བོད་ཁམས་འཁྲབ་གཞུང་འགྲན་བསྡུར་གྱི་བརྡ་ཡིག་མཐོང་བ་ཀུན་དགའ།

1475987827580145.jpg

 ཁྱུང་ཆེན་རུ་བརྒྱན་གློག་བརྙན་ལས་འཆར།


      ཁྱུང་གི་རུ་རྒྱན་གསོལ་བའི་གློག་བརྙན་ལས་འཆར་འདི་ནི་བོད་ཀྱི་གློག་བརྙན་ཕྲིན་ལས་རྒྱས་པར་ཕྱར་བ་གྲུ་འདེགས་ཀྱི་ཚུལ་དུ་ཁྱུང་ཆེན་བརྙན་གླིང་དང་མཚོ་སྔོན་རྒྱང་སྒྲོག་གློག་བརྙན་འཕྲིན་ཅུད་གློག་བརྙན་ཁྲུའུ་གཉིས་ཀྱིས་ལྷན་དུ་ཇུས་ཁ་བཏོན་ཞིང་གཙོ་སྐྱོང་བྱས་པའི་སྤྱི་ཕན་བྱ་གཞག་ཅིག་ཡིན་ལ། དེ་ཡང་བོད་ཀྱི་གཞོན་རབས་གློག་བརྙན་མོས་པ་ཅན་དག་ལ་དམིགས་ཏེ་གསར་སྐྱེས་འཇོན་ལྡན་མི་སྣ་སྐྱེད་སྲིང་བྱེད་པར་བསྐྲུན་པའི་ལང་ཚོའི་གར་སྟེགས་ཤིག་ཀྱང་ཡིན།  ལས་འཆར་འདི་དང་འབྲེལ་ཏེ་ངེད་ཁྱུང་ཆེན་ཚང་གིས་སྔ་རྗེས་སུ་གློག་བརྙན་འཁྲབ་གཞུང་གསར་རྩོམ་འགྲན་སྡུར་དང་།  གཞོན་སྐྱེས་འཁྲབ་ཁྲིད་པའི་བརྩམས་ཆོས་གཟིགས་འབུལ། འགུལ་རིས་གློག་བརྙན་གསར་རྩོམ་གསོ་སྦྱོང་། གཞོན་སྐྱེས་ཕབ་སྐྲུན་པ་སྐྱེད་སྲིང་། གློག་བརྙན་སྒྲིག་སྦྱོར་ལག་རྩལ་གསབ་སྦྱོང་སོགས་ལས་རིགས་འདི་གར་སྨན་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་དང་། བྱ་གཞག་འདིའི་ལས་རིམ་གྱི་ཐོག་མཐའ་བར་གསུམ་དུ་རྒྱལ་ནང་གི་ཆེད་ལས་མི་སྣ་གྲགས་ཅན་དང་ཉི་ཧོང་། དབྱི་ཐྲ་ལི། ཤང་ཀང་། ཐེ་ཝན་སོགས་ཀྱི་ཆེད་མཁས་མི་སྣ་གདན་ཞུས་ཀྱིས་མཛུབ་སྟོན་དང་ལས་སྐྱོང་བྱ་རྒྱུ་ཡིན།

      ང་ཚོས་འཚོལ་གྱིན་པའི་ཁྱེད་ལ་གློག་བརྙན་སློབ་གླིང་འགྲིམས་པའི་སྐལ་བ་མ་ཐོབ་པར་ཡང་སྲིད། ཁྱེད་ཀྱིས་རང་ཉིད་ཀྱི་གློག་བརྙན་འཇོན་ནུས་ལ་ཡིད་མ་མགུ་བར་བག་འཁུམས་དུ་ལུས་ཡོད་ཀྱང་སྲིད། ཡང་ན་ཁྱེད་ཀྱི་བློ་རུ་སྔར་ནས་རང་གི་འཆར་སྒོ་ལྷམ་མེར་ཡོད་ཀྱང་། དེ་ཉིད་བརྙན་ཡོལ་དུ་འབེབས་པའི་གོ་སྐབས་མ་རག་པར་ཡང་སྲིད། ཡིན་ཡང་དེ་དག་ལ་ཐུགས་དོགས་མཛད་པར་མ་གནང་ཅིག གལ་སྲིད་ཁྱེད་ལ་གློག་བརྙན་གྱི་བསམ་རྟོག་གཞན་དྲིང་མི་འཇོག་པ་ཞིག་ཡོད་ཚེ། རང་ཉིད་ལ་རྒྱུས་ཆེ་བའི་འཚོ་བའི་གཏམ་རྒྱུད་དེ་བསྣམས་ནས་ཤོག་དང་། རང་བློ་ན་གདེངས་ཡོད་པའི་བསམ་པའི་ཁ་དོག་རེ་ཁྱེར་ནས་ཤོག་དང་།  ཁྱུང་ཆེན་ཚང་གིས་གཞོན་པ་ཁྱེད་ལ་གནམ་འབིགས་པའི་རྭ་ཞིག་སྤྲོད་དོ། །ཁྱེད་ལ་བློ་སྤོབས་དང་རྣོ་ངར་སྩོལ་དོ། །


ཁྱུང་རུ་རྟགས་མའི་གློག་བརྙན་བྱ་དགའ།


        བོད་ཀྱི་ཤེས་རིག་གི་ཁུངས་ནི་ཡ་ཐོག་ཞང་ཞུང་ལ་ཐུག་པ་དང་། གནའ་བོའི་ཞང་ཞུང་གི་དུས་ནས་ཁྱུང་རུ་ནི་ཐོབ་དང་དབང་གི་མཚོན་བྱེད་ཡིན་ཏེ། རྒྱལ་བོ་དང་སྐུ་གཤེན་དག་གི་དབུ་ཞྭ་ལ་ཁྱུང་རུས་བརྒྱན་པས་རྒྱལ་བོ་བྱ་རུ་ཅན་ལ་བཅོ་བརྒྱད་དང་། བྱ་རུ་ཐོབ་པའི་གཤེན་ཆེན་བརྒྱད་སོགས་སུ་གྲགས་པ་ལྟར་ཡིན། དེ་བས་ད་རེས་ཀྱི་སྤྱི་ཕན་གློག་བརྙན་ལས་འཆར་འདི་ཡང་སྲོལ་སྔ་མའི་ཁུངས་ལ་དཔེ་བྱས་ཏེ། འགྲན་ཡ་དག་ལས་གཟེངས་སུ་ཐོན་པའི་གློག་བརྙན་ལས་རིགས་ཀྱི་མི་བུ་རེ་བ་ཅན་དག་ལ་རྣམ་པར་རྒྱལ་བའི་སྐྱེས་སུ་ཁྱུང་རུ་རྟགས་མའི་གཟིགས་བཟོས་འབུལ་བའི་སྲོལ་བསྐྱངས་པ་ལགས་ཤིང་། ཁྱུང་རུ་འདི་ཡིས་ཁྱེད་ལ་སྔར་ལས་ལྷག་པའི་བློ་གཤོག་དང་རྩལ་དྲུག་རྒྱས་པར་སྐུལ་མ་ཐེབས་རེ་བཅངས་པ་ཡིན། རེབ་འདིའི་ཁྱུང་རུ་རྟགས་མའི་གཟིགས་བཟོས་ལ་ནང་ཚན་གསུམ་དུ་དབྱེ་ཡོད་དེ། ཁྲ་བོ་གཟིའི་ཁྱུང་རུ་རྟགས་མ་དང་། དྲུག་དཀར་གཡུའི་ཁྱུང་རུ་རྟགས་མ། མཐོན་མཐིང་བཻཌཱུརྱའི་ཁྱུང་རུ་རྟགས་མ་བཅས་ཡིན། དེ་བཞིན་གློག་བརྙན་བྱ་དགའི་དཔྱད་འདེམས་ཐད་ཆེད་དུ་རྒྱལ་ནང་གི་གློག་བརྙན་ཆེད་མཁས་གྲགས་ཅན་གདན་དྲངས་ཏེ། འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ། འཁྲབ་གཞུང་རྩོམ་པ་པོ། གློག་བརྙན་དཔྱད་བརྗོད་པ་བཅས་ཀྱིས་གྲུབ་པའི་དཔྱད་འདེམས་པའི་གཙོ་སྐྱོང་ཚོགས་པ་ཞིག་འཛུགས་རྒྱུ་ཡིན་ཞིང་། དེ་དག་ལས་འོས་བདམས་མི་སྣ་གཅིག་གིས་དབུ་ཆེན་གྱི་འགན་ཁུར་ཏེ་དཔྱད་འདེམས་བྱེད་པ་ཡིན། བྱ་དགའི་རྣམ་གྲངས་དེ་དག་ལས་ཁྲ་བོ་གཟིའི་ཁྱུང་རུ་ནི་མ་འོངས་པར་བོད་ཁམས་ཀྱི་གློག་བརྙན་དཔུང་སྡེའི་སྲོག་འདེགས་ཀ་བར་འགྱུར་སྲིད་པའི་འཇོན་ལྡན་མི་སྣ་སྐྱེད་སྲིང་གི་ཕྱིར་འབུལ་བ་དང་།  དྲུག་དཀར་གཡུའི་ཁྱུང་རུ་ནི་གློག་བརྙན་ལས་ཀ་བ་སྒེར་ཚུགས་ཅན་དང་ཐུན་མིན་གྱི་གོ་རྟོགས་འཕེར་བའི་གཞོན་རབས་པའི་དྭངས་རྩེ་དག་ལ་འབུལ་བ་ཡིན། ཡང་མཐོན་མཐིང་བཻཌཱུརྱའི་ཁྱུང་རུ་ནི་གློག་བརྙན་གསར་རྩོམ་ལ་འཇུག་པའི་ལས་དང་པོ་བ་རྣམས་ལས་རེ་བའི་ས་བོན་ཅན་དག་རྩལ་དྲུག་རྫོགས་ཕྱིར་སྐུལ་ལྕག་དུའོ། །

 

འཁྲབ་གཞུང་གསར་རྩོམ་འགྲན་སྡུར་གྱི་གསལ་བརྡ།


      བོད་ཁམས་ཀྱི་གློག་བརྙན་རྩོམ་རིག་སྤུས་དག་འཚོལ་སྡུད་དང་། གློག་བརྙན་ཐོན་ལས་གོང་ནས་གོང་དུ་འཕེལ་བར་སྐུལ་འདེད་ཡོང་བར་དམིགས་ནས། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་གློག་བརྙན་འཕྲིན་ཅུད་གློག་བརྙན་ཁྲུའུ་དང་ཁྱུང་ཆེན་བརྙན་གླིང་གཉིས་ཀྱིས་གཙོ་སྐྱོང་བྱས་ཏེ། བོད་ཁམས་ཡོངས་ཀྱི་གློག་བརྙན་འཁྲབ་གཞུང་གསར་རྩོམ་འགྲན་སྡུར་སྤེལ་བའི་གསལ་བརྡ་འདི་ཉིད། གློག་བརྙན་ལས་རིགས་ལ་དུངས་པ་དང་མོས་འདུན་ཅན་གྱི་སྡེ་ལ་ཁྲོམ་བསྒྲགས་བྱས་པ་ཡིན།

 

གཅིག  གཙོ་སྐྱོང་ལས་སྡེ།

         མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་གློག་བརྙན་འཕྲིན་ཅུད་དང་ཁྱུང་ཆེན་བརྙན་གླིང་།

 

གཉིས།  འགྲན་སྡུར་གྱི་གཏད་སོ།  

        ཡུལ་དང་མི་རིགས།  ན་སོ་དང་སྐད་བརྡའི་ཚད་བཀག་མེད་པར་གློག་བརྙན་ལས་རིགས་ལ་མོས་པ་ཅན་སུ་ཡང་རུང་། རེབ་འདིའི་བྱེད་སྒོའི་ཁྲོད་འཚོལ་སྡུད་བྱས་པའི་བརྩམས་ཆོས་དག་ལས་ཕུལ་དུ་བྱུང་བ30བདམས་ཏེ་གཟེངས་རྟགས་སྤྲོད་པའི་འཆར་གཞི་ཡོད།

 

གསུམ། བསྡུ་བྱའི་བརྩམས་ཆོས་ཀྱི་རིགས་དང་ཆ་རྐྱེན།    

  •   བརྩམས་ཆོས་ཀྱི་རྗོོད་བྱེད་དང་རྩོམ་གཤིས་ལ་ཚད་བཀག་མེད་པར་བོད་ཁམས་ཀྱི་འཚོ་བ་དང་འབྲེལ་ཞིང་རང་ཉིད་ནས་གསར་རྩོམ་བྱས་པའི་འཁྲབ་གཞུང་ཡིན་པ་ཡོད་དོ་ཅོག་འགྲན་སྡུར་ལ་ཞུགས་ཆོག

  •   འགྲན་ཞུགས་བརྩམས་ཆོས་དག་གཞན་ལ་མཉམ་ལས་གན་རྒྱ་མ་བཞག་པ་དང་བརྙན་དུ་མ་ཕབ་པའི་གསར་རྩོམ་འཁྲབ་གཞུང་སྟེ། རྩོམ་པ་པོ་རང་ཉིད་ལ་བདག་དབང་ཆ་ཚང་ཡོད་པ་ཞིག་ཡིན་དགོས། ཆ་རྐྱེན་དེ་དང་མ་མཐུན་པར་གཞན་གྱི་རིག་གནས་ཁེ་དབང་ལ་གནོད་པ་ཐེབས་ན་འགན་ཡོད་ཚད་རྩོམ་པ་པོ་རང་གིས་འཁུར་དགོས།

  •   བརྩམས་ཆོས་ཀྱི་རིགས་ལ་རིང་ཚད་སྐར་མ90ཡས་མས་ཀྱི་གློག་བརྙན་དང་དངོས་བཤུས། འགུལ་རིས་སོགས་གང་རུང་གི་འཁྲབ་གཞུང་ཡིན་ཆོག

  •   བསྡུ་བྱའི་འཁྲབ་གཞུང་ལ་སྤྱི་ཁོག་ཆ་ཚང་ཞིང་རིང་ཚད་སྐར་མ90ཡས་མས་ཡིན་དགོས། ལར་མདོ་དོོན་ཉིང་བསྡུས་དང་། བྱུང་རིམ། མི་སྣ། གཏམ་རྒྱུད་སོགས་འབྲི་རྩོམ་རྩིངས་རགས་སུ་བྱས་པ་རྣམས་འགྲན་སྡུར་ལ་ཞུགས་པའི་དབང་ཆ་ལེན་པ་ཡིན།

 

བཞི།  བརྩམས་ཆོས་བསྡུ་བའི་དུས་ཚོད།

         སྤྱི་ལོ 2016 ལོའི་ཟླ10 ཚེས1ཉིན-------སྤྱི་ལོ 2017 ལོའི་ཟླ 3 ཚེས 1 ཉིན་བར།  

 

ལྔ། བརྩམས་ཆོས་དཔྱད་འདེམས།

         གཙོ་སྐྱོང་ལས་སྡེ་ཡིས་ཁྱུང་ཆེན་རུ་བརྒྱན་གློག་བརྙན་ལས་འཆར་གྱི་བོད་ཁམས་འཁྲབ་གཞུང་གསར་རྩོམ་འགྲན་སྡུར་དཔྱད་འདེམས་ཚོགས་པ་ཞེས་པ་བཙུགས་ཏེ། དེ་རུ་རྒྱལ་ནང་གི་ཆེད་མཁས་པ་གྲགས་ཅན་གདན་དྲངས་ནས་སྔར་གཏན་ལ་ཕབ་པའི་དཔྱད་འདེམས་ལུགས་སྲོལ་ལྟར་གཙོ་སྐྱོང་བའི་ལྟ་སྐུལ་འོག་བརྩམས་ཆོས་གདམས་པར་བྱ།

 

དྲུག བྱ་དགའ་འབུལ་སྟངས།

  •    བརྩམས་ཆོས་སྡུད་མཚམས་བཞག་པ་ནས་ཟླ་གསུམ་གྱི་ནང་ཚུན་དུ་འབྲེལ་ཡོད་འཕྲིན་ལམ་བརྒྱུད་དེ་གདམས་ཐོན་བྱུང་བའི་བརྩམས་ཆོས་ཀྱི་མཚན་ཐོ་ཁྲོམ་བསྒྲགས་བྱ་རྒྱུ་ཡིན་པ་དང་། ཆེ་འདོན་མཚན་ཚོགས་ཀྱིི་སྟ་གོན་དང་བཅས་བྱ་དགའ་གཟིགས་འབུལ་ཞུ་རྒྱུ་ཡིན།

  •    བྱ་དགའི་སྐྱེས་སུ་གཟིའི་ཁྱུང་རུ་ཐོབ་མཁན་ལ་སྒོར་ཁྲི་གསུམ་གྱི་གཟིགས་བཟོས་དང་། གཡུའི་ཁྱུང་རུ་ཐོབ་མཁན་ལ་སྒོར་ཁྲི་གཉིས་ཀྱི་གཟིགས་བཟོས། བཻདཱུརྱའི་ཁྱུང་རུ་ཐོབ་མཁན་ལ་སྒོར་ཁྲི་གཅིག་གི་གཟིགས་བཟོོས། དེ་བཞིན་བདམས་ཐོའི་མཚན་བྱང་དུ་ཚུད་པ་དག་ལ་ཆེད་མངགས་དཔང་རྟགས་དང་རྗེས་དྲན་ལེགས་སྐྱེས་བཅས་སྤྲོད་རྒྱུ་ཡིན། དེ་ལས་ཁྱུང་རུ་རྟགས་མ་འདི་རྣམས་འབུལ་ཡུལ་གྱི་བརྩམས་ཆོས་ལ་བསམ་རྟོག་དང་སྒྱུ་རྩལ་གྱི་ཚད་ངེས་ཅན་དུ་སླེབས་དགོས་ཤིང་། ཚད་ཐིག་དེར་མ་འདང་ཚེ་དཔྱད་འདེམས་པར་འོས་འདེམས་མིང་ཐོ་བརླགས་པའི་དབང་ཆ་ཡོད་ལ། གལ་ཏེ་བརྩམས་ཆོས་སྤུས་ལེགས་མང་དུ་བྱུང་ཚེ་དཔྱད་འདེམས་ཚོགས་པས་བྱ་དགའི་རྣམ་གྲངས་མང་དུ་གཏོང་བའི་དབང་ཆའང་ཡོད།

  •      འཁྲབ་གཞུང་འགྲན་ཞུགས་པ་དག་མོས་པ་ཡོད་ཚེ་སླད་མར་ཁྱུང་ཆེན་བརྙན་གླིང་ལ་ལས་གཞིའི་གན་རྒྱ་འཇོག་པ་དང་ཆེད་ཞུས་འཁྲབ་གཞུང་རྩོམ་པ་པོ་གནང་བའི་གོ་སྐབས་ཡོད་ལ། དེ་བཞིན་ངེད་ལས་ཁུངས་ཀྱིས་རྣམ་པ་ཅི་རིགས་ཀྱི་སྒོ་ནས་ཕུལ་བྱུང་བརྩམས་ཆོས་དང་འཆར་སྒོ་དག་ཐོན་ལས་སུ་བསྒྱུར་ཏེ་བརྩམས་ཆོས་ཁྲོམ་རར་འགྲེམས་པར་འབད་འབུངས་བྱེད་རྒྱུ་ཡིན།

 

བདུན། བསྐུར་བྱའི་ནང་དོན་དང་བླང་བྱ།

  •     རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས།

  •     ཚེག་བར་སྟོང་མན་གྱི་གཏམ་རྒྱུད་མདོ་དོན་ཉིང་བསྡུས།

  •      ཚེག་བར་ཁྲི2ཡན་གྱི་འཁྲབ་གཞུང་ཆ་ཚང་གི་གློག་རྡུལ་པར་གཞི།

  •      རྩོམ་པ་པོས་ལག་བྲིས་མིང་རྟགས་བཀོད་པའི་རིག་གནས་ཁེ་དབང་ཁག་ཐེག་གྲོས་མཐུན་ཡི་གེ (ཁྱུང་ཆེན་བརྙན་གླིང་གི་གཞུང་ཕྱོགས་སྐད་འཕྲིན་སྟེགས་བུ་ལས་གྲོས་མཐུན་ཡི་གེ་ཕབ་ལེན་བྱོས)

 

བརྒྱད།  བརྩམས་ཆོས་སྐུར་སྟངས་དང་ཆ་རྐྱེན།

  •   བརྩམས་ཆོས་ཚང་མ་གློག་རྡུལ་གྱི་པར་གཞིPDFརྣམ་པ་ཅན་དུ་བྱས་ཏེ་ཡིག་ཟམ(garuda1 @163.com)ཞེས་པའི་ནང་ལ་སྐུར་དགོས།

  •   བརྩམས་ཆོས་སྐུར་སྐབས་ཡིག་ཟམ་ཁ་བྱང་ལ་འཁྲབ་གཞུང་གི་ཁ་བྱང་ལས་གཞན "ཁྱུང་རུ་རྟགས་མའི་འཁྲབ་གཞུང་གསར་རྩོམ་འགྲན་ཞུགས་བརྩམས་ཆོས" ཞེས་པའི་ཟུར་མཆན་གསལ་བོ་འགོད་དགོས།

  •  རྩོམ་པ་པོའི་དངོས་མིང་དང་ཕོ་མོ། ལོ་ཚོད། ས་གནས། འབྲེལ་གཏུག་ཁ་པར། གློག་རྡུལ་ཡིག་སྒམ་སོགས་ཆ་ཚང་བར་འབྲི་དགོས།

  •   འགྲན་ཞུགས་བརྩམས་ཆོས་ཀྱི་གློག་རྡུལ་ཕྱི་མོ་སླར་རྩོམ་པ་པོར་མི་སློག་པ་དང་། ངེད་ལས་ཁུངས་ཀྱིས་དེའི་ཁེ་དབང་ཕྱིར་མི་འཁྱར་བར་སྲུང་སྐྱོབ་དང་འགན་འཁུར་ངེས།

  •   འགྲན་ཞུགས་བརྩམས་ཆོས་མཐའ་དག་འབྱོར་བའི་ཚེ་ནས་ཆེད་མངགས་ལས་ཤག་གི་འཁྲབ་གཞུང་དཔྱོད་ཀློག་ལས་རིམ་དུ་ཚུད་པ་ཡིན།


འབྲེལ་གཏུག་ཁ་པར། 15597068082

འབྲེལ་གཏུག་བྱ་ཡུལ། འཕགས་པ་སྐྱབས།


ཁྱུང་ཆེན་རུ་བརྒྱན་གློག་བརྙན་ལས་འཆར་གྱི་བོད་ཁམས་གསར་རྩོམ་འཁྲབ་གཞུང་འགྲན་སྡུར་གཙོ་སྐྱོང་ལས་ཚན་ནས།

                                                      སྤྱི་ལོ༢༠༡༦ལོའི་ཟླ༡༠པའི་ཚེས༡ལ།


 

དཔྱད་མཆན་ཡོད།