དཔའ་རྟུལ།

ནང་དོན་མདོར་བསྡུས།

l1.jpg

 

གློག་མིག

   Tommyནི་དམག་དཔུང་ལས་བུད་པའི་དམག་མི་ཞིག་ཡིན་ཞིང་།   ཐབས་རྡུགས་པའི་དམག་མིའི་འཚོ་བ་མཇུག་སྒྲིལ་རྗེས་ཕ་ཡུལ་ཧྥིས་སི་པོའོ་རུ་ལོག    ཁོའི་ཨ་ཕ་ནི་རང་དབང་ཁུར་འཛིང་གི་རྩལ་ཁྲིད་མཁན་ཞིག་ཡིན་ཡང་།  ཆང་འཐུང་གིས་ཉིན་མཚན་འདའ་བའི་གོམས་གཤིས་ངན་པ་ཞིག་གིས་མི་ཚེའི་དོན་སྙིང་བརླག་གིན་ཡོད།  འོན་ཀྱང་ཨ་ཕས་རོགས་འདེགས་འོགTommyཡིས་དཀའ་སྤྱད་འབད་བརྩོན་གྱིས་སྦྱོང་བརྡར་བྱེད་མགོ་བརྩམས་ནས་ལོ་རྒྱུས་ཐོག་བྱ་དགའི་དངུལ་གྲངས་མཐོ་ཤོས་ཀྱི་ཁུར་འཛིང་ལེགས་སྐྱེས་ཀྱི་འགྲན་བསྡུར་ནང་ཞུགས་རྒྱུའི་གྲ་སྒྲིག་བྱས།  དེ་ལྟར་བྱ་དགའ་ཨང་དང་པོ་ལེན་ཕྱིར་འབད་བརྩོན་བྱེད་བཞིན་པའི་སྐབས། Tommy ཡི་གཅེན་པོ Blaydonཡང་ཁུར་འཛིང་རུ་ཁག་ཏུ་ཞུགས་ཤིང་སྐབས་ཤིག་རིང་ཁུ་འཛིང་པ་ཞིག་ཏུ་གྱུར།   རྗེས་སུ་ཁོའི་མཐོ་འབྲིང་དགེ་རྒན་གྱི་ལས་ཀ་ཞིག་ཀྱང་བྱས།   དེ་ལྟར་Blaydonདང་གཅུང་པོའི་འབྲེལ་བ་དང་།   ཨ་ཕའི་བར་གྱི་འབྲེལ་བ་ཇེ་ཞན་དུ་གྱུར་བ་དང་བསྟུན་ནས་གནོན་ཤུགས་ཀྱིས་ཁེངས་ཤིང་།  མཐར་ཁྱིམ་ཚང་དང་ཁ་ཐག་ཇེ་རིང་དུ་སོང་།

    འོན་ཀྱང་།  རང་གི་ཁྱིམ་ཚང་གི་རྒྱུན་སྐྱོང་ཆེད།  Blaydonཡིས་སྔོན་གྱི་ལས་ཀ་བསྐྱུར་ནས་སླར་ཡང་ཁུར་འཛིང་གི་འཐབ་རར་ཞུགས།  ཁོ་ཐོལ་བྱུང་གིས་འཐབ་རར་ཐོན་པ་དེས་བུ་སྤུན་བར་གྱི་འབྲེལ་བ་ཇེ་ངན་དུ་གྱུར་ཅིང་།  ཐད་ཀར་འཐབ་རའི་སྟེང་གི་འཐབ་གྲོགས་སུ་གྱུར་བས།  དེ་སྔོན་གྱི་འཁོན་འཛིན་དག་ལ་གདོང་གཏད་དགོས་ལ།  དེ་བས་འཐབ་སྟེགས་སུ་གཅེན་གཅུང་ཕན་ཚུན་བར་དམར་འཛིང་བྱ་དགོས།  དེ་ལྟར་དྲག་ཤུལ་དང་།  མཛའ་བརྩེ།  བཟོད་བསྲན་སོགས་འགལ་འདུའི་ཁེངས་པའི་རྣམ་པ་མང་པོ་ཞིག་དམར་འཛིང་གི་འཐབ་ར་བརྒྱུད་ནས་ལྟད་མོ་བའི་མིག་ལམ་དུ་བསྟར་ཡོད།

དཔྱད་གཏམ།

    གློག་བརྙན་འདིའི་འཁྲབ་ཁྲིད་པ་ Gavin O'Connor ནི་བརྩམས་ཆོས་མང་པོ་མེད་ཀྱང་། ཡོད་པ་དག་ནི་ལྗིད་ཚད་ཆེ་བ་རྐྱང་རྐྱང་ཡིན།  དེ་སྔོན་ཁོས་བཟོས་པའི་ལུས་རྩལ་བརྗོད་བྱར་བཟུང་བའི«འཁྱགས་པའི་རྒྱལ་ཁམས་ཀྱི་མཚར་སྒྲུང»ཞེས་པ་ལུས་རྩལ་གློག་བརྙན་རིགས་ཀྱི་ལེགས་ཤོས་སུ་གྱུར།  བརྗོད་བྱ་ལུས་རྩལ་བྱས་པ་ལས་གཞན་ཁོ་རང་ཁྱིམ་མིའི་བར་གྱི་འགལ་བ་མཚོན་པའི་གློག་བརྙན་བཟོ་བར་བྱང་ཆ་མཆིས་ཏེ། ཁོང་གིས་འཁྲབ་ཁྲིད་བྱས་པའི་འཚབ་མཚོན་གློག་བརྙན«རང་དབང་དང་མཚན་སྙན»ལྟ་བུ།  དེ་ལྟར་ལོ་མང་རྗེས་ཀྱི་དེ་རིང་། ཁོང་གིས་སླར་ཡང་ཁྱིམ་མིའི་འགལ་འབྲེལ་དང་ལུས་རྩལ་ཀྱི་བརྗོད་བྱ་ཟུང་དུ་སྦྲེལ་བའི་གསར་བྱུང་གློག་བརྙན«དཔའ་རྟུལ»བྱ་བ་འདི་འཁྲབ་ཁྲིད་བྱས་པ་རེད།

    འདི་ནི་དམར་འཛིང་བརྗོད་བྱར་བྱས་པའི་གློག་བརྙན་ཞིག་ཡིན་ཡང་།  གློག་བརྙན་གཞན་དང་འདྲ་བར། མི་ཚོགས་དང་དོན་དངོས་འཚོ་བའི་གཏིང་ཟབ་ས་ཞིག་རྒྱབ་ལྗོངས་བྱས་ཡོད་པས།  ཕ་བུའི་བར་གྱི་བརྩེ་བ་དང་།  བུ་སྤུན་བར་གྱི་བརྩེ་བ་བཅས་མངོན་གསལ་ངང་མཚོན་ཐུབ་པར་བྱས་ཡོད།

    གཅུང་པོ་ནི་གདེང་འཇོག་བྱེད་དཀའ་བའི་མི་ཞིག་སྟེ།  འཁོར་ས་བརྟེན་ས་མེད་པའི་འཁྱམ་པོ་ཞིག་དང་འདྲ་བར།  ཆང་འཐུང་ལ་དགའ་བའི་ཨ་ཕས་ཁོའི་སེམས་ལ་བསུབ་ཐབས་བྲལ་བའི་རྨ་ཁ་ཞིག་བཞག་ཡོད།  ལྷག་དོན་རང་གི་ཨ་མ་ཟུག་གཟེར་གྱིས་མནར་བཞིན་ཕྱི་མའི་ལམ་དུ་བཞུད་དུས་དེ་བས་ཀྱང་ཨ་ཕར་ཞེ་འཁོན་པར་གྱུར།  དེ་སྔོན་གཅེན་པོས་རང་དང་མཉམ་དུ་ཨ་ཕ་བསྐྱུར་ནས་འགྲོ་རྒྱུའི་ཁ་ཆད་ཡོད་ཀྱང་།  དགའ་རོགས་ཀྱི་ཆེད་དུ་དམ་བཅའ་བསྐྱུར་ནས་ཁོ་དང་རྒྱབ་འགལ་བྱས་པས།  སླད་ནས་གཅེན་པོ་དང་འཕྲད་ཀྱང་དགའ་སྣང་ཅི་ཡང་མེད།  དམག་འཐབ་ཁྲོད་དུ་རྨས་སྐྱོན་བྱུང་ཞིང་མཐར་དམག་དཔུང་ལས་རང་གཅིག་པུ་གསོན་པོར་གནས་པས་བྲོས་བྱོལ་ཕྱིན།  བསམ་ཡུལ་ལས་འདས་པར་ལམ་བར་ནས་མི་ཞིག་གི་ཚེ་སྲོག་བསྐྱབས་པས་མིང་མེད་ཀྱི་དཔའ་བོ་ཞིག་ཏུ་གྱུར།   འོན་ཀྱང་།  སྟབས་མི་ལེགས་པར་རྗེས་སུ་ཁོ་ནི་བྲོས་བྱོལ་དུ་ཕྱིན་པའི་དམག་མི་ཞིག་ཡིན་པའི་གསང་བ་ཕྱི་རུ་གྱར་བས།  ཆེས་མཇུག་མཐར་དམར་འཛིང་སྟེགས་བུ་ལས་ཕྱིར་བུད་དུས་ཁོ་རང་སྒུག་མཁན་ནི་མཛེས་མ་ཞིག་མིན་པར་དེ་ལས་ལྡོག་སྟེ་རང་ཉིད་འཛིན་བཟུང་བྱེད་མཁན་གྱི་དམག་མི་རེད།

    གཅེན་པོ་ཨ་ཕ་ལྷན་དུ་གནས་ཀྱང་ཨ་ཕར་བརྩེ་བ་ཟབ་མོ་ཞིག་ཆགས་མེད།  དེ་ལས་ལྡོག་སྟེ་ཨ་ཕའི་ཆང་རྐྱལ་གྱི་གོམས་གཤིས་ངན་པར་སུན་སྣང་ཆེ་ཞིང་།  རང་དང་བསྡུར་ན་གཅུང་པོར་གཅེས་པས་ཕྲག་དོག་མིག་སེར་ལངས་ཀྱིན་ཡོད།  ཡང་གཅུང་པོར་བསྡུར་ན་གཅེན་པོ་ནི་ལས་སྐལ་ཅན་ཞིག་ཡིན་ཏེ།  རང་ལ་བརྩེ་བའི་ཆུང་མ་ཞིག་དང་།  བྱིས་པ་སྙིང་རྗེ་བོ་ཞིག་ཡོད་ལ། ད་དུང་ངོ་སོ་ཆེ་བའི་ལས་ཀ་ཞིག་ཀྱང་ཡོད།  འོན་ཀྱང་བཅོས་ཐབས་དཀའ་བའི་བུ་མོའི་ན་ཚ་དེས་ཁྱིམ་ཡོངས་དཀའ་སྡུག་གི་གནས་སུ་བསྐྱལ།  བྱ་ཐབས་གང་ཡང་མེད་པར་མཐར་འཛམ་གླིང་དམར་འཛིང་འགྲན་བསྡུར་ནང་ཞུགས་ནས་ཐལ་མདོག་ཁེབས་པའི་ཁྱིམ་ཚང་ལ་ལྗང་མདོག་ཞིག་བསྣན་ན་བསམ།

    མནོ་བསམ་ཞིབ་མོ་ཞིག་བཏང་ན་འདི་ནས་ང་ཚོས་ཐད་ཀར་རྟོགས་ཐུབ་པ་ཞིག་སྟེ།   ཁྱིམ་ཚང་སྐྱོང་རྒྱུ་དང་པོར་འཛིན་ཅིང་།  བྱིས་པ་མ་རབས་ཅན་ཚོ་སྐྱོ་གར་ལྟ་བུའི་མཇུག་འབྲས་ངན་པ་ཞིག་ཐོབ་ངེས་པའི་གཏན་ཚིགས་ལྟ་བུའི་གློག་བརྙན་གྱི་བྱུང་རིམ་སྒྲིག་སྟངས་དེས་རྒྱལ་ཁ་ལས་ཕམ་ཁ་ཁུར་མ་མྱོང་བའི་གཅུང་པོ་ཡང་མཐར་ཕམ་ཞིང་གཅེན་པོར་རྒྱལ་ཁ་ཐོབ།  འོན་ཀྱང་ལྟད་མོ་བ་ཚོས་ཆེས་དགའ་བསུ་ཐོབ་ཡུལ་ནི་ནམ་ཡང་གཅུང་པོ་ཡིན་པ་ལས་བཙན་གྱིས་ཐག་གཅོད་བྱས་ཟིན་པའི་གཏན་ཚིགས་ཀྱི་མཇུག་འབྲས་དེར་བདེན་ཁ་སྟེར་མཁན་ཉུང་ངོ་།།

རྩོམ་སྒྲིག་པ།བློ་བཟང་རྡོ་རྗེ།


དཔྱད་མཆན་ཡོད།