དེང་གི་དུས་རབས།

ནང་དོན་མདོར་བསྡུས།

    འཛམ་གླིང་གློག་བརྙན་པ་ཆཱ་ཕི་ལིན(Charles Chaplin)གྱིས་འཁྲབ་པའི<དེང་གི་དུས་རབས>ཞེས་པའི་གློག་བརྙན་ནང་དུ་ལོ་རབས་ཉི་ཤུ་པའི་ཨ་རིའི་ཉམས་རྒུད་ཀྱི་དུས་སྐབས་སུ།  ལས་ཤོར་གྱི་ཚད་དམའ་ཞིང་ལས་བཟོ་བའི་གནོན་ཤུགས་ཤིན་ཏུ་ཆེ་བས།  ཐོན་སྐྱེད་འཕྲུལ་ཆས་ཀྱི་གཅུས་མཛེར་ཞིག་དང་འདྲ་བར་གྱུར།  དེ་ལས་ཆཱ་ཕི་ལིན་ནི་དམའ་རིམ་གྲོང་མི་ཞིག་ལས་མ་འདས།  འུར་ཟིང་གི་ཁེངས་པའི་བཟོ་གྲྭའི་ནང་དུ་ཁོས་ཉིན་མཚན་དབྱེར་མེད་དུ་ལས་ལ་ཧུར་གྱིས་བརྩོན་ཞིང་དབུགས་ལེན་ཁོམ་མེད་པར་བྱ་བའི་ལས་ལ་འབད་ཀྱང་།  གླ་ཆ་ནི་ཤིན་ཏུ་དམའ་ཞིང་སྡུག་ཡུས་ཀྱི་གནོན་ཤུགས་ཆེ།

    སྤྱིར་ན་ཁྲ་ལའེ་ནི་དབུལ་ཕོངས་ཀྱི་འཚོ་བ་མྱངས་པའི་མུ་ཏོ་བ་ཞིག་ཡིན་ཡང་།  ཁོའི་གཞུང་རྒྱུད་དྲང་ཞིང་ལས་ལ་བརྩོན་པ་ཞིག་ཡིན།   སྐབས་ཤིག་ལ་ཁོས་ལམ་བར་ཞིག་ནས་འཁྱམ་མོ་ཞིག་བསྐྱབས་ཤིང་།   དེ་ནས་བཟུང་ཁོ་མོ་དང་ལྷན་དུ་འཚོ་བ་རོལ་བས།  ཁྱིམ་གཞི་སྟོང་ཡང་དྲོད་སྐྱིད་ཀྱིས་ཁེངས་བར་གྱུར།   འཚོ་ཐབས་བདེ་ཐབས་ཀྱི་སླད་དུ་ཁྲ་ལའེ་ཡིས་བསམ་གཟས་ནས་དོན་དག་གང་རུང་བཟོས་སྟབས།      ཁོ་རང་བཙོན་མའི་ལོ་ཟླ་རིམ་གྱིས་རྩི་མགོ་བརྩམས།   གོ་སྐབས་བཟང་པོ་ནི་དུས་ཚོད་ཀྱིས་བསྐྲུན་པ་ནང་བཞིན།   འཁྱམ་མོ་ནི་གར་སྟེགས་སྟེང་གི་གླུ་མ་ཞིག་ཏུ་གྱུར།  དུས་ཀྱི་འགྱུར་བ་ནི་ཡུན་ཐུང་ཙམ་ཡིན་པ་ཤེས།

༓དཔྱད་གཏམ།

    གློག་བརྙན་འདི་ནི་འཛམ་གླིང་སྒྲ་མེད་གློག་བརྙན་གྱི་དུས་སྐབས་སུ་དཔེ་མཚོན་རང་བཞིན་དུ་གྱུར་བའི་སྒྲ་མེད་གློག་བརྙན་ཞིག་ཡིན།  གློག་བརྙན་འདིའི་བརྗོད་དོན་ནི་ཨ་རིའི་དཔལ་འབྱོར་སྤྱི་ཚོགས་ཉམས་རྒུད་ཅན་དང་བཟོ་ལས་སྒེར་སྡོམ་རིང་ལུགས་ཀྱི་དུས་སྐབས་ཤིག་གི་ངོ་གདོང་མཚོན་པའི་གནས་བབ་དང་དུས་བབ་ཞིག་ཡིན་པས།  འཁྲབ་ཁྲིད་པ་ཁོང་གིས་ཉམས་བརྒྱད་ཀྱི་རྣམ་པ་དང་སྣང་བརྙན་སྒྱུ་རྩལ་གྱི་ལམ་ནས་མཚོན་ཡོད།   དེང་གི་དུས་རབས་ཞེས་པའི་ནང་དུ་དཔལ་འབྱོར་གྱི་ཐོལ་བརྒལ་དང་དངོས་གཙོའི་ཐོལ་བརྒལ་ངང་གིས་མཐོང་ཐུབ་པ་རེད།   རྒྱུ་མཚན་ནི་བཟོ་ལས་ངལ་རྩོལ་ཐོན་སྐྱེད་ཀྱི་སླད་དུ་མིའི་མི་གཞི་བོར་ཞིང་མིའི་མི་ཚུགས་མེད་པས།  རྒྱུ་ནོར་རམ་དཔལ་འབྱོར་གྱི་བྲན་གཡོག་རྐྱང་རྐྱང་དུ་གྱུར་བས།   མིའི་ལས་དབང་དང་མིའི་ཐོབ་ཐང་།  མིའི་རང་དབང་དང་མིའི་རྩིས་ཐང་ནི་བཟོ་ལས་ངལ་རྩོལ་ལ་བརྒྱུས་ནས་བཟོ་ལས་པ་རྣམས་ནི་དཔལ་འབྱོར་གྱི་ནད་ཡམས་དང་དངོས་གཙོ་རིང་ལུགས་ཀྱི་བསམ་བློའི་འགོས་ནད་ཤུགས་དྲགས་སྟབས།   ནང་སེམས་ཀྱི་བདེ་བ་ལས་ཕྱིའི་མཐུན་རྐྱེན་དང་དགོས་མཁོ་ལ་དམིགས་ནས་བཟོ་ལས་བའི་ཐམས་ཅད་བཟོ་ལས་དཔལ་འབྱོར་ལ་འཐིམས་པ་བསྟན་ཡོད།  

    དེ་མིན།  བཟོ་ལས་བྱ་བའི་སྐབས་གླགས་དམན་པ་མ་ཟད།    སྒེར་སྡོམ་རིང་ལུགས་ཀྱི་སྤྱི་ཚོགས་གནས་བབ་ཐོལ་བརྒལ་ཅན་དུ་གྱུར་བས།  འཁྲབ་ཁྲིད་པ་ཁོང་གིས་དགའ་སྐྱོ་ཟུང་ལྡན་གྱི་འགྱུར་བ་རེ་རེ་བརྙན་གཟུགས་སྒྱུ་རྩལ་ལམ་ནས་སྐབས་དེའི་སྤྱི་ཚོགས་ཀྱི་གནས་སྟངས་ལ་སུན་འབྱིན་དང་དུས་སྐབས་ལ་ལྟ་གྲུབ་ལ་ཟུར་ཟ་བྱས་ཡོད།    རྒྱལ་ཁབ་དང་མི་རིགས་གང་ལའང་འདས་པའི་ལོ་རྒྱུས་ལ་མུན་ནག་གི་དུས་སྐབས་ཡོད་ལ།  དར་རྒུད་ཀྱི་བཞུད་ལམ་ཡང་ཡོད་སྲིད། གློག་བརྙན་འདིའི་ནང་དུ་ཁྲ་ལའེ་ཁོང་གིས་སྐབས་དེའི་སྤྱི་ཚོགས་ཀྱི་གནས་སྟངས་ལ་བརྩོན་ལེན་དང་འགལ་འདུ་ཤུགས་དྲགས་པ་མཚོན་ཐུབ།  

    འཛམ་གླིང་ཧྲིལ་བོའི་དཔལ་འབྱོར་གྱི་ཟུར་ཚད་ནས་བལྟས་ན།   འདས་པའི་དཔལ་འབྱོར་གྱི་སྐྱོམ་འགུལ་ནི་ལོ་རྒྱུས་ཀྱི་སྙིང་སྟོབས་དང་ཚན་རིག་གི་ལག་རྩལ་ཟུང་འབྲེལ་གྱི་ངང་ནས་བསྐྲུན་པ་ཞིག་ཡིན།   ཨ་རིའི་དཔལ་འབྱོར་ཉམས་རྒུད་དུ་གྱུར་བའི་གནས་བབ་དང་བཟོ་ལས་པའི་ལས་ཤོར་གྱི་རིམ་ཚད་དམའ་བའི་དབང་གིས།     སྤྱི་ཚོགས་ཐོན་སྐྱེད་ཀྱི་ལས་གཞི་དངོས་ཐོག་ཏུ་སྐོང་མ་ཐུབ་པ་དང་མིའི་་འཚོ་གནས་ཀྱི་གནད་དོན་བརྡར་ཤ་གཅོད་མ་ཐུབ་པའི་རྒྱབ་ལྗོངས་རིང་མོ་ཞིག་ནས།     འཁྲབ་ཁྲིད་པའི་སྒྱུ་རྩལ་གྱི་དམིགས་ཚད་ནི་ཐད་ཀར་ཨ་རིའི་དཔལ་འབྱོར་གྱི་ཉམས་རྒུད་གནས་སྟངས་དང་མི་གཞི་བོར་བའི་མིའི་གཤིས་སྤྱོད།   མིའི་གོམས་ལུགས།   མིའི་བསམ་བློ།  མིའི་འདུ་ཤེས་ནི་དཔལ་འབྱོར་གྱི་ནད་ཡམས་དང་བཟོ་ལས་ཀྱི་འགོས་ནད་ཀྱི་དབང་གིས།   མི་ནི་མིའི་ལྟ་བ་དང་རང་ཚུགས།  མིའི་ཚུལ་ལུགས་དང་གཤིས་ལུགས།    མིའི་འདུ་ཤེས་དང་ཤེས་རྟོགས་ནི་རྒྱུན་ལྡན་མ་ཡིན་པའི་མི་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད།   དེ་ལ་མཐོ་ཚད་ཞིག་ནས་བརྗོད་ན།    དཔལ་འབྱོར་རྐྱང་རྐྱང་གི་བྲན་གཤིས་འཛིན་པའི་མི་ནི་མིའི་ལས་དབང་དང་དར་རྒུད།  མིའི་འཚོ་གནས་ནི་ཕྱིའི་རྣམ་པ་ཙམ་དུ་ཟད། [ཟླ་ཚང་དཔལ་མཁར་རྒྱལ།]

 

དཔྱད་མཆན་ཡོད།