ལུང་སྟོང་ལ་ཕྱོགས་པ།

ནང་དོན་མདོར་བསྡུས།

万玛才旦2.jpg

【འཆི་མེད་གཡུ་སྒྲོན།】


          གློག་བརྙན་འདི་ནི་དངོས་བྱུང་གི་གནས་ཚུལ་ལས་བཅོས་སྒྲིག་བྱས་པ་ཞིག་ཡིན་ཞིང་། འདིའི་ནང་གཙོ་བོ་རང་དབང་དང་བདེ་སྐྱིད་ཀྱི་ཆེད་དུ་རྒྱུ་ནོར་ལོངས་སྤྱོད་ཡོད་ཚད་བློས་བཏང་ནས། རྨི་ལམ་འཚོལ་བའི་གཞོན་ནུ་ཡུལ་གྱར་བ་ཞིག་བརྗོད་ཡོད།

            Christopher (Emile Hirschནས་འཁྲབ།)ནི་ཕྱུག་བདག་ཚང་གི་སྲས་སྐུ་ཞབས་ཤིག་ཡིན་ཞིང་། སྤྱིར་བཏང་གི་འབྱོར་ལྡན་ཁྱིམ་གྱི་བུ་ཕྲུག་ལོངས་སྤྱོད་ཁོ་ནར་རོལ་བ་རྣམས་དང་མི་འདྲ་བར། ཁོ་པར་གཞན་ཡིད་སྨོན་སྐྱེ་འོས་པའི་སློབ་སྦྱོང་གི་སྦྱངས་འབྲས་ལེགས་པོ་ཞིག་ཡོད་པས་འོད་ཟེར་ལྡན་པའི་མདུན་ལམ་ཞིག་ཀྱང་ཡོད། འོན་ཀྱང་། ཚང་མའི་བློ་ཡུལ་ལས་འདས་པ་ཞིག་ལ། ཁོས་སློབ་ཆེན་གྱི་སློབ་གསོ་འཇུག་སྒྲིལ་རྗེས་བདམས་པ་ནི་འོད་ཟེར་སྟོང་ལྡན་གྱི་ལམ་བུ་དེ་མ་ཡིན་པར་རང་དབང་དང་བག་ཕེབས་ལ་ཕྱོགས་པའི་ཡུལ་སྐོར་གྱི་ལམ་བུ་དེ་ཡིན།  ཁོ་པས་རང་གི་རྒྱུ་དངོས་དག་ཕན་བདེ་ཁང་ལ་ཞལ་འདེབས་སུ་ཕུལ་ནས་རང་བྱུང་ཁམས་ལ་ཕྱོགས་པའི་འཁྱམ་པོ་ཞིག་གི་ཡུལ་སྐོར་གྱི་འཚོ་བར་འཇུག་མགོ་ཚུགས། ལམ་བུ་དེའི་ཐོག་ཁོ་རང་སྐྱེ་བོ་མང་དག་ཅིག་ལ་ཕྲད་ཡོད་ཅིང་དཀའ་ངལ་ཡང་མི་ཉུང་བ་ཞིག་ལ་ཕྲད། ཡིན་ཡང་། ཁོ་པས་རང་ཉིད་ཀྱི་བློ་སྟོབས་དང་དད་པ་ལ་བསྟེན་ནས་སྔར་བཞིན་ལམ་བུ་དེའི་ཐོག་མདུན་ཕྱོགས་སུ་བསྐྱོད་བཞིན་མཆིས།

    དེས་ན། མེ་མེད་ན་དུ་བ་ཡོད་མི་སྲིད་པའི་དཔེ་ལྟར། ན་སོ་དར་ལ་བབས་པའི་གཞོན་ནུ་དེ་འདྲ་ཞིག་སྤྱི་ཚོགས་ཀྱི་འཚོ་བར་ཞེན་པ་གཏིང་ནས་ལོག་དགོས་པར་ཡང་རྒྱུ་མཚན་མེད་པ་ག་ལ་ཡིན་སྲིད། དེའི་རྒྱབ་ཏུ་ཡ་ང་ཞིང་མི་སེམས་དང་རང་གཤིས་ལ་མནོ་བསམ་འདྲེན་ཐུབ་པའི་རྒྱུ་རྐྱེན་མང་དག་ཅིག་སྦས་ཡོད་ངེས།

万玛才旦1.jpg

༓དཔྱད་གཏམ།

            མི་རྣམས་ཀྱིས་དཀའ་སྡུག་གི་ཁྲོད་དུ་གཞི་ནས་བདེ་བ་ལ་རེ་སྙེག་བྱེད་ཅིང་། བཙན་ཤེད་དང་གཉའ་གནོན་ཁྲོད་དེ་བས་རང་དབང་ལ་རེ་སྨོན་བྱེད་ངེས།  དེ་བཞིན།  གློག་བརྙན་དེའི་ནང་གི་མི་སྣ་གཙོ་བོChristopher ཡང་དེ་ལས་མི་འདས་ཏེ།  རང་ཉིད་འཚོ་གནས་བྱེད་སའི་ཁོར་ཡུག་དེ་རྫུན་གཏམ་དང་ཆགས་སྡང་གིས་ཁེངས་པ་ཞིག་ཡིན་པ་ཚོར་རྗེས་རིམ་བཞིན་དེ་དག་ལ་ཞེན་པ་ལོག་ཅིང་། མི་གཤིས་ཀྱི་སྐྱུག་བྲོ་བའི་ཆ་དེ་དག་ལས་ཐར་འདོད་ཀྱི་སེམས་པ་དྲག་པོ་ཞིག་རང་བཞིན་གྱིས་སྐྱེས།  

              ཐོག་མར་གློག་བརྙན་དེར་བལྟ་སྐབས། ངའི་བསམ་པར་སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་སྤྱི་ཚོགས་དང་བྲལ་ཏེ་འཚོ་གནས་བྱེད་ཐབས་མེད་པས།  གློག་བརྙན་དེའི་མི་སྣ་གཙོ་བོའི་བྱེད་སྟངས་དེའང་དངོས་ཡོད་ལས་ཚད་མཐོ་བའི་གློག་བརྙན་གྱི་བྱུང་རིམ་ཁོ་ནའི་ཁྲོད་དུ་མ་གཏོགས་གནས་མི་སྲིད་པ་ཞིག་རེད་སྙམ།  འོན་ཀྱང་།  དེ་ཉིད་བལྟས་པའི་བརྒྱུད་རིམ་ཁྲོད་ངེད་ཚོས་རྟོགས་ནུས་པ་ནི།  གློག་བརྙན་དེས་གཟིགས་མོ་བ་ཚོར་བསྟན་འདོད་པ་དེ་མི་སྣ་གཙོ་བོ་རང་བྱུང་ཁམས་ཆེན་མོར་ཕྱོགས་པའི་ཡུལ་སྐོར་བ་ཞིག་ཡིན་པ་དེ་ཙམ་མ་ཡིན་པར། ཁོས་དེ་འདྲའི་གདམ་ག་བྱེད་དགོས་པའི་རྒྱུ་མཚན་དེ་བརྗོད་བྱའི་སྙིང་པོ་བཟུང་དེ་བསྟན་ཡོད།  དེས་ན། ཁོས་རྒྱུ་ནོར་དང་ལོངས་སྤྱོད། བྱ་གཞག་བཅས་ཡོད་ཚད་བློས་བཏང་སྟེ་འཁྱམ་པོའི་འཚོ་བའི་ལམ་བུ་དེ་འདེམས་དགོས་དོན་ཅི་ཡིན་བརྗོད་ན།  ཁོ་པས་རང་ཉིད་ཀྱི་ཕ་མའི་ལུས་སྟེང་ནས་སྤྱི་ཚོགས་དེའི་ཚུལ་འཆོས་དང་མི་སྡུག་པའི་ཆ་མང་དག་ཅིག་མཐོང་བ་དང་རྒྱུ་ནོར་གྱིས་བསླུས་པའི་མི་སེམས་ཀྱིས་སྤྱི་ཚོགས་དེ་ཆགས་སྡང་གི་དུག་ཆུས་བསྣུབས་བཞིན་པ་དེ་ཡང་མཐོང་།  དེ་བས།  ཁོས་ཕ་མ་གཉིས་ཀྱི་གཉེན་སྒྲིག་སྐོར་གྱི་དངོས་ཡོད་གནས་ཚུལ་རྣམས་ཤེས་སྐབས་གཞི་ནས་ཁོ་རང་དང་གཅུང་མོའི་འདས་ཟིན་པའི་འཚོ་བ་ནི་རྫུན་གཏམ་གྱིས་ཁེངས་པའི་སྒྲུང་ཞིག་དང་གཉིས་མེད་ཡིན་པ་ཚོར་བས་ལགས།

             ཁོ་རང་ཁེར་ཚུགས་སུ་ཐོན་པ་དེ་ཡང་གཅིག་ནས་རང་དབང་དང་ལྷད་མེད་ཀྱི་འཚོ་བར་རེ་སྙེགས་བྱེད་ཕྱིར་ཡིན་ལ།  གཉིས་ནས་རང་ཉིད་ལས་དང་ལེན་བྱེད་པར་དཀའ་ཞིང་སྐྱུག་བྲོ་བའི་བྱ་བ་དེ་དག་ལས་གཡོལ་ཕྱིར་ཡིན།  

                གློག་བརྙན་འདིའི་ཁྲོད་མི་སྣ་གཙོ་བོའི་གཏམ་བརྗོད་རེ་རེ་ནི་ཚིག་གནད་དུ་འཁེལ་ཞིང་རྣ་བར་སིམ་པའི་གནས་ལུགས་རེ་རེས་བརྒྱན་འདུག་ཅིང་།  དེ་ཡང་ཁོ་བོའི་ངོས་ནས་བརྗོད་ན། འཐབ་རྩོད་ཀྱི་ཆེས་རླབས་ཆེ་བའི་རྒྱལ་ཁ་ནི་མི་གཤིས་ཀྱི་མ་ཡིན་ཡིན་མདོག་གི་ཆ་དེ་རྩ་མེད་དུ་གཏོང་རྒྱུ་དེ་ཡིན་ཞེས་གསུངས།

                དངོས་པོའི་དཔལ་འབྱོར་ཇེ་རྒྱས་ནས་ཇེ་རྒྱས་སུ་འགྲོ་བའི་དུས་སྐབས་དེར། ངོ་མ་མི་དང་མིའི་དབར་གྱི་ལ་རྒྱ་དང་ཡིད་ཆེས། བརྩི་བཀུར་བཅས་ཉིན་རེ་བཞིན་གསེར་དངུལ་གྱིས་བསླུས་འགྲོ་ཞིང་། དེའི་ཚུལ་འཆོས་དང་སྐྱུག་བྲོ་བའི་ཆ་དེ་མཐོང་མཁན་ནི་ཧ་ཅང་ཉུང་། དེ་བས་ན། དེ་འདྲའི་སྤྱི་ཚོགས་ལ་ཞེན་པ་ལོག་པའི་སྐྱེས་བུ་དག་གིས་དེ་ལས་གཡོལ་ཐབས་ཀྱི་ལམ་བུ་ཞིག་ལ་རེ་སྙེག་བྱེད་རྒྱུ་ལས་གཞན་དུ་ཅིའོ།། 

118720306525561424.jpg


【རྩོམ་སྒྲིག་པ།བློ་བཟང་རྡོ་རྗེ།】


དཔྱད་མཆན་ཡོད།