ངོ་རྒོལ་བྱས་པ་ཡིན་ན། གཞུང་གིས་ད་ལྟ་གཞི་ནས་ལབ་ན་ཕལ་ཆེར་ཕྱི་དྲགས་པ་རེད། ཡང་ན་ཡུལ་སྐོར་སྡེ་ཁག་ལ་འདྲི་དགོས་རྒྱུ་རེད། གང་ལྟར། དང་དམངས་ཁྲོད་ཀྱི་ཞབས་བྲོ་སྔོན་མ་ནས་ཚེས་བཅུ་དུས་ཆེན་དུ་འཁྲབ་ཀྱིན་ཡོད་ལ། འདི་ནི་འབྲུག་པའི་སྲིད་གཞུང་གི་དགའ་སྟོན་དང་སྤྱི་ཚོགས་བྱ་འགུལ་གྱི་བརྗོད་བྱ་གཙོ་བོའམ་ཡང་ན་རྩེད་མོ་འབའ་ཞིག་ཡིན་ཏེ། ལྟད་མོ་བ་ཚོས་ཅི་དགར་པར་ལེན་དང་བརྙན་ཕབ་བྱེད་ཆོག་པ་རེད། 

13626493_2083776218514986_2898200002870851379_n.jpg

      དེ་ལས་ལྡོག་སྟེ། ངས་ཆང་དང་ཚོད་མ་ལ་ཅི་དགར་རོལ་པའི་དགའ་སྟོན་ལ་རྗེས་དྲན་བྱེད་དུས། པདྨ་གླིང་པའི་སྐོར་གྱི་འབྲེལ་ཡོད་ཀྱི་ཞབས་བྲོ་ཆ་ཚང་ཞིག་འཁྲབ་མེད། གལ་སྲིད་གུས་བཀུར་བྱས་མེད་པ་འདྲ་ཡོད་ན། དེ་ནི་ཞབས་བྲོ་རླབས་ཆེ་བ་འདི་དག་འཁྲབ་སྟོན་ཡག་པོ་བྱས་མེད་པ་ཡིན་ཏེ། འདི་ནི་འདེམས་སྒྲིག་བྱས་ཚར་རྗེས་ཀྱི་ཆ་མི་ཚང་བ་དེ་ཡིན། 

      དེ་བས། གློག་བརྙན་འདིའི་ནང་གི་གཤིན་རྗེ་རྒྱལ་པོའི་སྐོར་དེ་གཟིགས་འབུལ་བྱེད་མི་ཆོག་པའི་རྒྱུ་མཚན་མིན་ན། ངས་བསམ་ན། གློག་བརྙན་ནང་དུ་རཀྴ་གླང་མགོ་དང་ཤ་བོ་སོགས་ཀྱི་ཁྲོ་འབག་འགའ་སྤྱད་ཡོད་པ་བརྟེན་ནས་གཞུང་གིས་ངོ་རྒོལ་བྱས་པ་རེད་སྙམ། 

     དེ་འདྲ་ཡིན་ན། ང་ལ་ཐེ་ཚོམ་ཆེན་པོ་གཅིག་འདུག་སྟེ། སྤྱིར་བཏང་དུ། འབྲུག་པའི་མི་རྣམས་ཀྱིས་ཁྲོ་འབག་འདི་དག་གིས་ཡི་དམ་མཚོན་ཡོད་པར་འདོད། རྡོ་རྗེ་ཐེག་པའི་ཁྲོད་དུ་བདུད་བགེགས་འདྲེ་སོགས་ཀྱི་གདོང་དང་། རྟ་མགྲིན་དང་རྡོ་རྗེ་ཕུར་པ། ཡང་ན་དཔལ་ལྡན་ལྷ་མོ་སོགས་དང་འདྲ་པོ་ཡིན་མོད། འོན་ཀྱང་འདྲ་བ་ཙམ་གྱིས་ཁྲོ་འབག་འདི་ཚོ་ཡི་དམ་ཡིན་པ་མཚོན་མེད།

      དོན་དངོས་སུ། ངའི་གློག་བརྙན་ནང་དུ། གཤིན་རྗེ་ཆོས་རྒྱལ་མདུན་གྱི་བར་དོའི་སྐོར་བརྗོད་པའི་པར་མིག་ཡོད་མོད། འབག་དེ་ཚོ་ནི་ང་ཚོའི་དད་མོས་བྱ་ཡུལ་གྱི་ཡི་དམ་དང་འབྲེལ་བ་སྤུ་ཙམ་ཡང་མེད་ལ། དེ་ཚོར་དམྱལ་བའི་ལས་མཁན་ཟེར་ཞིང་དམྱལ་བའི་འཁོར་གཡོག་ཡིན། དོན་དངོས་སུ་མིང་ཐོག་ནས་ཁོ་ཚོའི་རྣམ་པ་ཤུགས་ནས་གསལ་བཤད་བྱས་འདུག དཔེར་ན། སྲིན་པོ་ནི་འདྲེའམ་ཤ་ཟའི་དོན་དང་། གླང་མགོ་ནི་གླང་གི་མགོ་རེད། 

f7c76ba46d8de45012612fc1017096dc_715__2.jpg

     ཡང་ན་ངས་བསམ་ན། གཞུང་གིས་ངའི་གློག་བརྙན་ནང་དུ་ཕོ་མོའི་བརྩེ་དུང་སྐོར་ལ་ཁྲོ་འབག་བཀོལ་ནོར་བྱས་པ་མཐོང་ཡོད་པས་ཡིན་སྲིད། དེ་འདྲ་ཡིན་ན་བསྐྱར་བཤད་བྱེད་དགོས་པ་ཞིག་ལ། སྐབས་དེར་སྤྱད་པའི་འབག་རྣམས་ནི་དད་མོས་བྱེད་སའི་ལྷ་འབག་མིན་པ་གཞུང་གིས་གསལ་བོར་ཤེས་ཀྱི་རེད། དེ་ཚོ་སྲིན་མོའི་འབག་ཡིན་པར་ང་ཚོས་ལས་སླ་མོར་ཤེས་ཐུབ། མ་གཞིར་གློག་བརྙན་ཁྲོད་ཀྱི་འབག་མང་ཆེ་བ་ཐ་ན་ཕོ་མོའི་དབྱེ་བ་མེད་ལ། ཡི་དམ་དང་འབྲེལ་བ་མེད་པ་གསལ་པོ་ཡིན།

      མདོར་ན། ཁྲོ་འབག་དེ་ཚོས་ཡི་དམ་མཚོན་མེད་པ་ང་ཚོས་གསལ་པོར་ཤེས་ཐུབ། སྒྱུ་རྩལ་གསར་གཏོད་ཁོ་ན་གླེང་མོལ་བྱེད་དུས། ང་ཚོའི་རྟོག་བཟོའི་ནུས་པ་ལ་མཚོན་ན་ནམ་མཁའ་ནི་མཐའ་ཐུག་གི་བཀག་རྒྱ་དེ་ཡིན།  དོན་དངོས་སུ་གློག་བརྙན་ཧྲིལ་བོ་ནི་རྟོག་བཟོ་དང་སྒྱུ་རྩལ་གྱི་ཚོད་ལྟ་ཁོ་ན་ཡིན་ཕྱིར། དེའི་ཕྱོགས་ནས་ལྟ་དགོས་ཡོད། དེ་བས། དཔེར་ན་གློག་བརྙན་ནང་དུ། ངས་སྲོལ་རྒྱུན་གྱི་བར་དོའི་ཞབས་བྲོ་གཞིར་བཟུང་ནས། སྐབས་སྐབས་ལ་བར་དོའི་ཉམས་མྱོང་བརྗོད་ཡོད། གློག་བརྙན་ནང་གི་ལྭ་བ་དང་ཞབས་བྲོའང་དམིགས་བསལ་གྱིས་ཇུས་འགོད་བྱས་ཡོད་པས། དངོས་ཡོད་རིང་ལུགས་ཡིན་མདོག་རྩ་བ་ནས་བྱས་མེད། ད་དུང་ངས་གློག་བརྙན་འདིར་གསར་བཟོ་བྱས་པའི་འབག་ཕྱེད་ཀ་འབྲུག་པའི་ལུགས་མིན་ཏེ། དཔེར་ན་གློག་བརྙན་འདིའི་གཙོ་འཁྲབ་པས་གྱོན་པའི་རྣམ་འགྱུར་ཅི་ཡང་མེད་པའི་ཞལ་འབག་ལྟ་བུ་ནི་འབྲུག་པའི་ལུགས་མིན། གཞན་ཡང་། གློག་བརྙན་འདིས་བརྗོད་པའི་གཏམ་རྒྱུད་ནི་འབྲུག་ཡུལ་དུ་བྱུང་མྱོང་བ་ཞིག་གཏན་ནས་མིན་ལ། ལོ་བཅུ་གཉིས་རེར་ཟེར་བ་དེ་བས་ཀྱང་དོན་དངོས་ཤིག་མིན། སྨོས་མ་དགོས། ངས་ཇུས་འགོད་བྱས་པའི་འབག་ཀྱང་རྟོག་བཟོའི་སྒོ་ནས་གསར་བཟོ་བྱས་པ་ཡིན། (མུ་འགོད།)

དཔྱད་མཆན་ཡོད།