《གཡང་མདའ》ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་བསྟན།

   ཟླ12པའི་ཚེས8ཉིན་གྱི་དགོང་མོའི་ཆུ་ཚོད་བདུན་པར། བོད་ཀྱི་དེང་རབས་རྩོམ་པ་པོ་དང་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་གདན་ཞུས་ལྟར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་ཕེབས་ཏེ། དེ་གར་ཐོན་པའི་གློག་བརྙན་གཟིགས་མོ་བ་མི་ལྔ་བརྒྱ་ལྷག་ལ་ཁོང་གི་གློག་བརྙནགཡང་མདའཞེས་པ་བསྟན་པ་དང་དེའི་རྗེས་སུ་ཆུ་ཚོད་གཅིག་གི་རིང་ལ་གློག་བརྙན་ཕབ་ལེན་སྐོར་ནས་ལྟད་མོ་བ་རྣམས་དང་བགྲོ་གླེང་བྱས།

   བརྙན་སྟོན་མཛད་སྒོ་དགོང་མོའི་ཆུ་ཚོད་བདུན་པ་ནས་མགོ་བརྩམས་ཤིང་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོ་དགེ་རྒན་ཚེ་རིང་ཐར་ལགས་ནས་མདོ་འཛིན་བྱས་ལ་བཀྲ་བྷ་དང་བན་དེ་མཁར་སོགས་དགེ་རྒན་དག་ཀྱང་ཞུགས།

   ཐོག་མར་མདོ་འཛིན་པས་པད་མ་ཚེ་བརྟན་ལགས་ངོ་སྤྲོད་ངོ་སྤྲོད་མདོར་བསྡུས་ཤིག་བྱས་རྗེས་གློག་བརྙནགཡང་མདའདངོས་སུ་བསྟན། ཞིབ་ཕྲ་ལྡན་ལ་ཕ་ཡུལ་གྱི་བྲོ་བས་ཕྱུག་པའི་བྱུང་རིམ་དང་ཆོབ་ཚ་བའི་སྐད་ཆ། ཉམས་དོད་པའི་རོལ་དབྱངས། མི་སྣའི་སྣང་བརྙན་རེ་རེ་སོགས་ཀྱིས་གཟིགས་མོ་བ་དག་གི་ཡིད་དབང་འཕྲོག

   གློག་བརྙན་བསྟན་ཚར་རྗེས་པདྨ་ཚེ་བརྟན་ལགས་ནས་ཁོང་གི་གློག་བརྙན་འདི་ཕབ་ལེན་གྱི་བྱ་བ་དག་ངོ་སྤྲོད་མདོར་བསྡུས་ཙམ་གནང་ཞིང་། དེའི་རྗེས་སུ་དྲི་བ་དྲིས་ལན་གྱི་རྣམ་པས་བགྲོ་གླེང་གི་མགོ་བརྩམས།

   འཁྲབ་སྟོན་པ་ཁོང་གིས་གློག་བརྙན་ཡང་རྩོམ་རིག་དང་འདྲ་བར་ཁོང་ལ་མཚོན་ན་མཛེས་སྡུག་གི་བསླུ་བྲིད་ཅིག་ཡིན་པ་དངགཡང་མདའནི་ཁོང་གི་སྔོན་མའི་གློག་སྔོན་མ་གསུམ་ག་དང་མི་འདྲ་བར་ལྟད་མོ་བ་བསྟུན་ཆེ་བར་བྱས་ཡོད་ལ། སྔོན་མའི་གློག་བརྙན་གསུམ་ནི་སྒྱུ་རྩལ་གྱི་རང་བཞིན་ཤུགས་དྲག་པོ་ཡོད་པ་གསུངས་ཤིང་། རྗེས་ཕྱོགས་དབུས་སྐད་དང་ཁམས་སྐད་ཀྱི་གློག་བརྙན་ཀྱང་བསྐྲུན་རྩིས་ཡོད་སྐོར་གསུངས། དེ་བཞིན་དུ་ཁོང་གིས་བོད་བརྙན་གྱིས་མ་འོངས་པར་བཟུང་བའི་རེ་བ་དང་གློག་བརྙན་ཕབ་བསྐྲུན་གྱི་དཀའ་ཁག་སོགས་ཀྱི་ཆ་ནས་གསུངས་བཤད་གནང་ཞིང་། དགོང་མོའི་ཆུ་ཚོད་དགུ་དང་ཕྱེད་ཀར་ཐེངས་འདིའི་བརྙན་སྟོན་བྱ་འགུལ་བདེ་བླག་ངང་གྲུབ།

དཔྱད་མཆན་ཡོད།