ཨི་ཐ་ལིའི་མི།

ནང་དོན་མདོར་བསྡུས།

      འདི་ནི་ཆེས་སྟབས་བདེ་ཞིང་ཧ་ཅང་སེམས་འགུལ་ཐེབས་པར་བྱེད་པའི་གཏམ་རྒྱུད་ཅིག་སྟེ། གློག་བརྙན་ནང་ཨི་ཐ་ལིའི་བཟའ་ཚོ་གཉིས་ཀྱིས་གསོ་སྐྱོང་བྱེད་རྩིས་ཡོད་པའི་ཨུ་རུ་སུའི་བུ་ཆུང་ཅི་ཡ (Vadim Spiridonov) མ་འོངས་པའི་འཚོ་བ་ལ་རེ་བཅོལ་དེ་ཙམ་གྱི་ཆེན་པོ་མེད་པར།   དེ་ལས་ལྡོག་སྟེ་རང་ཉིད་ཕ་ཡུལ་དང་ཁ་བྲལ་ཚེ།    ཨ་མས་རང་ཉིད་འཚོལ་བར་ཡོངས་སྐབས་མ་རྙེད་པའི་སེམས་ཁྲལ་བྱེད་ཀྱི་ཡོད།  དེ་ན་ཨི་ཐ་ལིའི་བཟའ་ཚོ་གཉིས་སླེབས་ལ་ཉེ་བ་དང་། ཁོའི་ཨ་མས་ད་དུང་ཁོ་འཚོལ་བར་སླེབས་མེད།   དེ་འདྲའི་འོག་ཁོས་རང་ཉིད་ཀྱིས་ཨ་མ་འཚོལ་བར་འགྲོ་རྒྱུའི་ཐག་བཅད།   ལོ་ན་དྲུག་ལས་མིན་པའི་བུ་ཆུང་ཅི་ཡས་དོན་ཆེན་དེ་སྒྲུབ་པའི་ཆེད་ཡི་གེ་སྦྱངས་འགོ་ཚུགས་པ་དང་།   རང་ཉིད་ཀྱི་མེ་འཁོར་བསྡད་པ།   ཡང་བྱིས་པ་གཞན་གྱིས་བརྙས་བཅོས་ལ་སོགས་སྡུག་བསྔལ་གང་ལས་མང་བ་ཞིག་མྱངས་རྗེས་གཞི་ནས་་་་་་

༓དཔྱད་གཏམ།

    《བདེ་སྐྱིད་ཀྱི་སྣེ་མོ་འཚོལ་བ》མིང་གཞན་ལ《ཨི་ཐ་ལིའི་མི》ཡང་ཟེར།   འདི་ནི་ཨུ་རུ་སུའི་མི་རིགས་ཀྱི་ལྕོང་མོས་ཨ་མ་འཚོལ་བའི་སྒྲུང་གཏམ་ཞིག་རེད།   དོན་དངོས་ཐོག་འདི་ནི་ཆེས་སྤྱིར་བཏང་གི་གཏམ་རྒྱུད་ཞིག་རེད།  དེ་ཡང་དྭ་ཕྲུག་ཁང་ནང་འཚར་ལོངས་བྱུང་བའི་བུ་ཆུང་ཅི་ཡ་མགྱོགས་མྱུར་ཨི་ཐ་ལིའི་བཟའ་ཚོ་གཉིས་ཀྱི་གསོ་སྐྱོང་བྱེད་རྩིས་ཡོད་པས།   ཁོས་རང་ཉིད་གཞན་ཡུལ་དུ་ཕྱིན་ཚེ་ཨ་མས་རང་ཉིད་འཚོལ་བའི་སྐབས།   རྙེད་མི་ཐུབ་སྙམ་པའི་སེམས་ཁྲལ་བྱེད་ཀྱི་ཡོད།    དེ་འདྲའི་གནས་ཚུལ་འོག  ཁོ་རང་ཉིད་ཀྱི་ཕར་ཨ་མ་འཚོལ་བར་བསྐྱོད་རྒྱུའི་ཐག་བཅད།   མ་གཞིར་ཁོ་བོ་འཚོ་གནས་བྱེད་སའི་དྭ་ཕྲུག་ཁང་དེའང་དོན་དངོས་ཐོག་བྱིས་འཚོང་རྒྱག་མཁན་ཞིག་དང་གཉིས་སུ་མ་མཆིས།   ཁོས་རང་ཉིད་ཀྱི་ཡིག་ཚགས་ལྟ་ཐུབ་པའི་ཆེད་ཡི་གེ་སྦྱངས་ཐུབ་པ་བྱས་པ་དང་།   རང་ཉིད་ཀྱི་མེ་འཁོར་སྡད་པ་མ་ཟད།   ད་དུང་འགྲན་ཟླ་བྲལ་བའི་རིག་པ་ལ་བརྟེན་ནས་མེ་འཁོར་ནང་གི་ངོ་མི་ཤེས་པའི་མི་དང་ཞི་མཐུན་བྱུང་བ་དང་།   བྱིས་པ་གཞན་གྱི་ཐུབ་ཚོད་ལས་ཐར་བ་བྱས།   མཇུག་མཐར་དྭ་ཕྲུག་ཁང་གི་ཁ་ལོ་བས་མཐོང་བ་དང་།   དེ་འཕྲལ་ཁོ་པས་ཤེལ་དམ་ཆག་རོ་རང་ཉིད་ཀྱི་ལག་པའི་སྟེང་ཤུགས་ཀྱིས་བསྣུན་པས།   དེ་འདྲའི་འོག་མཐའ་མ་ཁ་ལོ་བ་ཡང་སེམས་འགུལ་མི་ཐེབས་ཀ་མེད་བྱུང་།  ཅི་ཡ་ཨ་མའི་དྲུང་དུ་སླེབས་སོང་།   འོན་ཀྱང་ཁྱོད་ཀྱིས་ཤེས་སམ།   འདིའི་བརྒྱུད་རིམ་ནི་བདེ་བ་དང་སྤྲོ་བས་ཁེངས་པ་ཞིག་ནི་ག་ལ་ཡིན།

     གློག་བརྙན་ནང་གི་ཅི་ཡ་ལ་སྐབས་དེར་ལོ་དྲུག་ལས་མིན།   ལོ་དྲུག་གི་སྐབས་ང་ཚོ་ནི་ཅི་ཞིག་བྱས་ནས་བསྡད་ཡོད།   ཕལ་ཆེར་རང་གཤིས་ཧ་ཅང་རྒོད་པའི་བྱིས་པ་ཞིག་རེད།   འོན་ཏེ་ཅི་ཡ་ནི།   དོན་དངོས་ཐོག་ཁོའི་གཟུགས་པོ་ལས་མངོན་པ་ནི་རང་གི་ལོ་ཚོད་དང་མ་མཉམ་པའི་མི་དར་མ་ཞིག་གི་བྱ་ལུགས་རེད།  ཁོས་ཛ་དྲག་ཆེ་བའི་གནས་ཚུལ་ལ་གང་འདྲ་བྱས་ཏེ་ཁ་གཏད་གཅོག་དགོས་པ་ཤེས་ལ།   གང་འདྲ་བྱས་ཏེ་མི་དར་མ་དང་འབྲེལ་འདྲིས་བྱེད་དགོས་པའང་ཤེས། ཁོས་རང་ཉིད་ཀྱི་གྲོགས་པོ་ཡིན་ནའང་འདྲ།   ཡང་ན་སེམས་བཟང་ཆེ་བའི་བགྲེས་སོན་ཡིན་ནའང་འདྲ། གང་བྱུང་དུ་ཡིད་ཆེས་ནི་གཏན་ནས་བྱེད་ཀྱི་མེད། མཐའ་མར་ཁོས་ཤེལ་དམ་ཆག་རོ་དེ་རང་གི་ལག་པའི་སྟེང་འཛེར་པའི་སྐབས།    ངའི་བསམ་པར་བྱིས་པ་འདིས་རྙོག་འཛིང་དང་སྡུག་རྩུབ་ཆེ་བའི་དོན་དངོས་ཀྱི་འཇིག་རྟེན་དེ་མཐོང་སོང་སྙམ།

     དུས་རྒྱུན་དུ་ངེད་ཚོའི་བསམ་པར།   བྱིས་པ་ནི་ནམ་ཡིན་ཡང་བྱིས་པ་ཡིན་པས།   གང་ཡིན་ཡང་མི་ཤེས་ལ་གང་ལའང་ཡིད་ཆེས་བྱེད།   མ་ཟད་བྱིས་པའི་ཁང་ཁྱིམ་ནི་ནམ་ཡང་དྭངས་གཙང་ལྷད་མེད་ཞིག་རེད།   དོན་དངོས་ཐོག་འདི་ནི་ང་ཚོ་འཚར་ལོངས་བྱུང་རྗེས་རང་ཉིད་ཀྱིས་བཟོས་པའི་རྨི་ལམ་ཞིག་རེད།  ལོ་དྲུག་གི་སྐབས།   ང་ཚོས་རང་གི་ཕ་མའི་སྐད་ཆར་དོགས་པ་བྱེད་མྱོང་མེད་དམ།   ང་ཚོས་ཕྱི་རོལ་རྒྱུས་མེད་ཀྱི་ཁོར་ཡུག་དེར་ཞེད་སྣང་བྱེད་མ་མྱོང་ངམ།  འདི་ནི་མ་སྲིད་པ་ཞིག་ནི་མ་རེད།  འོན་ཏེ་ཕལ་ཆེར་ངེད་ཚོས་བརྗེད་སོང་བ་ཡིན་ངེས་ལ།  ཡང་གཅིག་བྱས་ན་འདི་ནི་བསམ་པའི་ནང་ངེས་དགོས་པ་ཞིག་ནི་ག་ལ་ཡིན།  དོན་དངོས་ཐོག་ང་ཚོ་འཚར་ལོངས་བྱུང་ཏེ་རྙོག་བཙོག་གིས་ཁེངས་པའི་འཇིག་རྟེན་དེར་ངོ་འཕྲད་ཞིག་བྱུང་རྗེས།  བསམ་བློའི་ནང་བྱིས་པའི་སྐབས་ཀྱི་འཚོ་བ་ནི་ཧ་ཅང་གི་མཛེས་སྡུག་ལྡན་པ་ཞིག་རེད་སྙམ་གིན་ཡོད།  འོན་ཏེ་ཅི་ཡ་ལྟ་བུར་མཚོན་ན།   ཁོས་རང་ལོ་ཆུང་ཆུང་སྐབས་ནས་འཇིག་རྟེན་འདི་ཇི་འདྲ་ཞིག་ཡིན་པ་རྟོགས་ཡོད།  དེར་རྟེན་ཁོས་ཤེལ་དམ་ཆག་རོ་ཤུགས་ཀྱིས་རང་ལག་པར་འཛེར་ཤིང་།  འདི་ནི་འུ་ཐུག་གི་ངོ་རྒོལ་རེད་ལ།   ཡང་འཇིག་རྟེན་དེའི་ཆ་ཞིག་ཀྱང་རེད།

     ལོ་དྲུག་གི་སྐབས།  འཇིག་རྟེན་དེ་ནི་རྣམ་པ་དེ་འདྲ་ཞིག་རང་རེད།  ང་ཚོས་ལོ་དྲུག་གི་སྐབས་མིག་ཆུང་དེ་ཁྱེར་ནས་རང་གི་རིག་ཐུབ་པའི་འཛམ་གླིང་དེའི་ནང་རང་གིས་རང་ལ་སྲུང་སྐྱོབ་བྱེད་འགོ་བརྩམས།  འདི་ནི་ཕལ་ཆེར་ང་ཚོས་ཐེངས་ཐོག་མར་གང་འདྲ་བྱས་ནས་འཚོ་སྡོད་བྱེད་དགོས་པ་ཤེས་པ་དང་གཅིག་མཚུངས་ཡིན།

    ང་ཚོས་འཇིག་རྟེན་དེ་ཧ་ཅང་གི་མཛེས་སྡུག་ལྡན་པ་ཞིག་དུ་འཛིན་རྒྱུ་མེད་ལ།  དེ་བས་ང་ཚོས་རང་ཉིད་ཧ་ཅང་གི་ལྷད་མེད་ཞིག་དུ་འཛིན་མི་ཉན།  གློག་བརྙན་ལ་མནོ་བསམ་ཞིག་བྱེད་སྐབས།   དེའི་ནང་གི་འཁྲབ་སྟོན་པ་བྱིས་པ་ཆུང་ཆུང་འདི་ནི་ངོ་མ་ལྷན་སྐྱེས་ཀྱི་ཤེས་རབ་ཕྱུག་པ་ཞིག་རེད།  ཁོས་རང་བཞིན་ངང་མི་སེམས་འགུལ་ཐུབ་པ་དེ་འདྲ་འཁྲབ་པ་ངོ་མ་ལས་སླ་པོ་ཞིག་མ་རེད།

    གློག་བརྙན་འདི་ནི་ཕལ་ཆེར་བྱིས་སྒྲུང་ལྟ་བུ་ཞིག་ཡིན་ཡང་འདིའི་ནང་ནས་སྟོན་པ་ནི་བྱིས་སྒྲུང་གི་འཇིག་རྟེན་ཞིག་ག་ལ་ཡིན།  གློག་བརྙན་ནང་གི་འཇིག་རྟེན་འདི་ནི་དོན་དངོས་ཀྱི་སྤྱི་ཚོགས་ཞིག་རེད།  གདུག་རྩུབ་དང་།   རྒྱུ་ནོར།  དབང་ཆ།   དྲག་ཤུགས་ལ་སོགས་ལས་གྲུབ་པ་ཞིག་རེད།  དེས་ན།  ང་ཚོ་གནས་སའི་མིག་མདུན་གྱི་སྤྱི་ཚོགས་འདི་ནི།   ནམ་ཡང་གློག་བརྙན་ནང་གི་འཇིག་རྟེན་ལས་གདུག་རྩུབ་ཆེ་བ་ང་ཚོ་ཚང་མས་ཤེས་གསལ་རེད།

དཔྱད་མཆན་ཡོད།