2019ལོའི་འོད་ཁམས་ཀྱི་ཚོགས་མི་གསར་པའི་འདུ་འཛོམས་པེ་ཅིང་དུ་འཚོགས།

 

     ཟླ10ཚེས19ཉིན་ཏེ། རེས་གཟའ་སྤེན་པའི་ཕྱི་དྲོའི་དུས་ཚོད་གསུམ་པར། 2019ལོའི་འོད་ཁམས་དྲ་བའི་ཚོགས་མི་གསར་པའི་འདུ་འཛོམས་ཐེངས་དང་པོ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རིག་གནས་ཐོག་ཁང་ཤར་མའི་སློབ་ཁང་ཞིག་ཏུ་འཚོགས་ཤིང་། ཐེངས་འདིར་ཚོགས་མི་ཁ་ཤས་གནས་ཡུལ་པེ་ཅིང་དུ་མིན་པས་ཕེབས་འབྱོར་མ་ཐུབ་པ་ཕུད། ཀྲུང་གོ་མི་དམངས་སློབ་ཆེན་དང་། པེ་ཅིང་དགེ་འོས་སློབ་ཆེན། པེ་ཅིང་སྐད་རིགས་སློབ་ཆེན།  ཀྲུང་དབྱང་མི་རིགས་སློབ་ཆེན་སོགས་ནས་ཐོན་པའི་ཚོགས་མི་གསར་པ་ཉེར་ལྔ་ལྷན་གཅིག་ཏུ་འཛོམས། 

1021571492926_.pic_hd.jpg

      ཐེངས་འདིའི་འདུ་འཛོམས་ཀྱི་དམིགས་ཡུལ་ནི། ཚོགས་མི་གསར་པར་ཚོགས་པའི་ངོ་སྤྲོད་མདོར་བསྡུས་དང་ཕན་ཚུན་ལ་ངོ་ཤེས་རྒྱུ། ཚོགས་པའི་ལས་ཀ་བཀོད་སྒྲིག་དང་སྒྲིག་ལམ་ཁྱབ་བསྒྲགས།གཞན་ཡང་ཚོགས་མི་དག་གིས་སོ་སོའི་འདོད་ཚུལ་ལྷུག་པོར་གླེང་ནས་ཚོགས་པའི་ལས་ཀ་སྒྲུབ་སྟངས་ལ་གསལ་ཁ་ཕྱེས་ཤིང་སྔར་བས་ལེགས་པའི་སྒོ་ནས་གཟིགས་མཁན་རྣམས་ཀྱི་རེ་འདོད་སྐོང་ཆེད་ཡིན། 

1061571492929_.pic_hd.jpg

    ཚོགས་མི་ཚེ་དབང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་མི་ཀུན་བཟང་དོན་གྲུབ་ནས་འོད་ཁམས་དྲ་བ་ངོ་སྤྲོད་གནང་རྗེས་ཚོགས་མི་ཀུན་པོས་རང་ཉིད་ངོ་སྤྲོད་དང་འདུན་པ་གང་ཞིག་གིས་ཚོགས་པར་བཞུགས་ཡོད་མིན་སོགས་རང་རང་གི་ས་ནས་གཏམ་བཤད་སྤེལ་གནང་བ་དང་།  རིམ་བཞིན་ཚོགས་མི་བསོད་ནམས་ལེགས་བཤད་དང་ཕྱག་རྡོར་སྐྱབས་གཉིས་ཀྱིས་དྲ་བའི་སྡེ་ཚན་ཁག་དང་བགྱི་བ་ངོ་སྤྲོད་གནང་བ།  ཚོགས་མི་དོན་གྲུབ་ཚེ་རིང་གིས་ཕྱིས་ཀྱི་ལས་ཀའི་གོ་རིམ་ཁྲོད་མཉམ་འཇོག་དགོས་པའི་སྐོར་དང་སྒྲིག་ལམ་རགས་བསྡུས་ཀུན་ལ་བསྒྲགས་པ་དང་། དེ་ནས་ཚོགས་མི་ཀུན་གྱིས་རང་རང་གི་ཚོགས་ཆུང་ནང་ཁུལ་དུ་བགྲོ་གླེང་ཚ་ཚ་འུར་འུར་གནང་སྟེ།   གཅིག་ནས་ཚོགས་མི་ཕན་ཚུན་བར་འབྲེལ་འདྲིས་དང་གཉིས་ནས་སྡེ་ཚན་ཁག་གི་མ་འོངས་འཕེལ་ཕྱོགས་ལ་རང་རང་གི་བསམ་ཚུལ་མ་གསང་དྲང་པོར་ལྷུག་བརྗོད་བྱས་སོ། ། 

1051571492928_.pic_hd.jpg

1041571492928_.pic_hd.jpg

     འོད་ཁམས་ཚོགས་པའམ་མ་གཞིའི་བརྙན་ཡིག་ཚོགས་པ་འདི་ནི། 2010ལོར་པེ་ཅིང་ནས་ཚུགས་པ་དང་། 2011ལོར་བོད་བརྙན་དྲ་བ་སྟེ་བོད་ཡིག་གི་གློག་བརྙན་དྲ་བ་ཐོག་མ་ཤར་གཏོང་བྱས་ཤིང་འབྲས་བུའང་རྒྱ་ཆེར་བླངས། རྗེས་སུ་དྲ་བའི་མིང་དེ་འོད་ཁམས་དྲ་བ་ཞེས་པར་བསྒྱུར་ཡོད་ཅིང་། ད་ཆར་སྔར་ཡོད་ཀྱི་དྲ་ངོས་ལ་ལེ་ཚན་ཁ་ཤས་གསར་དུ་བསྣན་པ་སོགས་དྲ་བའི་སྤུས་ཀ་ཇེ་ལེགས་དང་འཐུས་སྒོ་ཇེ་ཚང་དུ་བཏང་ནས་མུ་མཐུད་ལམ་ལ་ཆས་བཞིན་པ་འདི་ལགས་སོ།།

བཀྲིས་བདེ་ལེགས།

དཔྱད་མཆན་ཡོད།