བང་རྩལ།

ནང་དོན་མདོར་བསྡུས།

དཔལ་གྲགས།

      བརྗོད་དོན་འདི་ནི་ཨ་རིའི་ཉམས་རྒུད་ཆེན་པོའི་དུས་སྐབས་སུ་བྱུང་བའི་གཏམ་རྒྱུད་དངོས་མ་ཞིག་རེད།  དང་ཐོག་ཆཱལ་ཟི་ཧོ་ཝི་ཌི( Jeff Bridgeཡིས་འཁྲབ)ནི་ལྕགས་ལྟ་ཞིག་གསོ་བ་ཞིག་ཡིན་མོད་ཨ་རུའི་ནུབ་རྒྱུད་དུ་རླངས་འཁོར་དབོར་འདྲེན་བྱས་པས་རྒྱུ་ཐོག་ཏུ་བརྒྱབ།  ཧོ་ཝི་ཌིས་མིང་ལ〝རྒྱ་མཚོའི་གོར་སྐམ〞ཟེར་བའི་རྟེའུ་ཞིག་ཉོས་ཤིང་།  ཁོས་མིག་གཡས་པ་ཞར་བའི་ཁུ་ཚུར་བ་རོས་ཌི་ཕོ་ལཱ་ཌི(Tobey Maguire་གྱིས་འཁྲབ) དང་རྟའི་ཁ་ལོ་འདུལ་མཁན་ཐྲོམ་སི་མེ་སི(Chris Cooperགྱིས་འཁྲབ)གཉིས་ཀྱི་རོགས་རམ་དང་རམ་འདེགས་འོག〝རྒྱ་མཚོའི་གོར་སྐམ〞རྒྱུག་རྟ་མཆོག་གྱུར་ཞིག་ཏུ་བཏུལ།  དུས་དེ་ནས་བཟུང〝རྒྱ་མཚོའི་གོར་སྐམ〞དང་ཁོ་ཚོ་གསུམ་པོས་ངོ་མཚར་བའི་རྒྱལ་ཁམས་སྐོར་འགོ་བརྩམས། ཁོ་ཚོའི་རང་གི་བློ་བརྟན་འགྱུར་མེད་ཀྱི་གཤིས་ཀ་ད་རྣམ་དག་བརྩེ་བའི་སེམས་རྒྱུད།  རྡོ་རྗེ་དམ་ཚིག་གི་བློ་སྦྱོང་བཅས་ཀྱིས་ངོ་མཚར་བའི་གཏམ་རྒྱུད་ཅིག་བཞེངས་བསྐྲུན་བྱས་ཡོད།

      ཡར་སྔོན་དུ་ཧོ་ཝི་ཌི་དང་ཕོ་ལཱ་ཌི།  སི་མེ་སི་ཚང་མ་འཚོ་བའི་ཁྲོད་དུ་ཕམ་ཁ་མི་ཉུང་བ་རག་ཅིང་དུས་རྒྱུན་མགོ་བོ་སྨད་འདུག་པ་ཤ་སྟག་ཡིན་ཏེ་ཁྱིམ་མི་དང་གྲོགས་པོས་གནོང་འགྱོད་དང་ཐེ་ཚོམ་སྤུ་ཙམ་མེད་པར་རྒྱང་དུ་བསྐྱུར་བས་སོ་སོའི་རྨི་ལམ་མངོན་འགྱུར་བྱེད་ཐབས་བྲལ་སོང་།  ཧོ་ཝི་ཌི་ནི་རླངས་འཁོར་ལ་བརྟེན་ནས་རྒྱུ་ཐོག་ཏུ་བརྒྱབ་མོད།  རླངས་འཁོར་གྱི་དོན་རྐྱེན་ཁྲོད་དུ་བུ་ཆུང་གི་ཚེ་སྲོག་ཤོར་ཞིང་ཆུང་མས་ཀྱང་གཉེན་འཐོར་གྱི་རེ་བ་བཏོན།  མུ་གེ་ཆེན་པོའི་དུས་སྐབས་སུ་ཁོ་ལ་དེ་ལས་ལྷག་པའི་དཔལ་འབྱོར་གྱི་གྱོང་གུད་ཆེན་པོ་ཐེབས།  ཕོ་ལཱ་ཌི་ནི་ཆུང་དུས་ནས་བཟུང་རྟ་བཞོན་རྒྱུར་དགའ་ཞིང་ལོ་ཤིན་ཏུ་གཞོན་དུས་ནས་ཕ་མས་བློས་དོར།  ཁོ་རང་ཁོང་ཁྲོ་སྐྱེ་སླ་ཞིང་གནས་ངེས་མེད་དུ་ལྡོམ་ནས་བསྡད་ཡོད་ལ་ཁུ་ཚུར་ནི་ཁོའི་ཁོང་ཁྲོ་ཞུ་བྱེད་ཀྱི་ལག་ཆ་ཁོ་ན་ཡིན།  སི་མེ་སི་ནི་གར་འགྲོ་གར་འདུག་མེད་པའི་རྟའི་ཁ་ལོ་འདུལ་མཁན་ཞིག་ཡིན།  ཁོས་རང་གི་གནས་སྟངས་ལ་ཁ་ཡ་དང་དོ་སྣང་དེ་ཙམ་མི་བྱེད་མོད་སྲོག་ཆགས་ལ་ནི་རྟག་ཏུ་བྱམས་བརྩེའི་མིག་ཟུང་གིས་ལྟ་སྐྱོང་མཛད་ངེས།  དང་ཐོག་རྒྱ་མཚོའི་གོར་སྐམ་ཡང་ཁོ་ཚོ་དང་འདྲ་བར་གཟུགས་བོང་ཆུང་བའི་རྟ་རྒན་ཟག་ཟག་ཅིག་ཡིན་ལ་རྒྱུན་དུ་རྡུང་རྡེག་མྱངས་པས་རིན་ཐང་ཟེར་བ་ཅི་ཡང་མི་འདུག  ཡིན་ནའང་།  ཁོ་ཚོའི་ལྷན་སྐྱེས་ཀྱི་གཤིས་ཀ་དེར་བརྡབ་གསིག་གི་འཕར་རྩ་ཅི་འདྲ་རྒོད་ཀྱང་འགྱུར་བ་སྤུ་ཙམ་ཡང་བཏང་མི་འདུག་ལ།  ཁོ་ཚོའི་བརྟན་བརླིང་འགྱུར་མེད་ཀྱི་གཤིས་ལུགས་དེ་དང་བརྩོན་པ་ཧུར་ལེན་གྱི་རྒྱལ་ཁ་གསོན་པོ་དེས་ངར་ཤུགས་དང་སྤོབས་སེམས་ཡོངས་སུ་བྲལ་བའི་རྒྱལ་ཁབ་ཀྱི་ས་གཞི་ཆེན་མོར་རེ་བ་གསར་བའི་སྐྱ་རེངས་ཀྱི་སྔོན་བརྡ་བསྩལ།


༓ དཔྱད་བརྗོད།

      འདི་ནི་ཡར་སྐུལ་རིགས་ཀྱི་གློག་བརྙན་ཞིག་རེད་ལ་གཏམ་རྒྱུད་དངོས་ཤིག་ཀྱང་ཡིན་ཏེ།  དུས་རབས་གོང་མའི་ལོ་རབས30བའི་ནང་གི་ཨ་རིའི་དཔལ་འབྱོར་ཉམས་རྒུད་ཆེན་མོའི་དུས་སྐབས་སུ་བྱུང་བའི་གཏམ་རྒྱུད་དངོས་མ་ཞིག་ཁུངས་སྣེ་བྱས་ཏེ་བཅོས་པ་ཞིག་ཡིན་ལ།  དེའི་ནང་ཛ་དྲག་རྒོད་པའི་རྟ་གཤིབ་ལས་ཨང་དང་པོ་ཐོབ་པའི་གཡང་རྟ་ཞིག་དང་དེའི་བདག་པོ།  འདུལ་སྦྱོང་མཁན་བཅས་བར་གྱི་གཏམ་རྒྱུད་ཅིག་བརྗོད་ཡོད།  སྐབས་དེར་ཁོའི་ཚོའི་ངོ་མཚར་བའི་བྱ་བ་དེས་ཨ་རི་བའི་དམངས་སེམས་ལ་གཡོ་སྐྱོམ་དྲག་པོ་ཐེབས་སུ་བཅུག་པར་མ་ཟད་ཁོང་ཚོར་དཔལ་འབྱོར་གྱི་ཉམས་རྒུད་ལས་ཐར་བའི་སྐུལ་མའང་ཐེབས།

      རོས་ཌི་ཕོ་ལཱ་ཌི་ཡིས་ཆུང་དུས་ནས་བཟུང་རྟ་རྩལ་པ་ཞིག་ཏུ་འགྱུར་བའི་ཕུགས་བསམ་བཅངས་ཡོད།  ཡིན་ནའང་འཚོ་ཚིས་ཀྱི་ཕྱིར་དུ་ཁུ་ཚུར་ལ་བརྟེན་ནས་ཕྱོགས་བཞིར་འཁྱམས་དགོས་བྱུང་ལ།  ཡིད་སྐྱོ་བ་ཞིག་ལ་མིག་གཡས་པའང་ཞ་རར་བཏང་།

      ཧོ་ཝི་ཌི་ནི་རླངས་འཁོར་ཚོང་གཉེར་བ་ཞིག་ཡིན་ལ།  རླངས་འཁོར་གྱི་ཉོ་ཚོང་ལ་བརྟེན་ནས་རྒྱུ་ཐོག་ཏུ་བརྒྱབ།  སྦྱོང་བརྡར་སྤྲོད་མཁན་སི་མེ་སི་རང་ཉིད་ནི་སྔར་ནས་ཕྱུགས་སྐྱོང་བ་ཞིག་ཡིན་པ་མ་ཟད།  གར་འགྲོ་གར་འདུག་མེད་པའི་འཁྱམ་པོ་ལྡོམ་པོ་ཞིག་ཀྱང་ཡིན།  ཡིད་སྨོན་སྐྱེ་དགོས་པ་ཞིག་ལ་ནི་རྟ་རྒོད་མཐུར་མེད་ཅིག་ཡིན་ཡང་ཁོའི་ལག་འོག་ནས་ཤོར་ས་དང་ཐར་སྲོལ་མེད། 〝རྒྱ་མཚོའི་གོར་སྐམ〞བཙས་མ་ཐག་ལག་པ་གཉིས་ཅུང་གུག་འདུག་རྐྱེན་སྦྱིན་བདག་གིས་གཤིབ་རྟ་ལེགས་པོ་ཞིག་མིན་པར་སེམས་ཀྱིས་ཐག་བཅད་ནས་སྦྱོང་བརྡར་གང་ཡང་མ་སྤྲད་ལ་གསོ་སྐྱོང་ལེགས་པོ་གང་ཡང་མ་བྱས།  ལག་ཆགས་པའི་གོ་རིམ་ཁྲོད་གཤིབ་ར་ཆུང་ཆུང་རེའི་ནང་དུ་རྒྱུག་ཁུལ་བྱས་རུང་ཕམ་ཁ་རྐྱང་རྐྱང་ལས་རྒྱལ་ཁ་བླངས་མྱོང་མེད།

       ཡིན་ནའང་།  འཇིག་རྟེན་གཏམ་གྱི་ཁ་དཔེར་ངན་པ་བཞི་བསྡོངས་ན་བཟང་པོ་གཅིག་གི་གོ་ཆོད་ཅེས་པ་ནང་བཞིན་རེ་བས་སྟོང་བའི་ཕོ་སྐྱེས་གསུམ་དང་རྟ་རྒན་གྱོལ་བོ་ཞིག་བཅས་ལས་སྐལ་གང་རུང་གིས་མཉམ་དུ་འཛོམས་པས།  རེ་བ་དང་ཡིད་ཆེས་ཀྱི་མགོ་བོ་ཡང་བསྐྱར་མི་ཚོགས་ཀྱི་འཚིང་ཁའི་ཁྲོད་ནས་ཡར་དགྱེས་ཤིང་རང་གིས་རང་ལ་སྤོབས་པའི་ངར་ཤུགས་བླ་ལྷག་སྦྱིན།  དེ་བཞིན་སྐྱ་ཆད་སྔོ་སྡུག་གི་ལོ་ཟླ་དེར་ཁོ་ཚོའི་བརྟན་བརླིང་གི་ངང་གཤིས་དང་བློས་དཔོག་དཀའ་བའི་རྒྱལ་ཁ་ཡིས་རྒྱལ་ཁབ་ཡོངས་ཀྱི་ས་གཞི་ཆེན་མོར་རྨི་ལམ་དང་རེ་བའི་སྐྱ་མདའ་བཀྱགས།

       གློག་བརྙན་གྱི་མགོ་བརྩམས་མ་ཐག་ནས་འཚོ་བའི་བརྒྱུད་རིམ་མི་འདྲ་བ་གསུམ་གཞི་གཅིག་ཏུ་བསྣོལ་ནས་ཡོད་དེ།  མཚམས་མེད་པར་བསྣོལ་ཡོང་བའི་ཚོན་མེད་འདྲ་པར་དེ་དག་གིས་དུས་སྐབས་དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མངོན་པར་མཚོན་ཡོད།  ཡིན་ན་ཡང་འཚོ་བ་དང་རྒྱབ་རྟེན་གྱིས་ཡོངས་སུ་དབུལ་བའི་ཕོ་སྐྱེས་གསུམ་མཉམ་དུ་འཛོམས་པ་དེས་ལོ་རྒྱུས་ཀྱིས་བརྗེད་ཐབས་མེད་པའི་ངོ་མཚར་གྱི་མཛད་རྣམ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་བཞེངས་བསྐྲུན་བྱས་ཡོད།  གློག་བརྙན་གྱིས་རླུང་སྤུ་གྲི་ལས་མགྱོགས་པའི་ཅང་ཤེས་སྡེབ་རྒྱུག་གི་གཤིབ་ར་དངོས་དང་།  མི་རྟ་གཉིས་ཀྱི་ཡིད་དུ་འོང་བའི་རང་བྱུང་ཁམས་ཀྱི་མཛེས་རིས་ཡོད་ཚད་ལ་ཚགས་དམ་པས་ཞིབ་འབྲི་བྱས་ཡོད།

       གློག་བརྙན་འདིའི་ཁྲོད་དུ་གཟིགས་མོ་བའི་ཡིད་ཀྱི་དང་བ་ཅིག་ཅར་དུ་འདྲེན་ཞིང་ངོ་མཚར་གྱི་བློ་བསླངས་ཀུན་ནས་སྐྱེ་རུ་འཇུག་དོན་ནི།  གཏམ་རྒྱུད་འདི་རྟོག་བཏགས་དང་བློ་བཟོ་མ་ཡིན་པར་འཚོ་བ་དངོས་ཀྱི་བདེན་པ་ལས་བྱུང་བ་ཞིག་ཡིན་པས་རེད་ལ།  གཏམ་རྒྱུད་དེའི་རྒྱབ་ལྗོངས་ཀྱང་ཏག་ཏག་མུན་ནག་གི་ཉམས་རྒུད་ཆེན་མོའི་དུས་སྐབས་ལ་ཁེལ་འདུག་པས་ཀྱང་ཅི་ནས་མིན་ཏེ་ཏན་ཏན་ཡིན་ངེས་སོ། །


དཔྱད་མཆན་ཡོད།