ཆོས་རྒྱལ་མྱ་ངན་མེད།

ནང་དོན་མདོར་བསྡུས།

 【མཛངས་མ་ཀུན་སྐྱིད།

20110915105201188.jpg

              གནའ་བོའི་རྒྱ་གར་གྱི་ལོ་རྒྱུས་སྟེང་སྟོབས་འབྱོར་མངའ་ཐང་ཉིན་གུང་གི་ཉི་མ་ལྟ་བུ་ཡིན་པའི་རྨ་བྱ་རྒྱལ་རབས་ཀྱི་རྒྱལ་སྲས་དག་ལས་ན་ཕྲ་བའི་རྒྱལ་སྲས་ཨ་ཤོ་ཀ་སྟེ་མྱ་ངན་མེད་ནི་འཇོན་ཐང་ཤིན་ཏུ་ཆེ་བ་ལ་རྐྱེན་བྱས་ཏེ། ཕ་གཅིག་མ་མི་གཅིག་པའི་སྤུན་མཆེད་ཚོས་ཁོང་ལ་ཞེ་སྡང་དང་ཕྲག་དོག་ཚད་མེད་བྱས་ནས་སྔ་ཙམ་རྩ་མེད་བཟོ་རྒྱུའི་མ་རུང་ཁོག་བཅངས་བྱེད་ཀྱིན་ཡོད་པ་རེད། ཡུམ་གྱིས་ཁོང་ལ་ཉེན་ཁ་ཚ་ཞིང་གདུག་རྩུབ་དང་ལྡན་པའི་རྒྱལ་པོའི་ཕོ་བྲང་ནས་ཁ་བྲལ་དགོས་པའི་ཞལ་ཏ་གནང་སྟབས། ཁོང་གིས་ཡུམ་གྱི་བཀའ་ལྟར་རྒྱལ་པོའི་ཕོ་བྲང་དང་གྱེས་ཏེ་ཡུལ་གྱར་གྱི་རྣལ་འབྱོར་བ་ལྟ་བུའི་འཚོ་བ་བསྐྱལ། 

    ལམ་བར་དུ། ཨ་ཤོ་ཀར་རང་གི་རྨི་ལམ་ནང་གི་མཛའ་མོ་ཁ་ཝ་ཆི་ངོ་འཕྲད། ཁ་ཝ་ཆི་ནི་རྒྱལ་སྲས་ཨ་ཤོ་ཀ་དང་འདྲ་བར་རྒྱལ་གཞིས་ཀྱིས་རྐྱེན་པས་རྒྱལ་པོའི་ཕོ་བྲང་ནས་ཁ་བྲལ་བའི་རྒྱལ་པོའི་སྲས་མོ་ཞིག་ཡིན་པ་རེད།

   རྒྱལ་སྲས་ཨ་ཤོ་ཀས་རང་ལ་ཧྥ་ཝན་ཞེས་པའི་མིང་བཏགས་ཤིང་དཀའ་ངལ་ཆེ་ཆུང་འདྲ་མིན་སྣ་ཚོགས་སྤྱད་པ་བརྒྱུད། རྒྱལ་སྲས་ཨ་ཤོ་ཀ་དང་སྲས་མོ་ཁ་ཝ་ཆི་དབར་གྱི་བརྩེ་དུང་ལ་མཛེས་སྡུག་གི་མེ་ཏོག་བཞད་ཙམ་བྱུང་མོད།  བསམ་ཡུལ་ལས་འདས་པ་ཞིག་ལ་ཁོང་གཉིས་གཉེན་བསྒྲིགས་ནས་ཕན་ཚུན་དབར་བཅངས་པའི་བརྩེ་དུང་དེར་འབྲས་བུ་སྨིན་པར་བྱེད་གྲབས་དེར།  རྒྱལ་སྲས་ཨ་ཤོ་ཀར་ཡུམ་ཆེན་ནད་ཀྱིས་མནར་བས་མྱུར་བར་རྒྱལ་པོའི་ཕོ་བྲང་དུ་ལོག་དགོས་པའི་བརྡ་འབྱོར་བ་དང་།  རང་གི་སྙིང་ནས་བརྩེ་བའི་མཛའ་མོ་ཁ་ཝ་ཆི་དང་ཁ་བྲལ་ནས་མི་ལོག་ཀ་མེད་བྱུང་བ་རེད།

རྒྱལ་སྲས་ཨ་ཤོ་ཀ་དགའ་བ་ཆེན་པོས་རང་གི་མཛའ་མོ་ཁ་ཝ་ཆི་འཚོལ་དུ་ཡོང་ནས་ཁོང་གཉིས་དབར་གྱི་བརྩེ་དུང་རྒྱུན་བསྲིངས་བྱེད་དགོས་སྙམ་པའི་སྐབས་སུ། སླར་ཡང་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་བྱུང་བ་སྟེ།  ཁོང་གི་སྙིང་ནས་བརྩེ་བའི་མཛའ་མོ་ཁ་ཝ་ཆི་གཡུལ་འཐབ་ཀྱི་ཁྲོད་དུ་སྔ་མོ་ཉིད་ནས་འདས་གྲོངས་ཟིན་པ་ཤེས་རྟོགས་བྱུང་ཞིང་། དོན་དེས་རྒྱལ་སྲས་ཨ་ཤོ་ཀའི་སེམས་པ་གཏིང་ནས་སྐྱོ་རུ་བཅུག མི་རིང་བར་རྒྱལ་པོའི་ཕོ་བྲང་ནས་མངགས་པའི་རྒྱལ་སྲས་ལྐོག་གསོད་བྱེད་པའི་བྱ་འགུལ་དེས་ཁོང་ལ་འཚེ་བ་ཆེན་པོ་བཏང་།

    ནད་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད་དུ། རྒྱལ་སྲས་ཨ་ཤོ་ཀར་བརྩེ་དུང་ཐད་ཀྱི་རྦ་རླབས་ཐེངས་གཉིས་པ་འཕྱུར་བྱུང་བ་སྟེ། ཁ་སྒོ་སྐྱེ་འབྲས་མཚར་ལ་ངང་རྒྱུད་བཟང་བའི་བུ་མོ་ཞིག་གིས་རྒྱལ་སྲས་ཨ་ཤོ་ཀར་སྲུང་སྐྱོབ་བྱ་ཆེད་དུ། ཆང་སའི་རྟེན་འབྲེལ་གྱི་ཞག་མོ་དེར། ལག་ཐལ་ནས་ལག་དམར་བ་བཀུམས་པས། ཁོ་མོ་སུས་མཐོང་རུང་སུས་དམའ་འབེབས་དང་མཐོང་ཆུང་བྱ་ཡུལ་ཞིག་ཏུ་གྱུར་བ་དེ་རེད། རྒྱལ་སྲས་ཨ་ཤོ་ཀས་བུ་མོ་དེའི་སྲོག་སྐྱོབ་དྲིན་ལན་འཇལ་ཕྱིར། ཁོ་མོ་རང་གི་མནའ་མར་ལེན་རྒྱུའི་ཐག་བཅད་དགོས་པ་བྱུང་།

    སྐབས་དེ་དུས་ཚང་མའི་བསམ་ཡུལ་ལས་འདས་པའི་བྱ་བ་ཞིག་ཐོན་པ་སྟེ། རྒྱལ་སྲས་ཨ་ཤོ་ཀའི་སྙིང་ནས་བརྩེ་བའི་མཛའ་མོ་ཁ་ཝ་ཆི་གཡུལ་ཏུ་རླུང་རྟར་བརྟེན་ཏེ་བྲོས་བྱོལ་ཐུབ་ཡོད་པ་མ་ཟད། མིང་ལ་ཧྥ་ཝན་ཞེས་སུ་འབོད་པའི་ན་གཞོན་དམག་མི་དེ་འཚོལ་གྱིན་ཡོད་པ་རེད།

     མི་འགྱངས་པའི་རྗེས་སུ། བཙུན་མོར་རྒྱལ་སྲས་མངལ་དུ་སྦྲུམ་པའི་དོན་དེས། སྙིང་སྟོབས་ཡོངས་སུ་སྙིགས་པའི་རྒྱལ་སྲས་ཨ་ཤོ་ཀར་རེ་བ་གསར་པ་སྦྱིན་མོད། དུས་དང་རྣམ་པ་ཀུན་ཏུ་རྒྱལ་སྲས་ཨ་ཤོ་ཀར་མ་རུང་ཁོག་བཅངས་བྱེད་མཁན་གྱི་མི་ངན་དེ་དག་ལ་སྤྲོ་བའི་གོ་སྐབས་དབེན་པ་ཞིག་ཆགས་རྐྱེན། ཁོང་ཚོས་སྡིག་ཅན་གྱི་ལག་ཟུང་ཡང་བསྐྱར་བཙུན་མོའི་ཁོག་ནང་གི་ཚེ་སྲོག་ཆུང་ཆུང་དེར་སྐྱོང་འགོ་བཙུགས། ངན་ཇུས་འདི་ཉིད་ལམ་དུ་མ་ལྷོངས་རུང་། དེ་དུས། རྒྱལ་སྲས་ཨ་ཤོ་ཀའི་མི་ཚེའི་ནང་གི་ཆེས་དགའ་བའི་བུད་མེད་གཞན་པ་ཞིག་སྟེ། ཁོང་གི་ཡུམ་ཆེན་གཅེན་པོས་མངགས་པའི་ལག་དམར་ཤན་པས་བཀྲོངས་ནས་ཁྲག་དམར་ཁྲོད་དུ་འགྱེལ།

    འཁོན་འཛིན་དང་ཁོང་ཁྲོས་རྒྱལ་སྲས་ཨ་ཤོ་ཀའི་མི་ཚེར་འགྱུར་བ་ཆེན་པོ་བཏང་བ་སྟེ། དགྲ་ཤ་ལེན་ཕྱིར་ཁོ་པ་ཉིད་ཀྱིས་རང་གི་གཅེན་པོ་དམར་གསོད་བྱས་ནས་རྒྱལ་པོའི་སྲིད་ཁྲིར་འཛེགས་པ་དང་། ཁོང་ཁྲོའི་མེ་ལྕེ་ཁོག་ནང་ནས་འབུད་ཕྱིར། ཁོ་པ་ཉིད་ཀྱིས་དམག་དཔུང་ཁྲིད་ནས་ཡུལ་གྲུ་ཆེན་པོ་མངའ་འོག་ཏུ་བསྡུས་ཤིང་། ཁོ་པའི་དམག་དཔུང་སླེབས་སའི་ཡུལ་རྣམས་སུ་སྤྱིར་ན་རྩྭ་རྩི་ཤིང་ཙམ་ཡང་འཚོ་མི་ཐུབ་པ་བཟོས། རྒྱལ་སྲས་ཨ་ཤོ་ཀས་ཁྲག་དམར་འཛའ་ར་ར་བའི་ལག་ཟུང་ལ་བརྟེན་ནས་ལོ་རྒྱུས་ཀྱི་དཔང་རྟགས་སུ་ངོམས་ཆོག་པའི“མཛད་རྗེས་རླབས་ཆེན་འཇོག་གནང་མཛད”    དུས་མཚུངས་སུ་ཁོང་རང་ཉིད་ཀྱང་དངོས་གནས་དྲང་གནས་ཀྱི་རྒྱལ་པོ་གཏུམ་དྲག་ཅན་ཞིག་ཏུ་གྱུར་བས། འབངས་ཀྱིས་ངོ་ལོག་ཅིང་གཉེན་གྱིས་བྲལ་དགོས་པའི་གནས་སུ་ལྷུངས། དེ་བས་ཐབས་སྐྱོ་བ་ཞིག་ནི་སྔོན་ཆད་སྙིང་ནས་བརྩེ་བའི་མཛའ་མོ་དེ་དམག་སར་རང་གི་དགྲ་བོར་གྱུར་བ་དེ་རེད།

    དམག་འཁྲུག་ཁྲོད་ཀྱི་རྒྱལ་ཁས་རྒྱལ་སྲས་ཨ་ཤོ་ཀར་ཡོད་ཚད་ཐོབ་ཏུ་བཅུག་ལ། ཁོང་གི་ཡོད་ཚད་ཀྱང་ཤོར་ཏུ་བཅུག

    མཇུག་མཐར། རྡོ་ཕོག་པའི་བྱིའུ་ལྟ་བུར་གྱུར་བའི་རྒྱལ་སྲས་ཨ་ཤོ་ཀ་འཇིག་རྟེན་བྱ་བ་ཡོད་དོ་ཅོག་ལ་ཞེན་པ་གཏིང་ནས་ལོག་པས་རབ་ཏུ་བྱུང་སྟེ་རྨ་བྱ་རྒྱལ་རབས་ལ་དབང་བསྒྱུར་མཚམས་འཇོག་གནང་མཛད་པ་རེད།

 

དཔྱད་གཏམ།

    རྒྱལ་པོ་ཨ་ཤོ་ཀ་ནི་ཆོས་རྒྱལ་མྱ་ངན་མེད་ཡིན་ཞིང་།  ཁོང་ནི་རྒྱ་གར་གྱི་ལོ་རྒྱུས་ཐོག་ཏུ་སྐད་གྲགས་ཡོད་པའི་རྒྱལ་པོ་ཞིག་ཡིན་པ་མ་ཟད་རྗེས་སུ་སངས་རྒྱས་བསྟན་པ་སྐྱོང་མཁན་ཞིག་ཏུ་ཆགས་པའི་སྐོར་ཚང་མས་མཁྱེན་པ་ལྟར་ཡིན་འདུག་ལ།  གློག་བརྙན«ཆོས་རྒྱལ་མྱ་ངན་མེད»ཞེས་པ་འདི་ནི་ལོ་རྒྱུས་ཀྱི་དོན་དངོས་འདི་གཡར་ནས་དེ་དང་འབྲེལ་བའི་བརྩེ་དུང་གི་སྐོར་བྲིས་པའི་ལྟད་མོ་ཤིན་ཏུ་ཆེ་བའི་གློག་བརྙན་ཞིག་རེད།

629f04c905ced2f30485a5b602ff1f6346c38bf2.jpg

     ལོ་རྒྱུས་ཀྱི་དུམ་མཚམས་རེ་དང་། དམག་འཁྲུག་གི་དུམ་མཚམས་རེ། བརྩེ་དུང་གི་དུམ་མཚམས་རེ་དང་། སྙན་དབྱངས་དུམ་མཚམས་རེ་རེ་ལས་གྲུབ་པའི་གློག་བརྙན་འདི་ལས་ངེད་ཚོ་ལྟ་ཁྲོམ་པ་ཚོར་མིག་གི་ལོངས་སྤྱོད་གྲ་རྒྱས་པོ་ཞིག་སྦྱིན་པ་མ་ཟད་བསམ་གཞིགས་ཀྱི་བར་སྣང་ཡང་ཤིན་ཏུ་ཆེ་བ་ཞིག་གནང་གིན་འདུག

    ཆོས་རྒྱལ་མྱ་ངན་མེད་ཀྱིས་ན་ཆུང་སྐབས་སུ་དབང་ཆ་མཚོན་པའི་དཔའ་དམ་འཁྱེར་འགྲོ་དུས་སྤོ་བོ་ལགས་ཀྱིས་ཁོང་ལ་དེ་ནི་དཔའ་དམ་མིན་པར་གདོན་འདྲེ་ཡིན་པར་གསུངས། འོན་ཀྱང་ཁོང་གིས་ཕྱག་ནང་གི་དཔའ་དམ་གློད་མེད། དེ་ལས་ཁོང་གི་སྐུ་ཚེ་གང་པོའི་སྐྱིད་སྡུག་གཏན་ལ་འཁེལ་བ་རེད།

རྒྱལ་པོའི་ཕོ་བྲང་དང་ཁ་བྲལ་བ་དང་མཛའ་མོ་ཁ་ཝ་ཆི་འཕྲད་པ། ཡུམ་ཆེན་ནད་ཀྱིས་མནར་བ་དང་ཁ་ཝ་ཆི་འདས་གྲོངས་ཟིན་པའི་གནས་ཚུལ་གོ་བ། བཙུན་མོ་གཉིས་པ་ལེན་པ་དང་ཡུམ་ཆེན་གཅེན་པོས་མངགས་པའི་ཤན་པའི་རལ་གྲིའི་འོག་ཏུ་འདས་གྲོངས་སུ་གྱུར་པ། རང་ཉིད་ཀྱིས་དམག་དཔུང་གི་སྣེ་ཁྲིད་ཅིང་ཡུལ་ལུང་མང་པོར་གནོད་འཚེ་བཏང་བ། མཐའ་མར་རང་གི་མཛའ་མོ་དང་གཡུལ་སར་དགྲ་ཁ་གཏད་དུ་ལངས་དགོས་བྱུང་བ་་་་་་

    ཡོད་ཚད་ཀྱི་ཡོད་ཚད། སྤོ་བོ་ལགས་ཀྱིས་གསུངས་པ་ལྟར་གདོན་འདྲེ་དང་མཚུངས་པའི་དཔའ་དམ་འདིས་བཟོས་པ་དང་འདྲ། མཐར་ཆོས་རྒྱལ་མྱ་ངན་མེད་ཀྱིས་དབང་ཐང་མཚོན་པའི་དཔའ་དམ་འདི་མཚེའུའི་གཏིང་དུ་གཡུགས་ཤིང་དབུ་སྐྲ་བསིལ་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་།  འོ་ན་ཆོས་རྒྱལ་མྱ་ངན་མེད་ཀྱིས་བོར་སྟོར་སོང་བ་གང་ཡིན་ནམ་ཞེ་ན་བརྩེ་དུང་དངོས་དང་དབང་ཆ་དངོས་ཡིན་སྲིད་ཅིང་། ཁོང་ལ་ཐོབ་པ་གང་ཡིན་ཟེར་ན། ཟད་མཐའ་མེད་པའི་སྡུག་བསྔལ་དང་། ནམ་ཡང་སྐྱིན་ཚབ་འཇལ་མི་ཐུབ་པའམ་གཤགས་པར་དཀའ་བའི་སྡིག་པ་དག་ལས་གཞན་དུ་ཅི།

   ཐོབ་ཤོར་དང་རྒྱལ་ཕམ་གྱི་འགྲན་རྩོད་ཁྲོད་ང་ཚོས་ཡང་སྙིང་ཅི་ཞིག་ལ་བརྩོན་བཞིན་ཡོད་དམ། ཧ་ཅང་ལྐོག་གྱུར་དང་ཆེས་མཐར་ཐུག་གི་དམིགས་ས་ག་རེ་ཡིན་པ།

རྩོམ་སྒྲིག་པ། བློ་བཟང་རྒྱ་མཚོ།


དཔྱད་མཆན་ཡོད།