སེམས་ཀྱི་ལྡེ་མིག

ནང་དོན་མདོར་བསྡུས།

      གློག་བརྙན་འདི་ནི་ཨ་རིའི་རྩོམ་པ་པོ་གྲགས་ཅནJonathan Safran Foerགྱིས་བྲིས་པའི་སྒྲུང་གཏམ་ལས་སྒྱུར་སྒྲིག་བྱས་པ་ཞིག་ཡིན།  དེའི་ནང་གཙོ་བོ་བུ་ཆུངOskar﹒S elའཚར་ལོངས་བྱུང་བའི་བརྒྱུད་རིམ་ཞིབ་འབྲི་བྱས་ཡོད།  ཁོའི་ཕ“9.11”གི་འཇིགས་སྐུལ་དོན་རྐྱེན་ཁྲོད་སྟབས་མ་ལེགས་པར་རང་སྲོག་ཤོར་བ་དང་།སྐབས་དེ་དུས་ཁོ་རང་ན་སོ་དགུར་སོན་ཙམ་ཡིན།  ཁོའི་ཕ་ཡིས་རང་ཉིད་འཇིག་རྟེན་ལས་གྱེས་ཁར་བུ་ལ་ཁ་པར་ཐེངས་ལྔ་ཙམ་བཏངས་ནས་བཞག་པའི་ཁ་ཆེམས་དེ་དགOskar﹒S elཡིས་ཉན་རྗེས། ཁོ་པ་རྒྱུན་དུ་གཉིད་མི་ཁུག་པ་དང་གློག་གི་སྐས་འཛེགས་སྤྱོད་པར་ལྷག་པར་སྐྲག་མཁན་ཞིག་ཏུ་གྱུར།  ཉིན་ཞིག ཁོ་པས་རང་གི་ཕ་འདས་པོའི་དཔེ་སྒྲོམ་ཐོག་གི་བུམ་པའི་ནང་ནས་སྣང་མེད་དུ་ཡིག་སྐོགས་གཅིག་དང་ལྡེ་མིག་གཅིག་མཐོང་བ་དང་།ཡིག་སྐོགས་དེའི་སྟེང་དུ"Blake"ཞིས་བྲིས་ཡོད་པའང་མཐོང་།  དེས་ན། ཁོ་པས་གཟའ་འཁོར་རེའི་ངལ་གསོའི་དུས་ཚོད་བེད་སྤྱད་ནསNew Yorkགྲོང་ཁྱེར་གྱི་ས་ཁུལ་ལྔ་ཚང་མར་སོང་ཏེ"Blake"ཞེས་པའི་མི་དེ་དང་ལྡེ་མིག་དེས་ཁ་འབྱེད་འཐུབ་པའི་སྒོ་ལྕགས་དེ་བཙལ་མགོ་ཚུགས།

     གློག་བརྙན་དེ་ཨ་རིའི་ཡ་ང་བའི9.11གི་འཇིགས་སྐུལ་དོན་རྐྱེན་རྒྱབ་ལྗོངས་སུ་བྱས་ཏེ་གཟིགས་མོ་བའི་སྤྱན་ལམ་དུ་དྲངས་ཡོད། ལོ་ངོ་བཅུ་གཅིག་སྔོན་གྱི་འཇིག་སྐུལ་དོན་རྐྱེན་དེས་ཨ་རིའི་མི་དམངས་ཙམ་མ་ཟད་འཇིག་རྟེན་འདིའི་མི་རྣམས་ཀྱི་སེམས་གཏིང་དུ་ནག་ཐིག་ཅིག་བཞག་ཡོད་ཅིང་། ལྷག་པར་ཨ་རིའི་མི་དམངས་ཀྱི་སེམས་དབུས་སུ་གཏིང་རིང་བའི་རྨ་ཁ་ཞིག་ཀྱང་སྦས་ཡོད། དེས་ན་། གློག་བརྙན་འདི་འདྲ་ཞིག་གིས་མི་རྣམས་གྱི་སེམས་གཏིང་གི་རྨ་ཁ་དེའི་སྟེང་ཚྭ་བཏབ་པ་ལྟར་ཁོང་ཚོ་སྐྱོ་གདུང་དང་འབྲེལ་བའི་དྲན་གསོའི་ལམ་བུར་འདྲེན་སྲིད་ལ། དེ་ཡང་གློག་བརྙན་འདིར་འདེང་འཇོག་མི་ལེགས་པ་མི་ཉུང་བ་ཞིག་འཐོབ་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པར་བསམ།
       ཡིན་ཡང་།  གློག་བརྙན་དེའི་འཁྲབ་ཁྲིད་པStephen Daldryཡིས་གཟིགས་མོ་བ་ཚོར་སྟོན་འདོད་པ་ནི་འདས་ཟིན་པའི་སྐྱོ་གདུང་དང་ཞེ་འཁོན་སློང་བའི་ལོ་རྒྱུས་ཤིག་གི་བསྐྱར་ཟློས་ཁོ་ན་མ་ཡིན་པར།  ང་ཚོའི་འཚོ་བའི་ཁྲོད་ཀྱི་གནས་ལུགས་ཆུང་ངུ་ཞིག་ལགས།  
       སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་བློ་སྟོབས་བརླག་པའི་སྐབས་ཤིག་ཡོད་ངེས་ལ། སུ་ལའང་བཤད་འདོད་མེད་པའི་རྨ་ཁ་ཞིག་ཀྱང་སེམས་གཏིང་དུ་སྦས་ཡོད་ངེས།  དེ་བཞིན། གློག་བརྙན་དེའི་ནངOskarཡི་རྨ་ཁ་དེ་ནི་རང་གི་ཕས་བཞག་པའི་ཁ་པར་ནང་གི་སྐད་ཆ་ཨང་དྲུག་པ་དེ་ཡིན་ཞིང་།  Blakeལ་ནི་ཕས་བསྐུར་བའི་ཡི་གེ་མཇུག་ཤོས་དེ་ཡིན།  འོན་ཀྱང་།  དེ་ལྟར་ང་ཚོས་རྟག་ཏུ་རང་གིས་ཁས་ལེན་བྱེད་མི་འདོད་པའི་གནས་ཚུལ་མང་དག་ཅིག་ལ་གཡོལ་ཐབས་ཁོ་ན་བྱས་ན། གནས་སྐབས་སྡུག་བསྔལ་དང་འཇིག་སྣང་ལས་ཐར་སྲིད་ཀྱང་། མཐའ་མ་འགྱོད་གདུང་ཁྲོད་མི་ཚེ་ཧྲིལ་པོ་ཟད་འགྲོ་ངེས།
        སྐྱེ་བོ་ཚང་མའི་ལག་ནང་དུ་ལྡེ་མིག་རེ་ཡོད་ཅིང་། མི་ཚེའི་བགྲོད་ལམ་རིང་མོ་དེའི་ཐོག་ང་ཚོས་རང་གི་ལྡེ་མིག་དེ་དང་མཐུན་པའི་སྒོ་ལྕགས་ཤིག་བཙལ་བཞིན་ཡོད།  ཡིན་ན་ཡང་། བཤུལ་ལམ་རིང་མོ་དེའི་ཐོག་ང་ཚོས་རྙེད་པ་ནི་གཞན་གྱི་སྒྲུང་གཏམ་དང་འབྲེལ་བའི་སྒོ་ལྕགས་ཁོ་ན་ཡིན།  མཐའ་མ་གཞན་གྱི་སྒོ་ལྕགས་ཚང་མ་འབྱེད་ཚར་དུས་རང་གི་སེམས་གཏིང་དུ་སྦས་པའི་གབ་ཚིག་དེ་ལའང་ལན་ཞིག་རང་བཞིན་གྱིས་ཡོང་ངེས།  དེས་ན། འགངས་ཆེ་བ་ནི་མཐའ་མའི་འཇུག་འབྲས་ཁོ་ན་མ་ཡིན་པར་དེ་འཚོལ་བའི་རྒྱུད་རིམ་དེ་ཡིན།   མ་ཟད། དེ་ལས་ཀྱང་འགངས་ཆེ་བ་ནི་སླར་གསོ་བྱེད་ཐབས་བྲལ་བའི་ལས་ལ་ཨུ་ཚུགས་བྱེད་རྒྱུ་དེ་མ་ཡིན་པར། བློས་གཏོང་བྱེད་ཤེས་པ་བྱས་ནས་དེ་ལས་ལེགས་པའི་ལམ་བུ་གསར་པ་ཞིག་གཏོད་རྒྱུ་དེ་ཡིན་ལ། དེ་ཡང་གློག་བརྙན་དེས་གཟིགས་མོ་བ་ཚོར་བརྗོད་འདོད་པའི་གནས་ལུགས་དེ་ཡིན་པར་སྙམ།[འཆི་མེད།]

དཔྱད་མཆན་ཡོད།