གཞས་གདངས་སྡེབ་སྒྲོག

ནང་དོན་མདོར་བསྡུས།

2013410182648105.jpg

འཆི་མེད་གཡུ་སྒྲོན།


ངོ་སྤྲོད་མདོར་བསྡུས།
            བཙོན་མ་ཀྲེན་ཧུའེ(贞慧 ཅིན་ཡུན་ཀྲེན་གྱིས་འཁྲབ།)ཡིས་བཙོན་ཁང་ནང་དུ་བུ་རྨིན་ཡུས(珉宇)སྐྱེས་པ་དང་། ཕྲུ་གུ་དེ་ནི་དཀོན་མཆོག་གིས་ཁོ་མོར་གནང་བའི་ལྷའི་ཕོ་ཉ་ཞིག་དང་འདྲ་བར། ཁོ་མོ་ཙམ་མ་ཟད། དེ་སྔ་སྐབས་ཅིག་ནོར་འཁྲུལ་ཤོར་ནས་རང་དབང་དང་བྲལ་བའི་འཚོ་བ་ལ་འཇུག་དགོས་པའི་བུད་མེད་བཙོན་མ་གཞན་རྣམས་ལ་བརྗོད་ཀྱིས་མི་ལངས་པའི་སྤྲོ་བ་སྦྱིན། ཐེངས་ཤིག་ལ་ཀྲེན་ཧུའེ་ཡིས་བཙོན་ཁང་གི་མཚམས་འདྲིའི་འཁྲབ་སྟོན་ལ་བལྟས་རྗེས་བཙོན་ཁང་ནང་དུ་མཉམ་གཞས་ཚོགས་པ་ཞིག་འཛུགས་པའི་བསམ་ཚུལ་སྐྱེས། འོན་ཀྱང་ཁོ་མོ་ནི་སྐད་ཡག་པོ་མེད་པ་མ་ཟད་དེའི་ཐད་ཀྱི་ཉམས་མྱོང་ཡང་ཏིལ་འབྲུ་ཙམ་ཡང་མེད་པ་རེད།


               གཏན་འབེབས་ལྟར་ན་རྨིན་ཡུས་ཟླ་བ་བཅོ་བརྒྱད་ཟིན་རྗེས་ཕྱི་ལ་གསོ་ཉར་དུ་གཏང་རྒྱུ་ཡིན་པས། ཀྲེན་ཧུའེ་ཡིས་དེའི་སྔོན་ལ་བུ་འཁྲིད་ནས་ཕྱི་ལ་ཐེངས་གཅིག་གདོན་འཐུབ་རྒྱུའི་ཆེད་དུ་དཀའ་ངལ་ག་ཚོད་འཕྲད་ཀྱང་མཉམ་གཞས་ཚོགས་པ་དེ་འཛུགས་རྒྱུ་ཐག་བཅད། བཙོན་རོགས་རྣམས་ཀྱི་སེམས་རྩ་འཁོལ་བའི་རོགས་སྐྱོར་འོག་གཞི་ནས་མཉམ་གཞས་ཚོགས་པ་དེ་བཙུགས་ཐུབ་པ་བྱུང་ཡང་། ཨ་མ་དེའི་བསམ་ཡུལ་ལས་འདས་པ་ནི། རང་ཉིད་བུ་དང་མཉམ་དུ་ཕྱིར་གདོན་པའི་ཉིན་མོ་དེའང་ཟླ་བ་བཅུ་གྲངས་རང་ལས་འགྲོགས་མེད་པའི་བུ་དེ་དང་ཁ་འབྲལ་བའི་ཉིན་མོ་དེ་ཡིན་པ་རེད། དེས་ན། བཙོན་ཁང་གི་གྱང་མཐོན་པོ་དེའི་ནང་དུ་བཙུགས་པའི་མཉམ་གཞས་ཚོགས་པ་དེ་ནི་རིམ་བཞིན་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཆེན་པོ་ཞིག་ཏུ་གྱུར་ཅིང་། དེས་རང་དབང་བྲལ་བའི་བུད་མེད་དེ་རྣམས་ལ་སྤྲོ་སྣང་རེ་སྦྱིན་པ་མ་ཟད། ཡུན་རིང་ཁོང་ཚོའི་སེམས་དབུས་སུ་བརྟན་པོར་ཡིབ་ཡོད་པའི་རྨ་ཁ་དེ་རྣམས་ལ་ཡང་ད་གཟོད་དྲག་སྐྱེད་ཀྱི་བདུད་རྩི་ཞིག་སྦྱིན་གྱིན།


67668606659713515.jpg


རྒྱབ་ལྗོངས།

གློག་བརྙན་དེ་ནི་2010ལོའི་ལོ་འགོར་འགྲེམ་སྟོན་བྱས་པའི་ལྷོ་ཁོ་རེ་ཡའི་གློག་བརྙན་ཞིག་ཡིན་ཞིང་། དོན་བརྗོད་གཙོ་བོར་བཟུང་བའི་གློག་བརྙན་ཞིག་གི་ངོས་ནས་བརྗོད་ན་འདིའི་ནང་འབུར་དུ་ཐོན་པའི་ཐ་སྙད་གཅིག་ནི་ཡིད་འགུལ་ཞེས་པ་དེ་ཡིན། དེས་ན། གློག་བརྙན་གྱི་མིང་ལ་གཞས་གདངས་སྡེབ་སྒྲོག་ཅེས་བཏགས་པ་དེ་ལས་ང་ཚོས་ཤེས་གསལ། འདི་ནི་གླུ་གཞས་དང་འབྲེལ་བའི་བརྩམས་ཆོས་ཤིག་ཡིན་ཞིང་། ཡང་གླུ་གཞས་ཁོ་ན་དང་འབྲེལ་བ་ཞིག་མིན་ལ་གཙོ་བོ་དེའང་གླུ་གཞས་མིན་ཞེས་བཤད་ཆོག


             གློག་བརྙན་ཞེས་པའི་སྒྱུ་རྩལ་དེར་ཉམས་རོལ་བྱེད་སྐབས། སྐྱེ་བོ་མི་གཅིག་པར་ཚོར་སྣང་དང་མྱོང་བ་མི་འདྲ་བ་རེ་ཡོང་ངེས་ཤིང་། གློག་བརྙན་རེ་འགའ་ལ་ལྟ་སྐབས་ང་ཚོའི་ཡིད་སེམས་གཏིང་ནས་འགུག་བྱེད་དེ་ནི་འཁྲབ་སྟོན་པའི་ཧང་སང་དགོས་པའི་འཁྲབ་རྩལ་དེ་མིན་ལ། གློག་བརྙན་དེའི་ནང་གི་ཡིད་འོང་གི་ཡུལ་ལྗོངས་ཤིག་ཀྱང་མིན་པར། ང་ཚོས་ཡང་སྐོར་བསྐྱར་སྐོར་དུ་བལྟ་འདོད་ལ་མིག་ཆུ་དང་སྣ་ཆུ་བསྲེས་མར་གདོང་པ་བཀྲུ་དགོས་པ་མ་ཟད། དེ་དང་འབྲེལ་བའི་འཆར་ཡན་གྱི་ལམ་དུ་ཡང་ཐེངས་མང་གཞུག་འདོད་ཅན་དེ། འདིའི་ཞིབ་ཆ་རེ་གཉིས་ཀྱིས་ང་ཚོའི་སེམས་ཀྱི་ཆེས་ཟབ་སའི་ཆ་དེ་རིག་པས་ཡིན། འཚོ་བ་ནི་སྔོན་སྦྱོང་གཏན་ནས་བརྒྱུད་མེད་པའི་ཟློས་གར་འཁྲབ་སྟོན་ཞིག་དང་འདྲ་བར། མི་རྣམས་ཀྱི་བསམ་ཡུལ་ལས་འདས་པའི་གནས་ཚུལ་ནི་གཅིག་རྗེས་གཉིས་མཐུད་ཀྱིས་གར་སྟེགས་སྟེང་དུ་བཤམས་བཞིན་ཡོད་དེ། འདོད་བློ་ཁེངས་པའི་བདེ་སྐྱིད་དང་ཉམས་རྒུད་ཀྱི་སྐྱོ་གདུང་། རྒྱལ་ཁ་ཡི་སྤྲོ་བ་དང་ཕམ་ཉེས་རྗེས་ཀྱི་རེ་ཆད། ཞི་བདེ་ཡི་དྲོད་སྣང་དང་རྒྱབ་འགལ་གྱི་འཚིག་པ་སོགས་དེ་རྣམས་ཚང་མ་ནི་ང་ཚོར་འཚོ་བས་སྟེར་བ་ཡིན་ལ་ང་ཚོས་ངེས་པར་དང་ལེན་བྱེད་དགོས་པ་ཞིག་ཀྱང་ཡིན། དེས་ན། དེ་འདྲའི་སྔོན་ཤེས་བྲལ་བའི་འཚོ་བ་ཡིས་གློག་བརྙན་དེའི་ནང་གི་བཙོན་མ་རྣམས་ལ་ཅི་ཞིག་སྦྱིན་ཡོད་ཅེ་ན། བློ་ཕམ་དང་སྐྱོ་གདུང་། རྒྱབ་གཏོད་དང་ཞེ་ལོག མིག་ཆུ་དང་ང་རྒྱལ་སོགས། འོནཀྱང་། མཐའ་མར་ཁོང་ཚོའི་ལུས་ཐོག་ནས་སྐྱིན་ཚབ་དུ་བླངས་པ་ནི་མི་ཞིག་གི་ཆེས་མ་མཐའི་ཁེ་དབང་སྟེ་རང་དབང་དེ་ཡིན། མཐའ་མར། བུད་མེད་དེ་རྣམས་ལ་དབང་བ་ནི་ལྕགས་རི་མཐོན་པོའི་ནང་གི་འགྱུར་ལྡོག་ཅི་ཡང་མེད་པའི་ཡང་སྐོར་བསྐྱར་སྐོར་གྱི་ཞེ་ལོག་དགོས་པའི་འཚོ་བ་དེ་ཡིན་ཞིང་། ཁོང་ཚོས་ཤོར་སོང་བ་ནི་བུད་མེད་ཅིག་མེ་ཏོག་ལྟར་བཀྲག་མདངས་ཀྱིས་ལྷུག་པར་བཞད་པའི་གོ་སྐབས་དེ་ཡིན།


848201670512961462.jpg


           འོན་ཀྱང་། དེ་འདྲའི་ཕྱི་རོལ་གྱི་འཕོ་འགྱུར་ལོངས་སུ་སྤྱོད་པའི་རང་དབང་ཤོར་བའི་བུད་མེད་རྣམས་ཀྱིས། འཚོ་བ་ཡིས་སྦྱིན་པ་དང་ཡང་དེས་འཕྲོག་ཕྱིན་པ་རྣམས་ཡིན་ཤག་ཤག་གིས་དང་ལེན་བྱས་ནས་མི་ཚེ་ཞི་མིའི་ཨ་དོང་འདྲ་བ་དེ་སྙིང་པོ་ཅི་ཡང་མེད་པར་གདའ་བར་བྱེད་པའི་རྒྱུ་མཚན་མེད་དེ། དགའ་ཉེ་སྤུན་མཆེད་ལ་བཅངས་པའི་བརྩེ་སེམས་དང་། རང་གི་དགའ་ཕྱོགས་ལ་བརྩོན་པའི་ཧུར་སེམས། ཐ་ན་འཚོ་བ་བཅངས་པའི་དགའ་ཞེན་བཅས་ཅི་ཡང་མི་འདོར་བར། ལྕགས་རི་མཐོན་པོས་སྐོར་བ་དེའི་ནང་དུའང་རང་ཉིད་བློ་འཕང་སྐྱེ་མི་དགོས་པའི་འཚོ་བ་ཞིག་ལ་བརྩོན་ལེན་བྱེད་པའི་དབང་ཆ་ནི་སྔར་བཞིན་ཁོང་ཚོར་མཆིས་ལ། མཐའ་མར་རེ་འགའ་རང་ཉིད་ཀྱིས་དེ་སྔར་ང་རྒྱལ་གྱིས་བསགས་པའི་ནོར་འཕྲུལ་དེའི་རྐྱེན་ཚེ་སྲོག་ཤོར་སྲིད་ཀྱང་། མཐའ་མའི་མཐའ་མར་འཆི་བ་ལ་བཅངས་པའི་འཇིགས་སྣང་དེའི་ཁྲོད་ཁོ་མོར་མ་མཐའི་སེམས་གསོ་ཞིག་ཡོང་ངེས།


རྩོམ་སྒྲིག་པ།བློ་བཟང་རྡོ་རྗེ།


དཔྱད་མཆན་ཡོད།