བྱ་ཕྲུག་མགྱོགས་པོ་བྲོས།

ནང་དོན་མདོར་བསྡུས།

གློག་བརྙན་དེ་ནི་དབྱིན་ཇིའི་ཝའེ་ཐི་དིས་ཞེས་པའི་བྱ་གསོ་རྭ་བའི་ནང་གི་བྲན་གཡོག་ཚོས་འཚོ་བ་དེ་བསྟན་པ་བྱས་ཡོད། བྱ་གསོ་ར་བའི་བདག་མོ་ལྩམ་མོ་ཐི་ཝིས་དིས་ནི་ཧམ་སེམས་ཆེན་པོ་ཞིག་ཡིན་ཏེ། ཉིན་ལྟར་བྱ་མོ་ལས་སྒོ་ང་མང་ཙམ་ལོན་ཐབས་ཀྱི་བསམ་བློ་རྐྱང་རྐྱང་བཏང་། སྐུ་ཞབས་ཐི་ཝིས་དིས་ཉིན་ལྟར་ཁྱི་གཉིས་ཁྲིད་ནས་སྒོ་རར་སྐོར་ཏེ་བྱ་མོ་རྣམས་ཀྱི་བཟའ་སྡོད་སྤྱོད་གསུམ་ལ་བལྟ་དཔྱོད་བྱས། གལ་སྲིད་བྱ་མོ་ཚོས་སྒོ་ང་བཏང་མེད་ན་དེར་ཆགས་སྒོ་ནི་འབྱུང་བ་ཤག་ཤག་རེད། ཡིན་ནའང་བྱ་མོ་ཅིན་དིས་ནི་སྤྱང་གྲུང་ཅན་ཞིག་དང་དཔའ་ངར་ལྡན་པ་ཞིག་རེད། ཁོ་མོས་གནས་བབས་དེར་མགོ་མ་སྒུར་བར་དུས་གང་རུང་ཞིག་ལ་བྱ་མོའི་ཚོགས་འཁྲིད་ནས་བྲོས་ཐབས་བྱས། བྱ་མོ་དེ་ཚོ་ནི་ཆེས་མཐོ་བའི་ལྕགས་རའི་ནང་དུ་བཅུག་ཡོད་པ་རེད། ཁོ་ཚོས་ཉིན་ལྟར་སེམས་ཁྲལ་བྱ་རྒྱུ་ནི་སང་ཉིན་སོ་སོ་གསོན་ཨེ་ཐུབ་བམ་བསམ་ནས་བསྡད་དགོས། ཁོ་ཚོའི་རེ་བ་ཆེས་ཆེ་ཤོས་ནི་ནམ་ཞིག་ལ་ལྕགས་ར་ནས་ཕྱི་ཐོན་ཐུབ་ནས་ཕྱི་རོལ་གྱི་འཇིག་རྟེན་ལ་བལྟ་རྒྱུ་དེ་རེད། བྲོས་ཐབས་ཀྱི་བྱ་འགུལ་རེ་རེ་བཞིན་སྟོང་པར་གྱུར་རྗེས་ཁོ་ཚོའི་འགོ་གཙོ་མི་སྣས་ད་དུང་རྒྱུན་འཁྱོངས་ཀྱིས་དཀའ་ཚེགས་དེ་ལས་བགྲོལ་ཐུབ་པ་བྱ་དགོས་ཟེར་ནས་ཐབས་ཤེས་འཚོལ་བར་བྱས། ས་ཆ་དེ་ནི་སྤྱིར་བཏང་གི་བཙོན་ས་ཞིག་མ་ཡིན་ལ་ཁོ་ཚོ་ཡང་སྤྱི་བཏང་གི་བཙོན་པ་ཞིག་ཀྱང་ག་ལ་ཡིན། ཁོ་ཚོ་ནི་ཝའེ་ཐི་དིས་བྱ་གསོ་ར་བའི་བྱ་མོ་རྣམས་པ་རེད། སུ་ཡིས་སྒོ་ང་བཏང་ན་དེ་ནི་མི་རྣམས་ཀྱི་སྒྲོག་རྩེ་སྟེང་གི་བཟའ་རྒྱུར་འགྱུར་འགྲོ་བ་རེད། མི་རྣམས་ཀྱི་བཟའ་མར་འགྱུར་བ་དེ་ལྟ་བུའི་ལས་དབང་ལ་ཁ་ལོ་བསྒྱུར་ཆེད་ཁོ་ཚོའི་འགོ་གཙོ་ཅིན་ཅེའེ་དང་རོགས་ཟླ་ཚང་མས་ལྕགས་ར་དེ་ལས་བརྒལ་ཏེ་རང་དབང་གི་འཚོ་བ་འཚོལ་དུ་འགྲོ་རྒྱུའི་བློ་ཐག་བཅད། འདོད་རྔམ་ཆེ་བའི་ལྩམ་མོ་ཐི་ཝིས་དིས་བྱ་ཤའི་བག་ལེབ་བཟོ་སའི་འཕྲུལ་འཁོར་ཞིག་བཙུགས་བཞིན་ཡོད་པ་དེས་དངུལ་མང་པོ་ཞིག་བསགས་དགོས་བསམ། བྱ་མོ་ཚོ་ངེས་པར་དུ་འཕྲུལ་འཁོར་དེ་བཙུགས་མ་ཚར་གོང་དུ་བྲོས་ཐུབ་པ་བྱ་དགོས་ཏེ་དེ་ལྟར་མ་བྱུང་ཚེ་ཁོ་ཚོ་ཚང་མ་མཉམ་དུ་བྱ་ཤའི་བག་ལེབ་ཏུ་འགྱུར་སྲིད་པས་ཁོ་ཚོར་ཡོད་པའི་དུས་ཚོད་ནི་ཇེ་འཐུང་ནས་ཇེ་འཐུང་དུ་ཕྱིན། སྐབས་དེར་བྱ་ཕོ་ལོ་ཅིས་གནམ་ནས་ལྷུང་བས་ཁོང་གི་རོགས་རམ་འོག་བྱ་ཚོགས་ཀྱིས་བྲོས་བྱོལ་དུ་འགྲོ་བའི་འཆར་གཞི་བཟོས། བྱ་ཕོ་དེས་ཉིན་ལྟར་ཁོ་ཚོར་འཕུར་སྟངས་ཀྱི་ཤེས་བྱ་བསླབ་པ་བྱས། འཕུར་འགོ་དངོས་སུ་བརྩམས་པའི་ཉིན་དེར་བྱ་གསོ་ར་བ་ནི་ལོ་སར་པ་ཤར་བ་ལྟ་བུའི་འཁྲུག་པོ་བྱུང་། ཡིན་ནའང་། བྱ་ཕོ་ལོ་ཅིས་ཀྱིས་བྱ་དེ་རྒན་པོས་ཁོ་ལ་སྤྲད་པའི་དབྱིན་ཇིའི་རྒྱལ་རྒྱུད་མཁའ་དམག་གི་དྲན་རྟགས་དེ་དང་རྒྱ་ཁྱབ་བརྡ་སྦྱོར་རལ་འཕྲོ་དེ་གཉིས་བཞག་ནས་ཕྱིན་ཚར། རྒྱ་ཁྱབ་བརྡ་སྦྱོར་དེ་ཡིས་ཁོང་ཚོར་བློ་སྐྱེད་ཐེབས་ནས་འཕུར་བྱེད་གནམ་གྲུ་དེ་བཟོ་འགོ་བརྩམས། དེ་བཟོས་ཚར་ནས་ཁོང་ཚོ་བྲོས་བྱོལ་དུ་འགྲོ་ལ་ཉེ་དུས་བདག་པོས་མཐོང་དེ་ཁོང་ཚོ་དང་འཐབ་རྩོད་བྱས་པ་དང་། སྐབས་དེར་བྱ་ཕོ་ལོ་ཅིས་ལོག་སླེབས་ནས་ཁོ་ཚོ་ལ་རོགས་པ་བྱས་ཏེ་མཐར་ཉེན་ཁ་ལས་གྲོལ་ཏེ་ཁོང་ཚོས་ཡུན་རིང་དུ་རེ་བ་བཅངས་པའི་རྩྭ་ཐང་དུ་འབྱོར་བ་དང་ཞི་བདེའི་འཚོ་བར་རོལ་བ་བཅས་གསལ་ལོ།

   མདོར་ན་འགུལ་བརྙན་དེ་ནི་བྱ་མོའི་ཚོགས་འཇིགས་སྐྲག་གི་འཚོ་བ་ལས་ཐར་ཆེད་རང་གི་བློ་རིག་བེད་སྤྱད་ནས་ར་བ་ཕྱི་ཡི་ཞི་བདེ་དང་རང་དབང་ལ་བརྩོན་པ་ཞིག་བསྟན་ཡོད། །

1479650339400706.jpg

   བྱ་ཕྲུག་མགྱོགས་པོ་བྲོས ཞེས་པའི་འགུལ་བརྙན་དེ་ནི་༢༠༠༠ལོའི་སྤྱི་ཟླ༦པར་ཨ་མི་རི་ཁ་དང་ཡོ་རོབ་ཏུ་བསྟན་རྗེས་ཧ་ཅང་དར་གསོ་ཆེན་པོ་བྱུང་། གློག་བརྙན་དེའི་འཁྲབ་ཁྲིད་པ་ནི་འགུལ་བརྙན་སྒྲིག་བཟོ་ཀུང་སི་ཨ་ཏི་མམ་ཀུང་སིའི་འཁྲབ་ཁྲིད་པ་མྱིད་ཁིཕའ་ཁིPeter Lordཞེས་པ་དེ་ཡིན་ཞིང་ཁོང་ལའདམ་བཟོའི་འགུལ་རིས་ཀྱི་གློག་བརྙན་མི་སྣཞེས་འབོད། ཁོང་ནི་རང་སོའི་ལྟ་བ་མང་ལ་ཤེས་རྒྱ་ཡངས་པའི་མི་ཞིག་ཡིན། ཁོང་ཆུང་དུས་ནས་འགུལ་རིས་ལ་དགའ་པོ་ཡོད་དེ། དགུང་ལོ་གཉིས་ཀྱི་སྐབས་རྩི་གསར་དུ་གསོས་པའི་ཐབ་ཚང་གི་གྱང་ངོས་སུ་རྒྱུན་རིང་ལ་ནོག་ཏུ་མི་འགྲོ་བའི་ལྕགས་སྨྱུག་གིས་གསོན་ཉམས་ལྡན་པའི་མེ་འཁོར་གྱི་རི་མོ་གང་བྲིས་པ་དང་དགུང་ལོ་བཅུ་གསུམ་ལ་སླེབས་དུས་སུ་ཁོང་ཚང་གི་སྒོ་རའི་ནང་འགུལ་བརྙན་བཟོ་འགོ་བརྩམས། ཁོང་གིས་དངུལ་བསགས་ནས་ཧའོ་རྨིད་བརྒྱད་ཀྱི་བརྙན་ཆས་ཤིག་ཉོ་འདོད་བྱུང་བས་དབྱར་ཁའི་དུས་ཚོད་གང་པོར་བྱ་ཤར་ཐོམ་བཟོ་བྱེད་སའི་བཟོ་གྲྭ་ཤིག་གི་ནང་དཀའ་ངལ་ལ་འབད། ཉིན་ལྟར་བྱ་རོ་སྟོང་ཕྲག་མང་པོ་འཕྲུལ་འཁོར་ནང་ནས་ཡར་འདོན་མར་འདོན་བྱས་པ་མཐོང་བ་དེས་ཁོང་གིས་རྗེས་སུབྱ་ཕྲུག་མགྱོགས་པོ་བྲོས ཞེས་པའི་འགུལ་་བརྙན་དེ་སྒྲིག་བཟོ་བྱ་བར་བློ་སྒོ་སྐྱེས།

རྩོམ་སྒྲིག་པ།ཀརྨ་རྣམ་རྒྱལ།


དཔྱད་མཆན་ཡོད།