དཔའ་བོ།

ནང་དོན་མདོར་བསྡུས།

ཨ་སྒང་ཡར་རྒྱས།

     ཀྲན་གོའི་དུས་མཇུག་ཏུ། ཡཱན་དང་ཀྲའོ་དང་ཁྲུའུ་དང་ཧྭན་དང་ཝེ་དང་ཆི་དང་ཆིན་སོགས་རྒྱལ་ཕྲན་བདུན་པོ་དུས་མཉམ་དར་རྒྱས་སུ་སོང་།  དེ་ལས་ཆིན་ནི་ཆེས་སྟོབས་ལྡན་གྱི་རྒྱལ་ཕྲན་ཡིན་པས།  ཆིན་ཧྲི་ཧོང་གིས་གནམ་འོག་དབང་དུ་བྱ་འདོད་ཀྱི་ཧམ་ཤེད་ག་ལེར་མཐའི་རྒྱལ་ཕྲན་དག་ལ་བསྐྱངས། དེས་ཕྱིར་ཆིན་ནི་ཉེ་འཁོར་གྱི་རྒྱལ་ཕྲན་ཀུན་ལ་འགལ་བས་དགྲ་རུ་འཛིན་མཁན་ཇེ་མང་དུ་སོང་ཞིང་།  ཆིན་གོང་མ་འགུམས་འདོད་ཀྱི་དཔའ་བོ་ཁག་ཅིག་གིས་ཀྱང་མངོན་ལྐོག་གང་རུང་ནས་གྲི་རྩེར་འདྲེན་རྒྱུའི་སྟ་གོན་བཤམ། དེ་ལས་ཀྲའོ་རྒྱལ་ཁབ་ཀྱི་ལྐོག་གསོད་པ(残剑 飞雪 如月 长空)བཅས་ནི་གཅིག་ལ་གཉིས་མེད་ཀྱི་དྲག་རྩལ་པ་ཤ་སྟག་ཡིན་པས།  གནས་བབ་དེ་འདྲས་ཆིན་ཧྲི་ཧོང་གི་མཚན་མོའི་གཉིད་ཀྱི་བདེ་བའང་འཕྲོག་སོང་ཞིང་། ནམ་ཡང་བག་ཟོན་དང་དངངས་ཞེད་འདྲེས་མའི་འོག་ཏུ་འཚོ་བ་རོལ་དགོས་པར་གྱུར།

     ཉིན་ཞིག་གོང་མའི་སྙན་དུ་ཚན་ཅན(残剑)སོགས་མིང་ལ་མིང་མེད(无名)དུ་འབོད་པའི་རང་གི་མངའ་ཞབས་གྱི་དཔའ་ཐུལ་ཞིག་གིས་བཀྲོངས་ཡོད་པ་གོ་ནས་ཧ་ཅང་ཐུགས་མཉེས་པར་གྱུར་ཞིང་།  མྱུར་མོར་དཔའ་རྟུལ་ཁོང་ཕོ་བྲང་དུ་བོས་ནས་མཇལ་ཁ་ཞུ་དགོས་པའི་བཀའ་བཏང་། འོན་ཀྱང་གོང་མ་ནི་ནམ་ཡང་གོང་མ་རང་སྟེ།   དོན་ཕྲན་རེ་གཉིས་ལ་དགའ་ཚོད་སྡུག་ཚོད་མི་ཟིན་པའི་གང་ཟག་ཕལ་མོ་བ་དང་གཞར་ཡང་མི་འདྲ་བས། མིང་མེད་ལ་མཇལ་འཕྲད་སྐབས་ཀྱང་གོང་མས་ཡིད་འཇོག་དང་བག་ཟོན་གྱི་རྣམ་རྟོག་མ་ལྷོད་པ་བྱས།

     དོན་དུ་མིང་མེད་ཀྱང་ཀྲའོ་རྒྱལ་ཁབ་ཀྱི་ལྐོག་གསོད་པ་ཞིག་སྟེ། གཏམ་འཁྱར་དང་རྫུན་བཟོ་ལ་བརྟེན་ཏེ་ད་གཟོད་གོང་མའི་སྐུ་དྲུང་དུ་བཅར་ཐུབ་པ་བྱུང་བ་ཞིག་ཀྱང་།  འོན་ཀྱང་ཏག་ཏག་གྲི་ངར་ཕྱུང་ནས་བསྣུན་ཙམ་གྱིས་ཆིན་ཧྲི་ཧོང་འཆི་ལམ་དུ་བརྫངས་ཆོག་པའི་གོ་སྐབས་ཤིག་ལ་ཁོ་རང་ཕྱི་ནུར་བྱས་པ་སྟེ།  རྒྱུ་མཚན་ནི་ཁོ་རང་གིས་ཆིན་ཧྲི་ཧོང་ཁོ་ནས་གནམ་འོག་གཅིག་གྱུར་དང་འགྲོ་མི་བདེ་ལ་འགོད་ཐུབ་པར་ངེས་ཤེས་རྙེད་སོང་བས་རེད།  ཐ་མར་མིང་མེད་ཁོང་སྐུ་སྲུང་དམག་གི་མདའ་མོ་ཁྲི་མ་འབུམ་ལ་བྱོལ་བ་མེད་པར་གྲོངས། 


 ༓དཔྱད་གཏམ།

      རྒྱ་ནག་གི་གློག་བརྙན་ལ་ནང་རྒྱུས་ཅུང་ཟད་ཡོད་མཁན་ཞིག་ཡིན་ན«དཔའ་བོ»ལ་ལྟ་མྱོང་མཁན་ཞིག་དང་ཡང་ན«དཔའ་བོ»དང་འབྲེལ་བའི་གནས་ཚུལ་ལ་ཤས་ཅིས་ཀྱང་གོ་མྱོང་མཁན་ཞིག་ཡིན་ངེས།  རྒྱུ་མཚན་ནི«དཔའ་བོ»ཡིས་འཛིན་ཁེ་དུང་ཕྱིར2.5ལ་བརྟེན་ནས་རྒྱ་ནག་ནང་ཁུལ་གྱི་ཆེས་མཐོའི་འཛིན་ཁེ་ཡི་ཟིན་ཐོ་བཀོད་པ་དང་། རྒྱལ་སྤྱིའི་འཛིན་ཁེའི་སྟེང་ནས་ཀྱང་་རྒྱའི་གློག་བརྙན་ལ་ད་ལྟའི་བར་དུ་འཛིན་ཁེ་ཐོབ་ཚད་ཆེས་མང་པོ་དེར་གྱུར་ཡོད་པ་རེད། མ་ཟད་གློག་བརྙན་འདི་ནི་ཕབ་སྐྲུན་འགོ་འཛིན་དུས་ནས་ད་ལྟའི་བར་མཚམས་འཇོག་མ་མྱོང་བའི་གློག་བརྙན་རྩོད་གཞི་ཅན་ཞིག་ཡིན་པ་དང་།  དྲང་ལྡོག་གཉིས་ཆ་ནས་གནས་ལུགས་ཡོད་མེད་ཀྱི་སྐད་ཆ་གང་མང་མང་ཞིག་གིས«དཔའ་བོ»དེ་ཚ་ཚ་འུར་འུར་དུ་བཏང་བས། བར་སྐབས་ཤིག་རིང«དཔའ་བོ»ནི་རྒྱ་མི་རྒན་གཞོན་མེད་པར་ཁ་ལ་རྒྱུགས་ཆེ་བའི་གླེང་གཞི་ཨ་གསར་ཅན་ཞིག་ཏུ་གྱུར་བ་རེད།

      འོན་ཀྱང་ཧ་ལས་དགོས་པ་ཞིག་ནི«དཔའ་བོ»ལ་དཔྱད་བརྗོད་བྱེད་མཁན་ལས་མང་ཆེ་བ་ནི«དཔའ་བོ»ལ་དགག་པ་གཏོང་མཁན་དང་ཡང་ན་ངན་སྨྲས་ཁོ་ན་བྱེད་མཁན་རེད་མོད། དེས་ནི«དཔའ་བོ»རང་ངོས་ཀྱི་འགྲོ་ལམ་ལ་བཀག་རྐྱེན་གང་ཡང་མ་ཞུས་པ་མ་ཟད་ལྡོག་ཏེ་ནུས་པ་ཐོན་སོང་ཟེར་ལ། རྒྱའི་རྩོམ་གཞུང་དང་མཛེས་རིག་སྨྲ་བ་ཝང་ཡི་ཁྲན་གྱིས་ཀྱང་ཧ་ལས་ཉམས་གྱིས“མི་རྣམས་ཀྱིས«དཔའ་བོ»ལ་ལྟ་རིན་མི་འདུག་རིན་ཐང་མི་འདུག་ཞེས་ངན་བཤད་ཇི་ཙམ་བྱས་པ་ཡིན་ན་མི་རྣམས་དེ་ལྟར་དུ་གློག་བརྙན་ཁང་དུ་ཞོགས་འགྲོ་ཡི་འདུག”ཞེས་གསུངས། «དཔའ་བོ»ཀྱི་སྣང་ཚུལ་འདི་གཅིག་བྱས་ན་དེང་རབས་འཕྲིན་སྦྱོར་སྡེ་ཁག་གིས་ཕྱོགས་གཉིས་ནས་དྲང་བཤད་དང་འཁྱོག་བཤད། ཡམས་བཤད་དང་སྒྲོ་འདོགས་སོགས་ཀྱི་མཇུག་འབྲས་ཤིག་སྟེ། མི་ཁས་བཀྱགས་ནས་ལམ་དུ་ལྷོངས་སོང་བའི་གློག་བརྙན་ཞིག་དང་མཚུངས་ནའང་དོན་གྱིས་དེ་འདྲ་ཁོ་ན་ནི་གང་ནས་ཡིན་ཏེ་མ་ཡིན་ནོ། ། རྒྱུ་མཚན་ཟེར་ན། ཐོག་མར«དཔའ་བོ»ཡི་བརྙན་རིས་མངོན་སྟངས་དང་ཡིད་བརྙན་འགོད་སྟངས་འདིས་རྒྱ་ནག་གི་སྔ་མའི་གློག་བརྙན་མཛེས་རིག་ལ་འགྲམ་ལྕགས་ཚ་ནན་ཅིག་གཞུས་ཡོད་ཤག་རེད་དེ། མཐོང་ཚོར་སླར་མཚོན་རང་བཞིན་གྱི་མཛེས་རིག་དམིགས་སུ་ཁྱེར་བའི་སྲོལ་རྒྱུན་གློག་བརྙན་ལ་དུས་དང་མཚམས་པའི་སློབ་ཐུན་ཐེངས་ཤིག་འཚོགས་སོང་ཟེར་ནའང་ཆོག་འདུག་སྙམ། 

      དེ་ན་ཅི་ཞིག་ལ་མཐོང་ཚོར་སླར་མཚོན་རང་བཞིན་གྱི་གློག་བརྙན་ཟེར་ཞེ་ན། དེ་ནི་ངོ་བོའི་ཆ་ནས་རྩོམ་རིག་གཞུང་ལུགས་ཁྲོད་ཀྱི་སླར་མཚོན་དང་འདྲ་བོ་ཡོད་ལ། རྒྱ་ནག་ཏུ་གཙོ་བོ་འཁྲབ་ཁྲིད་པ་མི་རབས་གསུམ་པ་དང་བཞི་བའི་དུས་སུ་ཆེས་ཆེར་དར་བ་ཞིག་ཡིན་འདུག་ཅིང་། ཕྱི་རོལ་བྱ་དངོས་ཀྱི་གནས་སྟངས་ཇི་མ་བཞིན་དུ་ཞིབ་འབྲི་བྱ་བ་དང་སྤྱི་ཚོགས་འཚོ་བ་དངོས་དེ་དམར་དམར་རྗེན་རྗེན་དུ་སླར་མཚོན་བྱ་བ་ལས། དེ་ལ་རང་སྣང་ཡུལ་གྱི་ཆགས་སྡང་གང་གིས་གཡའ་མ་གོས་པ་ཞིག་དགོས་པ་དང་། བརྙན་རིས་ནི་བྱ་དངོས་ཀྱི་རང་བཞིན་ངོ་མ་བོ་མཚོན་བྱེད་ཀྱི་ལག་ཆ་ཞིག་མ་གཏོགས་དེ་ལ་ཁེར་ཚུགས་ཀྱི་མངོན་སྟོབས་དང་རིན་ཐང་གང་ཡང་མེད་པར་འདོད།  འདི་ལྟ་བུའི་ལད་ཟློས་སྨྲ་བའི་མཛེས་རིག་གཞུང་ལུགས་ཀྱིས་ནི་གློག་བརྙན་དེ་མེ་ལོང་ལྟ་བུ་ཞིག་དང་། སྣང་ཚུལ་དག་ཇི་ལྟ་ཇི་ལྟར་ཡོད་པ་དེ་ལྟ་དེ་ལྟར་འབྲི་བཞེངས་དགོས་པར་འདོད། འོན་ཀྱང«དཔའ་བོ»ཡི་འཁྲབ་ཁྲིད་པ་ཀྲང་དབྱི་མོའུ་ཡིས་ནི་མཛེས་རིག་ལྟ་བ་འདི་རྦད་དེ་རྒྱབ་བསྐྱུར་གནང་འདུག

     ཁོང་གི་སྟ་གོན་འདི«དཔའ་བོ»འི་སྔོན་གྱི«ས་སེར»ལས་བལྟས་ཙམ་གྱིས་མཐོང་ཐུབ། ཀྲང་གིས་ནི་གློག་བརྙན་བརྙན་རིས་ལ་རང་ཉིད་ཀྱི་ཚེ་སྲོག་དང་རིན་ཐང་ཚུགས་ཐུབ་ཅིག་ཡོད་འོས་པར་འདོད་པ་དང“རྣམ་པ་ནི་ནང་དོན་ནོ”ལྟ་བུའི་བརྙན་རིས་རང་ངོས་ཀྱི་མངོན་སྟོབས་ཤུགས་ཆེར་བསྟན་སོང་། དཔེར་ན«ས་སེར»ནང་དུ་ཞ་པེ་མཐོ་སྒང་གི་རི་བོ་འཆར་ནས་ཡོང་དུས་སྐད་ཅིག་ཉིད་ལ་ང་ཚོའི་མིག་དབང་འཕྲོག་འགྲོ་བ་ནི་དེ་ཡི་ཁ་དོག་སྟེ། སེར་ལམ་ལམ་གྱི་ཡུལ་ལྗོངས་རེད། ཁ་དོག་འདི་ལྟ་བུ་ཞིག་བཏོད་ཆེད་ཕབ་སྐྲུན་སྐབས་དུས་རྒྱུན་གནམ་གཤིས་དྲོ་གྲང་དང་འོད་ཀྱི་འཕྲོ་འདུ། རླུང་གི་རྒྱུ་ཕྱོགས་སོགས་ཡུལ་དུས་འཚམས་ལ་རན་པ་ཞིག་སྒུག་དགོས་པ་དང་ད་དུང་དེ་ལ་ལག་རྩལ་གྱི་ཆ་ཤས་ཀྱང་ཚང་དགོས་ཀྱི་རེད། དེས་རྐྱེན་དངོས་པོའི་རྒྱུན་ཆགས་ཀྱི་གནས་སྟངས་དང་བརྙན་ངོས་ཀྱི་རྣམ་པའི་བར་ཁྱད་པར་ཡོང་གི་ཡོད་མོད། གློག་བརྙན་གང་དེ་སྒྱུ་རྩལ་གྱི་རྣམ་གྲངས་ཤིག་ཡིན་ཙ་ན་བར་ཁྱད་དེས་བརྙན་རིས་རང་ངོས་ཀྱི་བདེན་པ་ལ་གནོད་པ་གང་ཡང་འགྲོ་གི་མ་རེད། མ་ཟད་ཁ་དོག་གི་རྒོལ་ཤུགས་དེས་མཐོང་ཚོར་ལ་ཟུག་རྔུ་གཏོང་བའི་ཞར་དུ་བརྙན་རིས་རང་སྟོབས་ཀྱི་ཡིད་བརྙན་ཆ་འཇོག་འཕེར་བ་ཞིག་མངོན་ཐུབ་ཀྱི་ཡོད། དཔེར་ན«དཔའ་བོ»འི་ནང་དུ་མདའ་འཕེན་པ་དང་ཆར་འབབ་པ།  སྡོང་ལོ་འཐོར་བ་སོགས་བཀོད་པའི་བརྙན་རིས་དག་ལས་ང་ཚོས་ཆར་ཐིག་གཅིག་ས་ལ་ཟག་པའི་གོ་རིམ་ཆ་ཚང་མྱོང་ཐུབ་པ་དང་སྡོང་ལོ་རེ་རེའི་འཕྱོ་སྟབས་དང་ཁ་དོག་གི་འགྱུར་བ་སོགས་ཀྱིས་ང་ཚོའི་མཐོང་ཚོར་ལ་ཧ་ལས་པའི་བདེ་སྣང་སྟེར་བའི་ཁར་སྙན་ངག་གི་ཁམས་ལྟ་བུའི་ཡིད་ཀྱི་མྱོང་བའང་ཇི་དགར་སྟེར་ཡོང་། དེ་ཡང་རྒྱའི་རྩོམ་རིག་སྨྲ་བ་ཝང་ཡི་ཁྲན་གྱིས་གློག་བརྙན་འདི་ལ་ལྟ་མྱོང་མཁན་གྱི་སློབ་ཆེན་པ་མང་པོར་རྩད་འདྲི་ཞིབ་བསྡུར་བྱས་ཡོང་དུས་གློག་བརྙན་འདིའི་མཐོང་ཚོར་ཡག་འདུག་ཟེར་མཁན66.2%དང་།  བརྗོད་བྱ་དང་རྗོད་བྱེད་ཆ་མི་འགྲིག་པར་འདོད་མཁན་39.3%། གློག་བརྙན་འདིའི་ཚོང་ལས་སྒྲིག་འགོད་བཟང་འདུག་སྙམ་མཁན11.7%ཡོད་པ་རེད། འདི་ལས་ང་ཚོས་མཐོང་ཐུབ་པར་གློག་བརྙན་འདི་ཇི་འདྲའི་རྩོད་ཉོག་ཅན་ཞིག་དང་འདི་ལ་དམའ་ཕབ་མཁན་ཇི་འདྲ་མང་ན་ཡང་། མཐོང་ཚོར་གྱི་ཆ་ནས«དཔའ་བོ»ཁས་ལེན་བྱེད་མཁན་ནི་མང་པོ་ཡོད་འདུག་པ་རེད། ཝང་གིས“མི་རྣམས་ཀྱིས་«དཔའ་བོ»ལ་གདེང་འཇོག་བཟང་ངན་ཅི་བྱས་ཀྱང་རུང་། རྩོད་དུ་མེད་པ་གཅིག་ནི་དཔའ་བོ་ཀྱིས་ང་ཚོའི་སྔ་ཡོད་ཀྱི་མཛེས་རིག་ལྟ་བ་ལ་རྒོལ་རྡུང་བཏངས་ཤིང་།  དེ་ཡིས་ང་ཚོའི་རྒྱུད་ཀྱི་སྒྱུ་རྩལ་ལྟ་བ་དང་མཛེས་རིག་མོས་ཁམས། རིག་གནས་ལྟ་བ་སོགས་ལ་སྔ་ན་བྱུང་མ་མྱོང་བའི་འགྲན་བསླངས་ཡོད”ཅེས་བཤད།

      མདོར་ན«དཔའ་བོ»ཡིས་ཐུན་མིན་གྱི་སྒྱུ་རྩལ་མངོན་ཐབས་ཤིག་སྙེག་ཏེ་ལྟད་མོ་བར་མཐོང་ཐོས་གོ་གསུམ་གྱི་མྱོང་བ་སྔ་ན་མེད་པ་ཞིག་སྟེར་འདུག་ཅིང་། གླུ་བརྒྱ་གདངས་གཅིག་གི་ནང་ནས་རང་ཉིད་ཀྱི་ང་རོ་མི་འདྲ་བ་ཐེངས་ཤིག་བསྒྲགས་སོང་བ་ནི«དཔའ་བོ»ཡི་དགེ་མཚན་གཙོ་བོ་རེད་དོ།།


གོང་གི་བརྙན་དཔྱད་ལས་ཐོན་པའི་བརྡ་ཆད་ཁ་ཤས།

  • རྒོལ་ཤུགས 冲击力

  • མཐོང་ཚོར་སླར་མཚོན་གྱི་མཛེས་རིག 视觉再现性美学

  • མཐོང་ཚོར། 视觉

  • གློག་བརྙན་མཛེས་རིག 电影美学

  • རིག་གནས་བརྡ་རྟགས། 文化符号

  • འཕྲིན་སྦྱོར། 媒体

དཔྱད་མཆན་ཡོད།