«གེ་སར་སྒྲུང» གློག་བརྙན་དུ་ཕབ་འཆར་འདུག

       

warrior.jpg

       གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར།པེ་ཅིན་སྒྲོལ་མ་སེར་པོའི་བརྙན་གཟུགས་བརྒྱུད་ལམ་ཚད་ཡོད་ཀུང་སིས «གེ་སར་རྒྱལ་པོ» ཞེས་པའི་གློག་བརྙན་ཕབ་བསྐྲུན་གྱི་ལས་གཞི་དངོས་སུ་མགོ་བརྩམས་ཡོད་འདུག གློག་བརྙན་འདི་ལ་མི་དམངས་ཤོག་སྒོར་དུང་ཕྱུར༥ལྷག་གི་མ་རྩ་གཏང་རྩིས་འདུག་ཅིང་། ཕྱི་རྒྱལ་གྱི་སྐད་གྲགས་ཆེ་བའི་གློག་བརྙན «སོར་གདུབ་རྒྱལ་པོ»དང་། «ཐི་རའོ་དབྱི»ལ་དོ་ཟླར་འོང་བའི་སྒྱུ་འཕྲུལ་ལོ་རྒྱུས་སྙན་རྩོམ་གྱི་གློག་བརྙན་ཞིག་སྒྲིག་བཟོ་བྱ་རྩིས་འདུག

       གེ་སར་རྒྱལ་བོའི་སྒྲུང་ནི་དུས་རབས་བཅུ་གཅིག་པ་ནས་བོད་ཀྱི་དམངས་ཁྲོད་དུ་རྒྱ་ཆེར་དར་བའི་ངག་ཐོག་གི་རྟོགས་པ་བརྗོད་པའི་སྙན་རྩོམ་ཞིག་ཡིན། 2009ལོར་འཛམ་གླིང་གི་གཟུགས་འདས་ཤུལ་བཞག་རིག་གནས་སུ་བདམས་ཤིང་ཤར་ཕྱོགས་ཀྱི་ཧོ་མའི་ལོ་རྒྱུས་སྙན་རྩོམ་ཞེས་བསྔགས་ཡོད།

      2016ལོའི་ཟླ་6པར། ཀྲུང་གོའི་ཧྭ་ཞ་རིག་གནས་ཤུལ་བཞག་ཐེབས་རྩ་ཚོགས་པས་སྤེལ་མགོ་ཚུགས་ཤིང་། ཀྲུང་གོའི་ཐང་གའི་རིག་གནས་ཞིབ་འཇུག་ལྟེ་བ་རིག་པའི་རྒྱབ་བརྟེན་དང་། པེ་ཅིང་སྒྲོན་སེར་བརྙན་གཟུགས་བརྒྱུད་ལམ་ཚད་ཡོད་ཀུང་སིས་ལག་བསྟར་བྱ་མུས་ཀྱི་གློག་བརྙན་ཏེ། «དཔའ་བོ་གེ་སར»ལ་རྒྱལ་ཁབ་གསར་འགྱུར་བཟོ་སྐྲུན་རྒྱང་གློག་སྤྱི་ཁྱབ་ཅུས་ཀྱིས་བརྙན་ལེན་ཆོག་མཆན་ཡི་གེ་གནང་འདུག་པར་མ་ཟད། ཕབ་སྐྲུན་གྱི་ལས་ཀ་དེ་ཞིབ་ཚགས་གཟབ་ནན་གྱིས་སྒྲུབ་པའི་སྒང་རེད།

       ཉེ་བའི་ལོ་ཤས་ལ།ཀྲུང་གོའི་གེ་སར་ཞིབ་འཇུག་ཐད་གྲུབ་འབྲས་འབེལ་བོ་བླངས་ཡོད་མོད། འོན་ཀྱང་འཇམ་དཔལ་རྒྱ་མཚོའི་བཞེད་པར།སྒྱུ་རྩལ་གྱི་རྣམ་པ་སྣ་ཚོགས་བེད་སྤྱད་དེ་ལོ་རྒྱུས་སྙན་རྩོམ་སྒྱུར་བཟོ་དང་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པོར་བཏོན་པའི་ཐད་ནས་རང་ཅག་ཡོབ་མེའི་རྒྱལ་ཁབ་ལས་ཞན་དྲགས་ཆེ།

     

0041vjgxty6FK4dHi3e08&690.jpg

 

       འཛམ་གླིང་གི་བརྙན་སྟེགས་ལ་བལྟས་ན།གློག་བརྙན་གྱི་རྒྱུ་ཆ་ལོ་རྒྱུས་སྙན་རྩོམ་ཅན་ལ་ཁྲོམ་ར་རྒྱ་ཆེན་པོ་ཡོད་དེ།ཧོ་མའི་ལོ་རྒྱུས་སྙན་རྩོམ་དང་རྒྱ་གར་གྱི་རྟོགས་བརྗོད་སྙན་ངག་སོགས་འཛམ་གླིང་ལོ་རྒྱུས་སུ་གྲགས་སྙན་མཆིས་པ་དག་སྔ་མོ་ནས་བརྙན་ཡོལ་དངོས་སུ་བཀྲམས་པར་མ་ཟད།གློག་བརྙན་དང་བརྙན་འཕྲིན་ཟློས་གར།སྒྱུ་རྩལ་གྱི་རྣམ་པ་གཞན་རིགས་ཁ་ཤས་ལ་སྒྲིག་བཟོ་བྱས་ཤིང་འབྲས་བུ་གཡུར་དུ་ཟ་བ་བླངས་ཡོད།

       2003ལོར། ཧོ་ལེ་ཝའོ་ཌིས་མ་དངུལ་འབོར་ཆེན་བཏང་ནས་ཀེ་རེ་སིའི་ལྷ་སྒྲུང«ཐྲི་རའོ་དབྱིས»བརྙན་ལེན་ཕབ་སྐྲུན་བྱས་ཤིང་འཛམ་གླིང་ཁྱོན་ནས་བལྟ་མཁན་མང་བོའི་སྤྱན་དབང་བཀུགས། འདི་ཉིད་ལ་2004ལོའི་འཛམ་གླིང་གི་མ་བལྟས་ཚད་མེད་ཀྱི་གློག་བརྙན་རིགས་བཞིའི་ཡ་གྱལ་ཞེས་འབོད་པ་དང་། ཀེ་རེ་སིའི་ལྷ་སྒྲུང་གི་རྒྱལ་སྤྱིའི་སྙན་གྲགས་ཀྱང་ཇེ་མཐོར་སོང་། དེའི་རྗེས་ནས་ཡོ་རོབ་གྱི་བརྩམས་ཆོས་གྲགས་ཅན་«ནེ་པ་ལིང་གཱའི་གླུ»དང་། «པེའོ་ཝའོ་ཧྥུ»ཡང་གློག་བརྙན་དུ་སྒྲིག་བཟོ་བྱས། འདི་གསུམ་ག་ལ་འཛམ་གླིང་ལོ་རྒྱུས་སྙན་རྩོམ་གྱི་གློག་བརྙན་ཆེ་ཁག་གསུམ་ཞེས་ཀྱང་བརྗོད། ཡིན་ཡང་རྒྱལ་ནང་གི་གློག་བརྙན་ཁྲོམ་རར།ད་སྔ་བར་དུ་རང་ཉིད་ཀྱིས་བཟོས་པའི་སྒྱུ་འཕྲུལ་ལོ་རྒྱུས་སྙན་རྩོམ་ཁ་མིག་ཡར་བལྟ་བྱ་འོས་པ་ཞིག་བྱུང་མྱོང་མེད།འདི་ནི་སུ་ཞིག་གིས་མ་སྐོང་ཚད་མེད་ཀྱི་སྟོང་ཆ་ཞིག་མ་ཡིན་ནམ།

       ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་ཡར་སྔོན་ལ། འཇམ་དཔལ་རྒྱ་མཚོ་མཆོག་ཧ་ཝེར་ཌི་སློབ་ཆེན་ལ་ཕེབས་སྐབས་སུ་མི་ཁ་ཤས་ཀྱིས་ཀྲུང་གོས་གེ་སར་རྒྱལ་བོ་བརྙན་ལེན་ཕབ་བསྐྲུན་བྱ་དགོས་པའི་བལྟ་ཚུལ་བརྗོད་ཡོད། ཁོང་ཉིད་ལ་རྒྱ་གར་ནས་འཚམས་འདྲི་བྱེད་པའི་དུས་སུ།རྒྱ་གར་ནི་གློག་བརྙན་གྱི་རྒྱལ་ཁབ་ཆེན་མོ་ཞིག་ཡིན་ཞིང་ཕལ་ཆེར་ལོ་རེ་རེར་གློག་བརྙན་གྱི་རྒྱུ་ཆ་གསུམ་བཞི་རེ«རཱ་མ་ཎ»དང་། «མ་ཧཱ་བྷ་ར་ཏ»ནས་བྱུང་བ་ཤ་སྟག་ཡིན་པ་ཤེས།དེའི་རྐྱེན་པས་ཀྲུང་གོའི་ལོ་རྒྱུས་སྙན་རྩོམ་བརྙན་ཡོལ་ངོས་སུ་སྤར་རྒྱུ་དེ་སྒྲོན་སེར་ཚང་གི་ཐུན་མོང་བའི་འདུན་མར་གྱུར་འདུག་གོ །

རྩོམ་སྒྲིག་པ། བློ་བཟང་རྡོ་རྗེ།


དཔྱད་མཆན་ཡོད།