ལྷ་ཡུལ་གྱི་བུ་ཆུང་།

ནང་དོན་མདོར་བསྡུས།

ཕལ་བའི་ཁྱིམ་ཚང་གི་བུ་ཆུང་ཨ་ལི་(ALI)ཡིས་གཟབ་གཟབ་མ་བྱས་པར་རང་ཉིད་ཀྱི་གཅུང་མོའི་ལྷན་པ་བརྒྱབ་ཟིན་པའི་ལྷམ་ཆ་གཅིག་དེ་བོར་བརླག་ཏུ་སོང་བ་རེད། ཕ་མ་གཉིས་པོའི་བཀའ་བཀྱོན་ལས་གཡོལ་ཆེད་ཁོས་རང་ཉིད་ཀྱི་གཅུང་མོར་དོན་དེ་གནས་སྐབས་རིང་སྦ་གསང་བྱ་རྒྱུའི་རེ་བ་བཏོན། དུས་དེ་ནས་བཟུང་ཁོ་གཉིས་གཅེན་གཅུང་གཉིས་ཉིན་ལྟར་ཁོ་པའི་རྙིང་ཧྲུལ་དུ་གྱུར་པའི་རས་ལྷམ་ཆ་གཅིག་དེ་མཉམ་སྤྱོད་བྱས་ནས་སློབ་གྲྭར་བསྐྱོད་དགོས་བྱུང་། དེ་ཡང་གཅུང་མོ་ཉིན་ལྟར་སློབ་ཚན་གྲོལ་རྗེས་དབུགས་མ་ཧལ་བར་རྒྱུག་ནས་རང་ཁྱིམ་དང་ཉེ་བའི་སྲང་ལམ་དུ་ཁོ་པ་དང་ལྷམ་བརྗེ་པོ་རྒྱག་པར་བསྐྱོད་དགོས་ལ། ཨ་ལི་(ALI)རང་ཉིད་ཀྱང་རྟག་པར་ཕྱི་འབྱོར་བྱུང་བས་སློབ་སྤྱིས་སློབ་གསོ་དང་སྐྱོན་བརྗོད་ཐེངས་མང་བྱས། རྙོག་དྲ་གཅིག་རྗེས་གཉིས་མཐུད་དང་བར་ཆད་ལ་གདོང་བསུ་དཀའ་བས། ཁོ་གཉིས་ཀྱིས་བོར་ཟིན་པའི་ལྷམ་དེ་རྙེད་པའམ་ཡང་ན་ལྷམ་གསར་པ་ཆ་གཅིག་བྱུང་ན་ཅི་མ་རུང་སྙམ་ནས་རེ་སྒུག་བྱེད་ཀྱི་ཡོད། འོན་ཀྱང་རང་ཉིད་ཀྱི་བོར་བརླག་སོང་བའི་ལྷམ་དེ་ཏག་ཏག་ལོང་བ་ཞིག་གི་བུ་མོས་གྱོན་པ་ཤེས་དུས་སླར་ཡང་ཅི་བྱ་གཏོལ་མེད་དུ་གྱུར།

ཨ་ལིས(ALI)མ་གཞི་པ་ཕ་དང་རང་ཉིད་ཀྱིས་གྲོང་ཁྱེར་ནང་ཡོང་འབབ་བསགས་པའི་དངུལ་གྱིས་གཅུང་མོར་ལྷམ་གསར་པ་ཆ་གཅིག་ཉོ་རྒྱུའི་རྩིས་ཡོད་ཀྱང་གློ་བུར་དུ་པ་ཕར་རྨས་སྐྱོན་བྱུང་བས་ཁོ་པའི་རེ་བ་དེ་འགྲུབ་ཐབས་མེད་པར་གྱུར། མཐའ་མ་གྲོང་ཁྱེར་ཡོངས་ཀྱི་རྒྱང་རྒྱུགས་འགྲན་བསྡུར་གྱི་ཨང་གསུམ་པ་ཐོབ་མཁན་ལ་བྱ་དགའ་ལྷམ་ཆ་གཅིག་ཡོད་པ་ཤེས་རྗེས། ཐབས་བརྒྱ་ཇུས་སྟོང་གིས་བརྩོན་ལེན་བྱས་ནས་གཅུང་མོར་སྟེར་རྒྱུའི་བསམ་འདུན་བཅངས་རུང་། བསམ་ཡུལ་ལས་འདས་པ་ཞིག་ལ། མཐའ་མའི་འགྲན་བསྡུར་གྱི་འདུ་འཛི་དང་འགྲན་རྩོད་དྲག་པོའི་ཁྲོད་ཁོ་ཇི་ལྟར་བྱས་མིན་ཡང་ཆ་མི་འཚལ་བར་མིག་བཙུམ་ཐེངས་གཅིག་ལ་ཨང་དང་པོར་ཆགས་པས་བློ་རབ་ཏུ་ཕམ་པར་གྱུར། ཁྱིམ་དུ་སླེབས་རྗེས་ཨ་ལིས(ALI)རྫིང་བུའི་ནང་ཆུ་བུར་གྱིས་ཁེངས་པའི་རྐང་པ་འཁྲུད་བཞིན་འདུག་སྐབས། པ་པ་ཏག་ཏག་ཆེད་མངགས་ཁོ་པ་དང་གཅུང་མོར་ཉོས་པའི་ལྷམ་ཁྱེར་ནས་ནང་དུ་ལོག་པའི་ལམ་བར་ན་མཆིས།

1479647286863413.jpg

དཔྱད་གཏམ།

      གློག་བརྙན་འདིའི་ནང་བྱིས་པའི་མཐོང་སྣང་བརྒྱུད་གཅེན་གཅུང་གཉིས་ཀྱིས་ལྷམ་ཆུང་ཆ་གཅིག་རེག་ཐབས་བྱས་པའི་སྒྲུང་ཞིག་བརྗོད་ཡོད་ཅིང་།  འདུ་འཛི་དང་ཟང་ཟིང་གིས་ཁེངས་པའི་དེང་གི་སྤྱི་ཚོགས་སུ་དཀོན་པའི་གཅེན་པོའི་དྭངས་ཤིང་གསལ་བའི་མིག་ཁྲ་ཆིལ་ལེ་བ་གཉིས་དང་གཅུང་མོའི་ལྷད་མེད་པའི་འཛུམ་མདངས་དག་ལས་དེ་ནི་མི་གཙང་དྲི་མས་མ་སྦགས་ཅིང་། བབ་ཆགས་པའི་འཚོ་བའི་གནས་ལུགས་བརྗོད་པའི་གློག་བརྙན་གཅིག་ཡིན་པ་རྟོགས་ཐུབ། གཅེན་གཅུང་གཉིས་ཉིན་ལྟར་ཕར་འགྲོ་ཚུར་འོང་ཁོ་ན་ལ་བྲེལ་དོན་ནི།གཞན་གྱིས་མིག་གིས་ཕར་ཞོག ཐ་ན་ལྟག་ཁུང་ཙམ་ཡང་མི་ལྟ་བའི་ལྷམ་ཆུང་ཆ་གཅིག་གི་ཆེད་དུ་རེད།

       མི་ཚང་མར་བརྗེད་པར་དཀའ་བའི་བྱིས་དུས་ཀྱི་དྲན་གསོ་ཡོད་པ་སྨོས་མི་དགོས། ཆུང་བྱིས་པའི་དུས་ཀྱི་བསམ་བློ་སྟབས་བདེ་ལ་དགོད་བྲོ་བ་ཞིག་ཡོད་རུང་། དེས་རྐྱེན་པས་མི་མང་པོའི་ཡིད་སེམས་རབ་ཏུ་སྒུལ་ཐུབ་སྟེ།  འདི་ནི་གློག་བརྙན་འདི་མི་མང་པོས་དགའ་པོ་བྱེད་པའི་རྒྱུ་མཚན་དང་འདོན་སྤེལ་བྱེད་པའི་བསམ་བློའི་སྐུལ་སློང་ཡང་ཡིན་སྙམ།    རྒྱང་རྒྱུགས་འགྲན་བསྡུར་ཀྱི་མཇུག་འབྲས་ཚང་མའི་བསམ་པའི་ཡུལ་ལས་འདས། མི་ཚང་མས་སེམས་གཏིང་ནས་ཡིད་སྨོན་དང་བསྔགས་བརྗོད་ཚད་མེད་བྱེད་དུས། ཨ་ལི་(ALI)ཡི་ངོ་གདོང་ནི་སྐྱོ་སྣང་གི་མཆི་མས་རབ་ཏུ་བརླན། དེ་ནི་གློག་བརྙན་ཧྲིལ་པོའི་ནང་མི་སེམས་བསྒུལ་ཤོས་དང་བསྟན་བཤིག་ཆེ་ཤོས་ཀྱི་ཆ་ཤས་དང་། རྫིང་བུའི་ནང་ཆུ་བུར་གྱིས་ཁེངས་པའི་རྐང་པ་འཁྲུད་བཞིན་པའི་གནས་སྐབས་ནི་ཁ་ཁུ་སིམ་ཤོས་ཀྱི་ཆ་ཤས་རེད། ལྟད་མོ་བ་ཚང་མར་ཚོར་སྣང་གཅིག་མཚུངས་གཅིག་ཡོང་སྲིད། དེ་ནི་མིག་ཆུ་དང་ངུ་ངག་མིན་པར། ཁ་ཁུ་སིམ་པའི་དགོང་དྲོའི་དུས་ཚོད་གཅིག་དང་རྫིང་བུའི་ནང་གི་ཆུ་དང་ཉ་ཁྱུ། སོ་སོ་རང་ཉིད་བཅས་ཡིན། དེར་བརྟེན། འདི་བྱིས་པའི་གློག་བརྙན་ཞིག་ཡིན་ཟེར་ན་མི་བདེན། དེ་ལས་ལྡོག་སྟེ། མི་ཚེའི་ལམ་བུར་འགྲུལ་བཞུད་བྱེད་བཞིན་པའི་མི་ལ་དཀའ་ངལ་ཁྱད་གསོད་དང་འཚོ་བ་ལ་དགའ་ཞེན་བྱེད་དགོས་པའི་གནས་ལུགས་བསྟན་པའི་གློག་བརྙན་ཞིག་རེད་སྙམ།

                                                                                                               【རྩོམ་སྒྲིག་པ།ཀརྨ་རྣམ་རྒྱལ།

 


དཔྱད་མཆན་ཡོད།