པིན་ལ་ཏིན་བདས་གསོད།

ནང་དོན་མདོར་བསྡུས།

【རྩོམ་པ་པོ། སྒྲོལ་མ་ཆོས་སྐྱིད།

      ༢༠༡༡ལོར་འཛམ་གླིང་ཡོངས་སྐྱི་གཡའ་བར་བྱེད་པའི༩༡༡དོན་རྐྱེན་བྱུང་རྗེས། ཨ་མེ་རི་ཁས་འདེད་འཛིན་དང་རྔོན་པའི་བྱ་འགུལ་སྤེལ་ཏེ་དམིགས་ས་གཙོ་བོ་ནི་རྟེན་གཞི་རྩ་འཛུགས་ཀྱི་གཏེ་བོ་ཨོ་ས་མ•པིན་ལ་ཏིན་ཡིན། མ་ཡ་ནི་ཨ་རིའི་ཉུལ་ཞིབ་ཁང་གི་མྱུལ་ཞིབ་མ་གོ་ཆོད་ཅིག་ཡིན་ལ། མོ་ཨ་རིའི་པ་ཀི་སི་ཐན་ཡོད་པའི་གཞུང་ཚབ་ལས་ཁུངས་སུ་མངགས་ཤིང་ལས་འགན་གཙོ་བོ་ནི་པིན་ལ་ཏིན་འཚོལ་རྒྱུ་ཡིན།  མྱུལ་ཞིབ་ཁང་གིས་དྲག་སྤྱོད་པ་རྣམས་ལ་ཁྲིམས་ཆད་དྲག་པོ་གཅོད་པ་མི་བཟོད་ནའང་ཆ་འཕྲིན་གཙོ་ཆེ་ཐོབ་པའི་སྔོན་འགྲོ་གལ་ཆེ་བར་མཐོང་། ཁོ་མོས་ལོ་བཅུའི་རིང་གང་གཱའི་རྡུལ་ལྟར་གྲངས་ཀྱི་མི་ལོངས་པའི་འཇིགས་སྐུལ་ངོ་རྒོལ་གྱི་གསང་འཕྲིན་བཙལ་ཏེ་པིན་ལ་ཏིན་གསོད་རྒྱུ་ཁོ་མོའི་དམིགས་ཡུལ་འབའ་ཞིག་ཏུ་གྱུར། མཐར་ཁོ་མོའི་ངལ་བ་ལའང་འབྲས་བུ་བྱུང་སྟེ། ༢༠༡༡ལོའི་ཟླ༥པའི་ཚེས༡ཉིན་དུ། ཨ་རིའི་མཚོ་གཟིག་འཕྲལ་རྒོལ་རུ་ཁག་གིས་ཁོ་མོའི་གསང་འཕྲིན་གཞིར་བཟུང་ནས་པ་ཀི་སི་ཐན་དུ་འཇབ་འཛུལ་ལྐོག་བསད་བྱ་འགུལ་སྤེལ་ཞིང་པིན་ལ་ཏིན་བསད། འོན་ཀྱང་ལས་འགན་འགྲུབ་རྗེས་མ་ཡ་ཅི་བྱེད་འདི་བྱེད་མེད་པར་གྱུར་ཞིང་།  སེམས་སུ་དགའ་སྐྱོ་གང་ཡིན་མ་ངེས་པའི་སྣང་བ་སྐྱེས།

2.jpg

      འདི་ནི་གློག་བརྙན་ལོ་རྒྱུས་ཁྲོད་ཨོ་ཟི་ཁཱའི་བུད་མེད་འཁྲབ་ཁྲིད་པ་གཅིག་པུ་ཁའེ་སི་ལིན•པི་ཀི་ལོས(Kathryn Bigelow)འཁྲབ་ཁྲིད་བྱས་པའི«པིན་ལ་ཏིན་བདས་གསོད»ནི་སྔོན་གྱི«མདའ་བཤིག་དམག་དཔུང»གི་གཙོ་འཁྲབ་སྤྱད་ཡོད། ཨ་རིའི་དྲག་སྤྱོད་ངོ་རྒོལ་གྱི་ལོ་བཅུའི་རིང་ལ་བལྟ་དུས་འདི་ནི་འཛམ་གླིང་ཐོག་གཞི་རྒྱ་ཆེས་ཆེ་བའི་འཇིགས་སྐུལ་ངོ་རྒོལ་གྱི་བྱ་འགུལ་ཞིག་བརྗོད་ཡོད། 

      «པིན་ལ་ཏིན་བདས་གསོད»འདི་ནི་ཁའེ་སི་ལིན་པི་ཀི་ལོའི་སྔོན་གྱི་གློག་བརྙན་དང་ཤིན་ཏུ་འདྲ་ལ། འདི་ཡང་ཨ་རིའི་དམག་གམ་མྱུལ་ཞིབ་སྡེ་ཁག་གིས་འཇིགས་སྐུལ་ངོ་རྒོལ་གྱི་དམག་འཁྲུག་ཏུ་ཞུགས་པའི་གློག་བརྙན་ཡིན། གློག་བརྙན་འདི་གཉིས་ཀྱི་ཡོང་ཁུངས་ཀྱང་གཅིག་མཚུངས་ཏེ། གཡུལ་སའི་གསར་འགྱུར་བ་མ་ཁི་པའོ་ཨ་དེ་དུས་ཨ་རིའི་དམག་དང་ལྷན་དུ་ཨི་རག་གི་དམག་འཁྲུག་ཟིན་ཐོར་བཀོད་ཅིང་། ཕྱིས་སུ་ཁོས་རང་གི་གསར་འགོད་རིང་ཤོས«མདའ་བཤིག་དམག་དཔུང»གི་འཁྲབ་གཞུང་བྱས། ཨི་རག་གི་གཡུལ་སར་མ་ཁི་པའོ་ཨར་པིན་ལ་ཏིན་སྐོར་གྱི་གློག་བརྙན་འཁྲབ་གཞུང་ཞིག་བྲི་བའི་བསམ་ཚུལ་བྱུང་ཞིང་ཕྱིས་སུ་ཁའེ་སི་ལིན་པི་ཀི་ལོས་དང་དུ་བླངས། འཁྲབ་གཞུང་དངོས་སུ་པའོ་ཨསCIAདང་ཨ་རིའི་ཆེད་ལས་དམག་དཔུང་གཉིས་ཀྱིས་ཡུན་རིང་གི་མནར་གཅོད་མྱངས། དེ་དུས་པིན་ལ་ཏིན་ད་རུང་མ་སོད་ཅིང་ལྐོག་གསོད་ཀྱི་བྱ་འགུལ་དེར་རྒྱལ་ཁ་ཐོབ་མེད་མོད།  གློག་བརྙན་འདི་འཁྲབ་འགོ་ཚུགས་ནས་ཡུན་རིང་མ་འགོར་བར། གློ་བུར་དུ་པིན་ལ་ཏིན་བསད་ཚར་བའི་བརྡ་འབྱོར་བས།   པའོ་ཨ་དང་པི་ཀི་ལོ་གཉིས་ཀྱིས་འཁྲབ་གཞུང་བཅོས་ཏེ་གཞི་ནས་ད་ལྟའི་གློག་བརྙན་འདི་བྱུང་། 

3.jpg

        «པིན་ལ་ཏིན་བདས་གསོད»ཀྱི་ལས་དབང་ཀྱག་ཀྱོག་ཡིན་ཏེ་འཁྲབ་གཞུང་ལ་བཟོ་བཅོས་རྒྱག་དགོས་བྱུང་མ་ཟད། འགྲེམ་སྤེལ་དུས་ཚོད་ཀྱང་ཕྱི་བཤོལ་མི་བྱེད་ཀ་མེད་བྱུང་། སྔོན་དུ་གཏན་འཁེལ་བྱས་པའི་འགྲེམ་སྤེལ་དུས་ཚོད་ཏག་ཏག་ཨ་རིའི་ཙུང་ཐུང་འདེམས་བསྐོ་ཆེན་པོ་དང་ཁེལ་ནས་ཨོ་བྷ་མའི་འདེམས་བསྐོའི་ལག་ཆ་རེད་ཟེར་ནས་གཤེ་གཤེ་བཏང་བ་དང་། ད་དུང་དམག་དོན་གསང་བ་རྐུ་བའི་ཇུས་གཞི་ལངས་པས་ཆབ་སྲིད་དང་རིང་དུ་བཀྱེད་ཆེད་འགྲེམ་སྤེལ་དུས༢༠༡༣ལོར་ཕྱིར་འགྱངས་བྱས།

       གློག་བརྙན་གྱི་མགོར9•11དོན་རྐྱེན་གྱི་དཔྱད་གཞི་རྒྱུ་ཆ་དངོས་སྤྱད་ཡོད་མོད་གཟུགས་རིས་རྒྱུ་ཆ་སྤྱད་མེད་ལ་དེ་དུས་ཛ་དྲག་རོགས་སྐྱོར་ཁ་པར་འགའ་ཕྱོགས་གཅིག་ཏུ་བསྡུས་ནས། མུན་ནག་གི་ཁྲོད་དུ་ཨ་རིའི་གཟིགས་པ་པོ་རྣམས9•11དོན་རྐྱེན་སྐྱི་བུང་བ་དེ་ཕྱིར་དྲན་བྱེད་དུ་བཅུག   མུན་ནག་གི་མགོ་དང་གློག་བརྙན་གྱི་མིང་གཉིས་ཟུང་དུ་སྦྲེལ་ཏེ་འདིའི་བརྙན་མིང་ཨིན་ཡིག་གི་དམག་དོན་ཆེད་ལས་མིང་ཚིག་ཅིག་ཡིན་ལ། དོན་ནི་རང་གི་མཛུབ་མོའང་མི་མཐོང་བའི་སྐབས་དེར་ཟེར། ང་ཚོས་ཀྱང་གློག་བརྙན་གྱི་མཇུག་ཏུ་པིན་ལ་ཏིན་བདས་གསོད་བྱས་པའི་མཚན་མོ་ངོ་མ་དེ་དྲན་ཆོག་ལ། ཡང་ན་མ་ཡས་ལོ་གྲངས་བཅུའི་རིང་ཅི་ནུས་ཀྱིས་པིན་ལ་ཏིན་བཙལ་བའི་སེམས་ཁམས་དེ་གོ་ན་འགྲིག

       

1.jpg

       གློག་བརྙན་གྱི་གལ་ཆེ་ཤོས་ནི་གསང་འཕྲིན་འཚོལ་ཞིབ་དང་དབྱེ་ཞིབ་བྱས་པའི་གོ་རིམ་དེ་ཡིན་ལ། CIAཡིས་ཐབས་ཤེས་ཡོད་ཚད་སྤྱད་ནས་ཁྲིམས་ཆད་དྲག་པོ་གཅོད། སྐར157ཡོད་པའི་གློག་བརྙན་འདིའི་མཐའ་མའི་སྐར40ནི་གཞི་ནས་དངོས་སུ་འཐབ་འཁྲུག་བྱས་པའི་ཚན་པ་ཡིན། ཐད་འཕུར་གནམ་གྲུར་སྡོད་པའི་ཨ་རིའི་ཆེད་ལས་དམག་མི་རྣམས་པིན་ལ་ཏིན་ཡིབ་པའི་ཁང་པ་སྒོ་ར་ཅན་ཞིག་ཏུ་བབས་ནས་བདས་གསོད་དམག་འཁྲུག་ཞིག་སྤེལ། པིན་ལ་ཏིན་དང་ཁོའི་རོགས་པ་རྣམས་གསོད་ཆེད་ཁོ་ཚོས་འགྲམ་དུ་ཡོད་པའི་བུད་མེད་དང་བྱིས་པ་རྣམས་ཀྱང་འཇིགས་སྐུལ་ངོ་རྒོལ་དམག་འཁྲུག་འདིའི་ཁྲོད་ཉེས་མེད་ཀྱི་ཚེ་སྲོག་ཤོར། ཨ་རིའི་དམག་གིས་འཇིགས་སྐུལ་པ་གསོད་པའི་ཞོར་དུ་དམངས་ཕལ་བ་མི་ཉུང་བ་ཞིག་ཀྱང་ཁོ་ཚོའི་མདའ་གསེབ་ཏུ་སྲོག་ཤོར།  

       མ་ཡས་པིན་ལ་ཏིན་གྱི་ཕུང་པོ་ངོ་ཟིན་རྗེས་ཡིད་ཕམ་པའི་ངང་ནས་ཕྱིར་ལོག་པའི་གནམ་གྲུར་ཞུགས་ཤིང་། མིག་ཆུ་འགོག་མེད་དུ་ཤོར། 

       གཅིག་བྱས་ན་དམག་འཁྲུག་འདིར་མཇུག་གི་རྒྱལ་ཁ་ཐོབ་མཁན་སུ་ཡང་མེད།


དཔྱད་མཆན་ཡོད།