རི་དྭགས་རྒྱལ་པོ།

ནང་དོན་མདོར་བསྡུས།

      Sambaནི་རི་དྭགས་རྒྱལ་ཁབ་ཀྱི་རྒྱལ་སྲས་ཡིནཞིང་།   ཁོའི་ཡབ་རྒྱལ་ཁབ་དེའི་རྒྱལ་པོ་རེད།   འོན་ཏེ་ཨ་ཁུས་རྟག་ཏུ་རང་ཉིད་ཀྱིས་རྒྱལ་སྲིད་འཛིན་པར་རེ་ཞིང་ལྟོས།
      གལ་ཏེ་རྒྱལ་སྲིད་ལག་ཏུ་ཐེབས་དགོས་ན།  ངེས་པར་དུ་རྒྱལ་སྲས་མེད་པ་བཟོ་དགོས།  དེར་བརྟེན་ཨ་ཁུས་རྒྱུན་པར་དོན་དག་ག་གེ་མོ་ཞིག་ལ་ཁ་གཡར་ནས་རྒྱལ་སྲས་ཐག་རིང་པོར་འགྲོ་རུ་བཅུག་པ་དང་།  དེ་ནས་གོ་སྐབས་བཙལ་ཏེ་གསོད་རྩིས་བྱེད་ཀྱི་ཡོད། སྟབས་མ་ལེགས་པ་ཞིག་ལ། ཡབ་རྒྱལ་པོ་དུས་ཐོག་དུ་སླེབས་ནས་རྒྱལ་སྲས་སྲོག་ཉེན་ལས་ཐར་བར་བྱས།
        ཇུས་ངན་མང་པོའི་འོག མཐར་ཡབ་རྒྱལ་པོ་ཨ་ཁུས་བསད་པ་མ་ཟད།  ད་དུང་མ་ཡིན་ཡིན་ཁུལ་གྱིས་རྒྱལ་སྲས་ཕྱིར་ཐོན་དགོས་པའི་ཁ་ཏ་བྱས་པ་དང་ཆབས་ཅིག་དམར་གསོད་མཁན་བཏང་ནས་བཀྲོང་རྩིས་བྱས།
       རྒྱལ་སྲས་ཕྱིར་བྲོས་བྱེད་པའི་བརྒྱུད་རིམ་ནང་། སྤྱང་གྲུང་འཛོམས་ལ་སེམས་བཟང་ཅན་གྱི་རོགས་ཟླ་Timonདང་pumbaaགཉིས་ལ་ཕྲད། ཁོ་གཉིས་ཀྱིས་རྒྱལ་སྲས་ཆུང་ཆུང་འདི་བརྗིད་ཉམས་ཆེ་བའི་སེང་གེ་སྟོབས་ཆེན་ཞིག་ཏུ་བསྒྱུར་རོགས་བྱས་པ་མ་ཟད། རང་ཉིད་ལ་དབང་བའི་རྒྱལ་སྲིད་དེ་ལེན་དགོས་པའི་ཁ་ཏ་ཡང་མང་དུ་བྱས།
     དེ་ནས་རྒྱས་སྲས་ཀྱིས་རང་གི་རྒྱལ་ཁབ་སླར་གསོ་བྱེད་པའི་འཐབ་རྩོད་ཁྲོད་ཆེས་ངོ་མའི་ཕོ་རབ་བློ་སྟོབས་དང་། འགན་འཁྲིའི་བསམ་པ་དེའང་རིམ་གྱིས་རྟོགས་པར་གྱུར་་་་་

       འགུལ་རིས་གློག་བརྙན་གྱི་ལོ་རྒྱུས་ཁྲོད《རི་དྭགས་རྒྱལ་པོ》ཞེས་པ་དེ་ནི་ཧ་ཅང་རླབས་ཆེ་བའི་བརྩམས་ཆོས་ཤིག་རེད་ལ།  དེས་ང་ཚོར་བྱིན་པའི་སེམས་ཚོར་དང་བློ་སྐྱེད་ནི་ནམ་ཡིན་ཡང་བརྗེད་པར་དཀའ། 《རི་དྭགས་རྒྱལ་པོ》ཞེས་པ1994ལོའི་ཟླ་བ་6པའི་ཚེས་24ཉིན་ཨ་རིའི་ཁྲོམ་རྭའི་ནང་ཐོན་ཅིང་། གསོན་ཉམས་ལྡན་པའི་སྲོག་ཆགས་ཀྱི་གཟུགས་བརྙན་དང་།  མི་སེམས་སྒུལ་བའི་མཛེས་ལྗོངས། རྣ་བར་འཇེབས་པའི་རོལ་དབྱངས།  ད་དུང་ཡིད་སྐྱོམ་པར་བྱེད་པའི་བརྩེ་དུང་དང་འགན་འཁྲིའི་སྐོར་གྱི་སྒྲུང་གཏམ་ནང་དོན་བཅས་ཀྱིས་གཟིགས་མོ་བ་མང་པོའི་ཡིད་སེམས་འཕྲོག་པར་བྱས་ཡོད། གློག་བརྙན་དེས་རིན་ཐང་གི་གོང་ཚད་ཐད་ལེགས་འགྲུབ་ཧ་ཅང་ཆེན་པོ་བྱུང་བ་མ་ཟད། ད་དུང་ངེད་ཚོའི་འགུལ་རིས་ཀྱི་གློག་བརྙན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།
    《རི་དྭགས་རྒྱལ་པོ》ཞེས་པའི་ཐོག་མའི་མིང་ནི་《ནགས་ཁྲོད་ཀྱི་རྒྱལ་པོ》ཡིན་ལ།   དེའི་ནང་ཧྥེ་གླིང་རྩྭ་ཐང་སྟེང་གི་སྲོག་ཆགས་རྒྱལ་ཁབ་ཀྱི་འཚོ་བ་ཞིབ་འབྲི་བྱས་ཡོད། དོན་དངོས་ཐོག་གློག་བརྙན་དེའི་བརྗོད་གཞི་རྒྱལ་ཁབ་དང་རིག་གནས་གང་ཞིག་གི་ཁྱབ་རྒྱ་ལས་འགོངས་ཏེ་། ཆེས་གཏིང་ཟབ་པའི་གོ་དོན་ཡོད་པ་ནི།  འགྲོ་དྲུག་སེམས་ཅན་གྱི་འཁོར་བ། སྐྱེས་དངོས་ཡོངས་ཀྱི་ཤི་གསོན། ཐམས་ཅད་ཀྱི་ཐམས་ཅད་རང་བྱུང་ཆོས་ཉིད་དང་མཐུན་དགོས་པ་དེ་ཡིན། དགའ་ཞེན་དང་འཚར་ལོངས།ཚེ་སྲོག་ལ་སོགས་དོན་སྙིང་ལྡན་པའི་དངོས་པོ་དེ་རྣམས་ཧྥེ་གླིང་གི་ཐང་ཆེན་སྟེང་ས་ལེ་སྦྲམ་དང་འདྲ་བར་ནམ་ཡང་འོད་ཆེམ་ཆེམ་བྱེད།
    《རི་དྭགས་རྒྱལ་པོ》ཁྲོམ་རྭའི་ནང་ཐོན་པའི་སྐབས། གཟིགས་མོ་བ་ཁྲི་ཕྲག་དུ་མའི་དགའ་བསུ་ཤུགས་ཆེན་པོ་ཐོབ་ཡོད་ཅིང་། དེས་ཨ་རིའི་འགུལ་རིས་ཀྱི་གློག་བརྙན་ལ་ཤུགས་རྐྱེན་གཏིང་ཟབ་མོ་ཐེབས་ཡོད། གློག་བརྙན་དེར་གྲུབ་འབྲས་ཧང་སང་དགོས་པ་དེ་འདྲ་ཐོབ་དོན་ནི། སྔོན་དུ་བཤད་ཟིན་པའི་མཛེས་ལྗོངས་དང་རོལ་དབྱངས།སྒྲུང་གཏམ་གྱི་བརྗོད་བྱ་ལ་སོགས་ཕར་ཕུད། ཆེས་མང་བ་ནི་དེས་ཤུགས་སུ་བརྗོད་པའི་ཧ་ཅང་གཏིང་ཟབ་པའི་མི་ཆོས་སྐོར་གྱི་གནད་དོན་དང་ཚེ་སྲོག་གི་ཆོས་ཉིད་ལ་མནོ་བསམ་བྱས་ཡོད་པ་དེ་རང་རེད།
    Sambaའཁྲབ་སྟོན་པ་གཙོ་བོ་ཞིག་ཡིན་པའི་ཐད་ནས། ལྷན་སྐྱེས་ཀྱིས་སྤྱོད་པ་ཤིན་ཏུ་ནས་རྩུབ་པོ་ཡོད། འོན་ཏེ་ཁོ་འཚར་ལོངས་བྱུང་བའི་རྒྱུད་རིམ་ཁྲོད་ལུས་སེམས་གཉིས་ཀ་ལ་འགྱུར་ལྡོག་ཆེན་པོ་བྱུང་པ་རེད། བྱིས་པའི་དུས་ཁོས་གང་ཡང་མི་ཤེས་པའི་དབང་གིས་ཨ་ཁུའི་བསླུ་ཁྲིད་དང་དགྲ་འཛིན་གྱི་བསམ་པ་ལ་དོ་སྣང་གང་ཡང་བྱུང་མེད། དེ་ནས་རང་ཉིད་ཀྱི་ཕ་བསད་པའི་ཉེས་པ་ཁྱེར་ནས་གང་སར་འཁྱམས་པ་དང་།ལུས་སེམས་གཉིས་ཀ་ཧ་ཅང་གིས་ཐང་ཆད་པའི་སྐབས། གྲོགས་པོའི་བརྩེ་སེམས་ལས་ཁོ་པར་འཚོ་བའི་རེ་བ་དང་སྟོབས་ཤུགས་རྙེད།
        གྲོགས་པོ་གཉིས་ཀྱི་རོགས་པའི་འོག་ཁོ་པས་ཚེ་སྲོག་གི་སྤྲོ་སྣང་དང་ལ་རྒྱའི་རིན་ཐང་དེ་རྟོགས་པ་མ་ཟད། དེ་ལས་ལྷག་པ་ཞིག་ལ།  རང་ཉིད་ཀྱི་ཆུང་འདྲིས་བྱམས་པ་དང་སླར་ཡང་ངོ་འཕྲད་བྱུང་བ་ལས་ཁོ་པས་ཨ་ཁུའི་བྱ་ལུགས་ངན་པ་དེ་རྣམས་ཤེས་འཕྲལ། དཔའ་ངར་ལྡན་པ་དང་གནས་ལུགས་ཤེས་མཁན་ཞིག་ཏུ་གྱུར་ནས། མཐའ་མ་རང་གི་ཨ་ཁུ་དང་འཐབ་པ་ལས་རྒྱལ་བའི་ཉམས་འགྱུར་དེ་ཉིད་མངོན་པར་བྱས་ཡོད་ལ།  དེ་ནི་ང་ཚོ་མི་སོ་སོ་མཚར་ལོངས་བྱུང་བའི་གོ་རིམ་དང་ཧ་ཅང་འདྲ་པོ་འདུག
        གལ་ཏེ་ང་ཚོར་མགོ་སྐོར་ཐེབས་མྱོང་མེད་ཚེ། བསླུ་ཁྲིད་བྱས་པའི་མྱོང་བ་དེ་ཉིད་རྟོགས་མི་འགྱུར་ཅིང་། གལ་ཏེ་ཆར་རླུང་ཁྲོད་བརྒྱུད་མ་མྱོང་ན། ཡང་བརྩེ་སེམས་ཀྱི་དྲོ་སྐྱིད་དང་རིན་ཐང་ནི་ག་ལ་རྟོགས། གལ་ཏེ་ལས་དབང་དང་འཐབ་རྩོད་མ་བྱས་ཚེ། སུས་རང་ཉིད་ཀྱི་ནུས་པ་དེ་ཉིད་ཤེས་ཐུབ།
 གཅིག་བྱས་ན།  ང་ཚོའི་མི་ཚེར་འཚར་ལོངས་ཀྱི་དཀའ་ངལ་དང་ཕམ་ཁ་དེ་འདྲ་ཞིག་དགོས་ངེས། དེ་འདྲ་བྱས་ཚེ། ང་ཚོས་གཞི་ནས་འཚར་ལོངས་ཀྱི་གལ་ཆེན་རང་བཞིན་དང་ཚེ་སྲོག་གི་ཁྱད་དུ་འཕགས་པའི་རིན་ཐང་དེ་ཉིད་ཤེས་ཐུབ།
      གློག་བརྙན་དེས་ང་ཚོར་བློ་སྐྱེད་བྱུང་བར་བྱས་པ་ནི་གོང་གི་དེ་ཚོ་ལས་དེ་བས་མང་བ་མཆིས། འོན་ཀྱང་གློག་བརྙན་རང་ངོས་སམ་ཡང་ན་རྙོག་འཛིང་གི་མི་ཚེ་གང་གི་ཐད་ནས་ཀྱང་ང་རང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། མ་འོངས་པའི་མདུན་ལམ་དུ། གློག་བརྙན་གྱིས་ང་ཚོར་སྦྱིན་པ་ནི་སེམས་འགུལ་དང་མྱོང་ཚོར་ཙམ་གྱིས་མ་ཁྱབ་པར། གལ་ཏེ་གོ་སྐབས་ལེགས་པོ་རེ་བྱུང་ན། དེའི་ཁྲོད་ཀྱི་ཐབས་ཤེས་དང་དོན་སྙིང་བེད་སྤྱོད་བྱས་ནས་འཚོ་བའི་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱེད་པ་ནི་བསམ་བློ་ལེགས་པོ་ཞིག་རེད་སྙམ།

དཔྱད་མཆན་ཡོད།