རྨི་ལམ་གྲོང་འཇུག

ནང་དོན་མདོར་བསྡུས།

   རྡོམ་ཁོ་བྷི(Leonardo DiCaprio ནས་འཁྲབ)ནི་ཉམས་མྱོང་ཕུན་སུམ་ཚོགས་པའི་རྐུན་མ་ཞིག་སྟེ། ཁོ་རང་མི་གཞན་གྱི་རྨི་ལམ་དུ་ཞུགས་ཐུབ་པར་མ་ཟད་དེ་ལ་ཞུགས་པ་བརྒྱུད།  རིན་ཐང་ཡོད་པའི་གསང་བ་རྣམས་ག་ལེར་འཁྱེར་ཐུབ།   འདི་ལྟ་བུའི་ཁྱད་ནུས་ཀྱིས་ཁོ་རང་ཁེ་ཕན་གཉེར་མཁན་དག་དགའ་ཤོས་ཀྱི་གསང་ཉུལ་བར་གྱུར།  ཡིན་ནའང་ཏག་ཏག་ནུས་པ་འདིས་ཁོ་རང་རང་གི་རྒྱལ་ཁབ་ལ་ལོག་མི་ཆོག་པའི་ཉེས་ཅན་ཞིག་ཏུ་གྱུར་ཅིང་རང་གི་ཁྱིམ་མི་མཐའ་དག་དང་རྒྱང་དུ་བྲལ།  འོན་ཀྱང་ཉི་ཧོང་གི་ཚོང་བ་ཆེན་མོ་ཞིག་གིས་ཁོ་ལ་ཕྱིར་ལོག་པའི་གོ་སྐབས་བྱིན་སོང་།  དེ་ནི་རང་གི་འགྲན་ཡ་ཚང་གི་ཁྱིམ་བརྒྱུད་ཁེ་ལས་གཏོར་བའི་གཡོ་ཇུས་ཤིག་སྟེ། དེ་ལྟར་བྱེད་པ་ལ་ངེས་པར་དུ་ཁེ་ལས་མགོ་བའི་བུ་ཡི་བསམ་བློ་དེ་བསྒྱུར་དགོས། དེ་བས་ན། ཁོ་བྷི་གཙོས་ལས་རོགས་པ་དག་གིས་ཤེས་པ་སྦྲེལ་བའི་འཕྲུལ་ཆས་དེར་བརྟེན་དེ་རྨི་ལམ་བཟོ་མཁན་བུ་མོ་དེའི་རྟོགས་པའི་ཇུས་འགོད་བཞིན་ཏུ་འགྲན་ཡ་ཚང་གི་བུའི་རྨི་ལམ་དུ་འཕོ་འཇུག་བྱས་ཏེ་གང་ཅི་ཐུབ་ཀྱིས་བསམ་བློ་བསྒྱུར་བར་བརྩོན། དེ་ལྟར་ཁོ་ཚོས་ཇུས་འགོད་ཞིབ་ཚགས་ལ་འཆར་ཡན་ཁྱད་མཚར་བའི་རྨི་ལམ་གྱི་བང་རིམ་རེ་རེར་འཕོས་ཤིང་ཞུགས་ཏེ་གཉན་འཕྲང་ཆེ་བའི་འཇིག་རྟེན་གཞན་ཞིག་ཏུ་ཆས་་་་་་་་་

   《རྨི་ལམ་གྲོང་འཇུག》ནི་འཁྲབ་ཁྲིད་པ་ནོ་ལན་གྱི་དཔེ་མཚོན་བརྩམས་ཆོས་སུ་བགྲངས་རུང་སྟེ།  ཁོང་གི་བརྩམས་ཆོས་སྔོན་མ《མུན་ནག་ནང་གི་སྐྱ་མི》ལྟར་སྒྱུ་རྩལ་སྟེང་གི་འཚོལ་སྙེག་སྟེ་རྩལ་མཐོ་ཞིང་ཇུས་འགོད་ཞིབ་ཚགས་ཆེ་བའི་རྩེད་འཇོའི་བྱེད་ཐབས་ལ་བརྟེན་ནས་འགྲུབ་པར་བྱེད།  དེ་བས་ཀྱང་ད་རེས་ཀྱི《གྲོང་འཇུག》ནི་མིའི་རིགས་ཐུན་མོང་ལ་ཡོད་པའི་རྨི་ལམ་རྨི་བའི་སྣང་ཚུལ་དེ་བློ་ངོར་ཤོང་དཀའ་བའི་རབ་རྟོག་གི་ནུས་པ་དང་ངོ་མཚར་བའི་སྒྱུ་རྩལ་གྱི་མཚོན་སྟངས་ལ་བརྟེན་ནས་ཡོངས་སུ་བཀོལ་སྤྱོད་བྱས་ཡོད།  ལར་སྔན་ཆད་ཀྱང་རྨི་ལམ་མམ་ཤེས་པའི་བྱེད་ནུས་བརྗོད་བྱར་བྱས་པའི་གློག་བརྙན་མང་དུ་གདའ་སྟེ།  དཔེར་ན། 《མི་འཇིག་པའི་རྒྱལ་ཁམས》ལྟ་བུའི་སྐད་གྲགས་ཅན་ཀྱང་ཡོད་མོད།  ནོ་ལན་གྱི《གྲོང་འཇུག》ནི་ལྟད་མོ་བའི་རྒྱུད་འཁུལ་བའི་རྨི་ལམ་གྱི་ནུས་པ་འགྲེལ་སྟངས་ཤིག་རེད་དེ།  དེས་ལྟད་མོ་བར་འདི་ལྟར་ཡང་འོང་མི་སྲིད་པ་ཞིག་མ་རེད་ཨང་སྙམ་པར་བྱེད།   《གྲོང་འཇུག》ནི་རྟོག་འཆར་དང་བརྩེ་དུངས།  དྲག་ཤུགས་གསུམ་ཀ་ལུས་གཅིག་ཏུ་འཛོམས་པའི་གློག་བརྙན་ཞིག་རེད་དེ། གློག་བརྙན་ཁྲོད་ཀྱི་མི་སྣ་གཙོ་བོའི་ཆུང་མ་ཡང་ཡང་ཐོན་ནས་ཁོ་ཚོའི་འཆར་གཞི་ལ་གཏོར་བརླག་བྱས་པ་ནི་བརྩེ་དུངས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བའི་ཐབས་ཤེས་ཤིག་ཡིན་ཏེ།  དེ་ནི་ཁོ་བྷིས་ཆུང་མར་བཟུང་བའི་དྲན་གདུང་གི་མངོན་སྟངས་ཤིག་ཡིན།  ད་དུང་ནམ་ཡང་རྒྱབ་བསྟན་ནས་ཡོད་པའི་རང་གི་བྱིས་པ་གཉིས་ཀྱིས་ཀྱང་མི་སྣ་གཙོ་བོས་ཉེན་ཁ་ཆེ་བའི་འཕྲང་རིམ་འདི་བརྒྱུད་པའི་ཆེས་མཐའ་མ་དང་དོན་དམ་པའི་དམིགས་ཡུལ་རྟོགས་སྲིད།  དེ་ལྟར་མིའི་རིགས་ཐུན་མོང་ལ་ཡོད་པའི་རྨི་ལམ་གྱི་བྱེད་ནུས་ཆ་འགྲིག་པའི་བཀོལ་བ་དེ་དང་བརྩེ་དུང་གི་མངོན་སྟངས་དེས་གློག་བརྙན་འདི་ཟབ་ཚད་མེད་པའི་མིག་གི་དགའ་སྟོན་ཙམ་མ་ཡིན་པར་སེམས་པའི་གསོས་སུའང་འགྲོ་བའི་ཚད་མཐོ་ས་ཞིག་ཏུ་བསྐྱལ་ཡོད་ཅིང་།  གཟེངས་སུ་བསྟོད་པའི་རྟགས་མ་མང་དུ་བླངས་པ་ཡིན་ནོ།།

དཔྱད་མཆན་ཡོད།