འཁྲབ་སྟོན་པ་གྲགས་ཅན་གུར་མགོན་སྐྱབས་འགྲིམ་འགྲུལ་དོན་རྐྱེན་གྱིས་གྲོངས།


      ཟླ6པའི་ཚེས29ཉིན།  འཁྲབ་སྟོན་པ་གྲགས་ཅན་གུར་མགོན་སྐྱབས་ལགས་ཀན་སུའུ་ཞིང་ཆེན་གྱི་མངའ་ཞབས་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་ནས་བླ་བྲང་དུ་འགྲོ་བའི་ལམ་བར་དུ་སྟབས་མ་ལེགས་པར་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་གྲོངས་ཡོད་འདུག

     གུར་མགོན་སྐྱབས་ལགས་ནི།  ཕུལ་དུ་བྱུང་བའི་གློག་བརྙན་འཁྲབ་སྟོན་པ་དང་། འཁྲབ་ཁྲིད་པ་ཡིན་ལ།   ཁོང་གི་ཕ་ཡུལ་ནི་ཀན་ལྷོ་ཁུལ་གཙོས་ཁ་ཟག་སྡེ་བ་ནས་རེད།   འབྲེལ་ཡོད་གནས་ཚུལ་ལ་གཞིགས་ན།  ཁོང་ཧྥ་རན་སིར་གཏན་བཞུགས་གནང་ཡོད་ཅིང་།  འདི་ལོར་ཕྱིར་རྒྱལ་ནང་དུ་ལོག་ནས་ཟླ་ངོ་གཅིག་ཙམ་ལས་འགོར་མེད་འདུག་ལ།  སྤྱི་ཚེས་ཟླ6ཚེས26ཉིན།  ཁོང་གིས་ད་དུང་གློག་བརྙན་འགྲེམ་སྟོན་ཚོགས་འདུ་ཞིག་གི་ཐོག་ཁོང་གི་གློག་བརྙན་སྒྱུ་རྩལ་གྱི་མི་ཚེ་དང་གློག་བརྙན་སྐོར་གྱི་ཁ་བརྡ་མང་པོ་བྱས་ཡོད་འདུག
      ཁོང་གིས་ཧྥ་རན་སིའི་འཁྲབ་ཁྲིད་པEric Valli ལགས་ཀྱིས་སྤྱི་ལོ1999ལོར་འཁྲབ་ཁྲིད་བྱས་པའི་བོད་འབྲེལ་གློག་བརྙན《ཧི་མ་ལ་ཡ》ཡི་ནང་དུ་ཀརྨ་ཟེར་བའི་མི་སྣ་ཞིག་འཁྲབ་ཡོད་ལ།   འཁྲབ་ཐེངས་དེས་གཟིགས་མོ་བ་ཁྲི་སྟོང་མང་བོར་བགས་ཆགས་ཟབ་མོ་བཞག  གློག་བརྙན《ཧི་མ་ལ་ཡ》མ་ཟད། ཁོང་གིས་སྤྱི་ལོ2004ལོར《ཨིཀ་ཟྱལ》ཟེར་བ་དང2009ལོར《རི་སྤྱང》ཟེར་བ་གཉིས་ཀྱང་འཁྲབ་ཡོད།  

(《ཧི་མ་ལ་ཡ》ཡི་ནང་གི་པར།  ཀརྨ་དང་པད་མ་གཉིས)

 

(གུར་མགོན་སྐྱབས།  གཡས་ཀྱི་དང་པོ། )

 

དཔྱད་མཆན་ཡོད།