ལི་ཨན། Ang Lee 李安

  • སྐྱེས་སྐར། 1954ལོའི་ཟླ་10ཚེས23
  • སྐྱེ་ཡུལ། ཐེ་ཝན།
  • ལས་རིགས། འཁྲབ་ཁྲིད་པ། འཁྲབ་སྟོན་པ། འཁྲབ་གཞུང་མཁན།
  • ཀློག་གྲངས།

ངོ་སྤྲོད་མདོར་བསྡུས།

གུ་རུ། 

   རྒྱ་རིགས་འཁྲབ་ཁྲིད་པ་ལི་ཨན་གྱི་མེས་བའི་ཡུལ་ནི་ཅང་ཞི་ཏེ་ཨན་ཡིན་ལ། ཁོ་ནི་ཐེ་ཝན་ནས་སྐྱེས་ཤིང་ཆུང་དུས་ནས་སློབ་གྲྭར་འགྲིམས་པའི་གོ་སྐབས་ཡག་པོ་རེག ཨ་ཕ་ནི་ས་དེ་གའི་སློབ་འབྲིང་ཞིག་གི་སློབ་གཙོ་ཡིན་ཞིང་། ཁྱིམ་སྲིད་ཤིན་ཏུ་དམ་པོ་ཡོད་ལ། ལོ་སར་སོགས་དུས་ཆེན་གྱི་སྐབས་སུ་སྔ་མའི་ལུགས་བཞིན་ཁྱིམ་མི་ཕན་ཚུན་བར་ཕྱག་འཚལ་བའི་གོམས་གཤིས་ཀྱང་མ་དོར་བར་རྒྱུན་འཛིན་བྱས་ཡོད། ལི་ཨན་ནི་དེ་ལྟ་བུའི་ཁྱིམ་ཚང་གི་ཁོར་ཡུག་ཅིག་གི་ནང་དུ་འཚར་ལོངས་བྱུང་བས། ཀྲུང་གོའི་སྲོལ་རྒྱུན་རིགགགནས་ཀྱི་ཤན་ཆེན་པོ་ཐེབས་ཡོད་ཅིང་། ཕོ་དབང་གིས་ཁྱིམ་ཚང་སྐྱོང་བའི་འཚོ་སྟངས་དེས་ཁོ་རང་ལ་དུས་ཕྱིས་སུ་གློག་བརྙན་ལས་རིགས་ལ་འགྲིམས་ཏེ་འཁྲབ་གཞུང་གསར་རྩོམ་བྱ་བར་འཚོ་བའི་ཉམས་མྱོང་མི་ཉུང་བ་སྤྲད་ཡོད།

     1975ལོར་ལི་ཨན་ཐེ་ཝན་རྒྱལ་བཙུགས་སྒྱུ་རྩལ་ཆེད་ལས་སློབ་གྲྭའི་ཟློས་གར་གློག་བརྙན་སློབ་གླིང་ནས་སློབ་མཐར་ཕྱིན་ཞིང་། ཐེ་ཝན་གཏམ་བརྗོད་ཟློས་གར་འགྲན་བསྡུར་ཁྲོད་ནས་ཆེད་སྦྱོང་རུ་ཁག་གི་འཁྲབ་སྟོན་པ་རྩེ་གྲའི་བྱ་དགའ་ཐོབ། སྔ་གཞུག་ཏུ«གཟའ་སྤེན་པའི་ཕྱི་དྲོའི་ལྷོད་གཡེང»(星期六下午的懒散)ཞེས་བ་དང«ཁྲིན་ཆིན་གྱི་ཉིན་གཅིག»(陈勤的一天)ཅེས་བའི་རིང་ཐུང་ཧོ་རྨིད་བརྒྱད་ཅན་གྱི་གློག་བརྙན་གཉིས་ཀྱང་ཕབ་སྐྲུན་བྱས་ཡོད་འདུག 1978ལོར་ཨ་རིར་ཕྱིན་ནས་སློབ་གྲྭ་འགྲིམས་ཏེ། ཨི་ལི་ནོའེ་ཟེ་སློབ་ཆེན་ཟློས་གར་སློབ་གླིང་ནས་སློབ་རམས་པའི་བསླབ་གནས་དང་། ཉིའུ་ཡོག་སློབ་ཆེན་ནས་གློག་བརྙན་ཕབ་སྐྲུན་གྱི་ཤེས་རམས་པའི་བསླབ་གནས་བླངས། སློབ་མཐར་ཕྱིན་རྗེས«དྲག་ཆར»(追打)དང«ང་ཀྲུང་གོའི་ཁ་ཟས་ལ་དགའ»(我爱中国菜)ཞེས་པའི་གློག་བརྙན་གཉིས་སྔ་གཞུག་ཏུ་ཕབ་བསྐྲུན་བྱས།

      1983ལོར«སྣང་བ་སྒྲིབ་པའི་མཚོ་འགྲམ་ལ་སྨོན་པ»(荫凉湖畔)ཞེས་པ་ཕབ་སྐྲུན་བྱས་ཏེ་གསེར་གྱི་སྙེ་མའི་གཏམ་རྒྱུད་གློག་བརྙན་རྩེ་གྲའི་བྱ་དགའ་ཐོབ། 1984ལོའི་ཉིའུ་ཡོག་སློབ་ཆེན་པའི་གློག་བརྙན་དུས་སྟོན་དུ། ཁོང་གི་མཐར་ཕྱིན་བརྩམས་ཆོས«དབྱེ་མཚམས»(分界线)ཞེས་པའི་གློག་བརྙན་ལ་འཁྲབ་ཁྲིད་པ་རྩེ་གྲ་དང་གློག་བརྙན་རྩེ་གྲ་གཉིས་ཀའི་བྱ་དགའ་ཐོབ། སློབ་མཐར་ཕྱིན་རྗེས་གློག་བརྙན་ལས་རིགས་དང་འབྲེལ་ཡོད་ཀྱི་བྱ་བ་འོས་འཚམ་ཞིག་མ་རྙེད་པའི་རྐྱེན་གྱིས་ལོ་འགའ་ཤས་ལ་རང་གི་ཆུང་མའི་ཟླ་ཕོགས་ལ་ཁེན་ནས་འཚོ་བ་རོལ་ཐབས་བྱས། ཉིན་རྒྱུན་རང་ཁྱིམ་དུ་བསྡད་ནས་དཔེ་ཆ་དང་གློག་བརྙན་ལ་མང་དུ་བལྟས་ཤིང་འཁྲབ་གཞུང་ཡང་འགའ་ཤས་བྲིས། སྐབས་རེར་བརྙན་ཐུང་ཕབ་སྒྱུར་དང་བཅོས་སྒྲིག བརྙན་ཆས་ལ་བདག་བྱེད་པ་སོགས་ཀྱི་ཞོར་ལས་ཀྱང་བསྒྲུབས་མྱོང་ལ། ཐེངས་ཤིག་ལ་ཉིའུ་ཡོག་གྲོང་གི་ཤར་སྡེའི་ཁང་སྟོང་ཞིག་ནས་བརྙན་ཆོས་ལ་བདག་བྱས་ནས་ཀྱང་བསྡད་མྱོང་།

       ལོ་དེ་དག་རིང་ལ། ཁོས་ཧོ་ལེ་ཝུ་གློག་བརྙན་གྱི་འཁྲབ་གཞུང་གི་སྒྲིག་གཞི་དང་ཕབ་སྐྲུན་བྱེད་སྟངས་ལ་དོ་ཁུར་ཆེན་མོས་ཞིབ་འཇུག་བྱས་ཤིང་། ཨ་རི་དང་ཀྲུང་གོའི་རིག་གནས་ཇི་ལྟར་ཟུང་དུ་འབྲེལ་ནས་གསར་རྩོམ་གྱི་ལམ་ལ་ཞུགས་དགོས་པའི་ཐད་ལའང་མནོ་བསམ་བཏང་ཞིང་ཚོད་ལྟ་བྱས། དཀའ་ཚེགས་ཀྱི་ལོ་ཟླ་དེ་དག་ལ་ཕྱིར་དྲན་བྱ་དུས། ཁོས་ནམ་རྒྱུན་སྐབས་དེར་ང་ལ་ཉི་ཧོང་ཕོ་གསར་ལྟ་བུའི་དཔའ་སྟོབས་ཡོད་ཚེ། ངས་སྔ་མོ་ནས་རང་ཤི་བརྒྱབ་ཚར་ཡོད་ཅེས་བཤད། འདི་ལྟར་ལི་ཨན་ལ་བྱ་བ་མ་རེག་པར་ལོ6ལ་རང་ཁྱིམ་ནས་ལུས། ནམ་རྒྱུན་ཁྱིམ་ལས་བྱས་ཏེ་ཟས་སྐོལ་ལ་མཁས་པར་གྱུར་སྟབས། ཆུང་མའི་ཨ་མས་ཀྱང་ཁྱེད་ཀྱིས་ཟ་མ་ཞིམ་པོ་སྐོལ་གྱིན་འདུག ངས་ཁྱེད་ལ་མ་དངུལ་བཏང་ནས་ཟ་ཁང་ཞིག་ཕྱེས་ན་ཅི་འདྲ་ཞེས་ཀྱང་བཤད་མྱོང་ཡོད་ཟེར། 

      1990ལོར་ལི་ཨན་གྱིས«ལག་འདེད»(推手)ཅེས་བའི་འཁྲབ་གཞུང་བྲིས་ཏེ། ཐེ་ཝན་སྲིད་སྐྱོང་སྡེ་ཁག་གི་གསར་འགྱུར་ཅུད་ཀྱིས་ཁྱད་འཕགས་བརྩམས་ཆོས་ཀྱི་བྱ་དགའ་སྤྲད་ཅིང་། བྱ་དགའ་ལ་སྒོར་ཁྲི40ཐོབ་ཏེ་ཐེངས་དང་པོར་རང་སྐྱ་ཕེར་བས་གློག་བརྙན་ཕབ་སྐྲུན་ནུས་བའི་གོ་སྐབས་བྱུང་།

      1991ལོར་ཐེ་ཝན་ཀྲུང་དབྱང་གློག་བརྙན་ཀུང་ཟི་ཡིས་མ་དངུལ་བཏང་ཏེ«ལག་འདེད»ཅེས་པ་གློག་བརྙན་དུ་ཕབ་ཅིང་འདི་ནི་ཁོང་གི་བརྩམས་ཆོས་ཐོག་མ་དེ་ཡིན། གློག་བརྙན་འདི་རྒྱལ་ཁའི་ངང་ཕབ་སྐྲུན་བྱ་ཐུབ་པ་བྱུང་བས། ཁོས་མུ་མཐུད་དུ«གཉེན་སྒྲིག་གི་གསོལ་སྟོན»(喜宴 )ཞེས་པ་ཕབ་སྐྲུན་བྱས། གློག་བརྙན་འདི་ནི་ཧོ་ལེ་ཝུ་གློག་བརྙན་གྱི་སྒྲིག་གཞི་ལ་དཔེ་བལྟས་ནས་ཀྲུང་གོ་རིག་གནས་མཚོན་པའི་གློག་བརྙན་དཔེ་མཚོན་ཅན་ཞིག་ཡིན་ལ། ཡུལ་གྲུ་སོ་སོ་ནས་དགའ་བསུ་དང་བྱ་དགའ་མང་པོ་སྤྲད་ཙང་། ཁོ་རང་དུས་ཕྱིས་སུ་རྒྱལ་སྤྱིའི་འཁྲབ་ཁྲིད་པ་སྐད་གྲགས་ཅན་དུ་འགྱུར་བར་རྨང་བརྟན་མོ་བཏིངས།

      1994ལོར་ཁོང་གིས་འཁྲབ་ཁྲིད་བྱས་པའི་གློག་བརྙན«ཟས་ལ་རོལ་བའི་ཕོ་མོ»(饮食男女)ཞེས་པ་ལ་ཨེ་ཤ་ཡ་ཞི་བདེ་གློག་བརྙན་དུས་ཆེན་སྐབས་སོ་དགུ་བའི་གློག་བརྙན་རྩེ་གྲ་དང་དུམ་སྒྲིག་གློག་བརྙན་རྩེ་གྲ་གཉིས་ཀྱི་བྱ་དགའ་ཐོབ་ཁར། དྷ་ཝེར་གྷ་ལི་ཧྥེ་ཟིའི་ཕྱི་སྐད་གློག་བརྙན་རྩེ་གྲའི་བྱ་དགའ་ཡང་ཐོབ། གློག་བརྙན་འདི་ལོ་དེ་གའི་ཐེ་ཝན་ཡུལ་གྱི་ཁྱད་འཕགས་གློག་བརྙན་བཅུ་ཡི་གྲས་སུའང་ཚུད་ཡོད།

      དེའི་རྗེས་སུ«རིགས་ཤེས་དང་བརྩེ་དུངས»(理智与情感)ཞེས་པ་ཕབ་སྐྲུན་བྱས་ཏེ་རྒྱལ་སྤྱི་ནས་ངོས་ལེན་ཡག་པོ་བྱས་ཙང་། ཁོ་རང་ཧོ་ལེ་ཝུ་འཁྲབ་ཁྲིད་པ་དང་པོའི་གྲལ་དུ་ཚུད་ཅིང་། རྒྱལ་སྤྱི་ནས་སྐད་གྲགས་སྔར་ལས་ཆེ་བར་གྱུར། ལི་ཨན་ནི་ཆུང་དུས་ནས་དྲག་རྩལ་གཏམ་རྒྱུད་ལ་དགའ་མོས་ཆེ་ཞིང་། 2000ལོར་ཐེ་ཝན་ཙུང་ཧིན་རྒྱལ་སྤྱི་གློག་བརྙན་ཀུང་ཟིའི་མགོ་བ་ཞུ་ལེས་ཀོང་གི་གདན་ཞུ་བྱས་པ་ལྟར་། «ཚང་དུ་ཡིབ་པའི་སྟག་འབྲུག»(卧虎藏龙) ཅེས་པ་ཕབ་སྐྲུན་བྱས། དེའི་རྗེས་སུ«རི་རྐེད་ཉིལ་བའི་རི་བོ»(断背山)དང་། «འདོད་སྲེད»ཞེས་པ་སོགས་ཕབ་སྐྲུན་བྱས་ཤིང་། དྲ་རྒྱའི་བརྒྱུད་ལམ་དང་ལྟ་མཁན་གང་མང་ནས་བསྟོད་བསྔགས་མང་དུ་ཐོབ།      2013ལོརཁོ་ཡིས་འཁྲབ་ཁྲིད་བྱས་པའི་གློག་བརྙན«ཕའེ་ཡི་ངོ་མཚར་བའི་སྒྲུང»(少年派的奇幻漂流)ཞེས་བར་ཨོ་ཟི་ཁཱའི་བྱ་དགའ་གསུམ་ཐོབ་འདུག ལི་ཨན་གྱི་གློག་བརྙན་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་དེ། གཏམ་རྒྱུད་ཀྱི་འཕེལ་རིམ་ནི་མིས་ཆེད་དུ་བཟོས་བར་མི་སྣང་བར་རང་བྱུང་དུ་གྲུབ་པ་ལྟ་བུའི་ཚོར་འདུ་སྟེར་ལ། བྱུང་རིམ་གྱི་ཞིབ་ཆ་རེ་རེའང་ཤུགས་བསྟན་གྱི་དོན་ཆེན་པོ་འདུས་ཡོད།

      ཁོ་ཡི་རྒྱ་སྐད་ཀྱི་གློག་བརྙན་དེ་དག་གིས་སྲོལ་རྒྱུན་དང་དེང་རབས་ཀྱི་ཀུན་སྤྱོད་དང་། ཤར་ནུབ་རིག་གནས་བར་གྱི་འགའ་འདུ་སོགས་བརྗོད་དེ་ཐེ་ཝན་གློག་བརྙན་ལ་ཚེ་སྲོག་གི་ལང་ཚོ་གསར་བ་སྤྲད་ཡོད་ཅིང་། ནུབ་གླིང་གི་རིག་གནས་དང་མིའི་སེམས་ཁམས་ལ་རྒྱུས་ལོན་བྱས་ཁར་ཟབ་ཚད་ངེས་ཅན་ཡོད་པའི་ཨིན་སྐད་ཀྱི་གློག་བརྙན་མང་པོ་ཞིག་ཕབ་སྐྲུན་བྱས་ཏེ་དེང་སྐབས་རྒྱལ་སྤྱི་ན་སྐད་གྲགས་ཆེ་བའི་འཁྲབ་ཁྲིད་པ་རུ་གྱུར་ཡོད།

   གྲུབ་འབྲས།

ཨོ་ཟི་ཁཱ་བྱ་དགའ་ཐོབ་མྱོང་བའི་བརྩམས་ཆོས།

«ཕའེ་ཡི་ངོ་མཚར་བའི་སྒྲུང» སྐབས་85པའི་འཁྲབ་ཁྲིད་པ་རྩེ་གྲ

«རི་རྐེད་ཉིལ་བའི་རི་བོ» སྐབས78བར་འཁྲབ་ཁྲིད་པ་རྩེ་གྲ།

«ཚང་དུ་ཡིབ་པའི་སྟག་འབྲུག» སྐབས73བའི་ཕྱི་སྐད་གློག་བརྙན་རྩེ་གྲ།

 

ཝེ་ནཱ་སི་བྱ་དགའ་ཐོབ་མྱོང་བའི་བརྩམས་ཆོས།

«འདོད་སྲེད» སྐབས64པའི་གསེར་གྱི་སེང་གེ

«རི་རྐེད་ཉིལ་བའི་རི་བོ» སྐབས་62པའི་གསེར་གྱི་སེང་གེ


པེར་ལིན་བྱ་དགའ་ཐོབ་པའི་བརྩམས་ཆོས།

«རིགས་ཤེས་དང་བརྩེ་དུངས» སྐབས46པའི་གསེར་དོམ།

«གཉེན་སྒྲིག་གསོལ་སྟོན» སྐབས་པའི43གསེར་དོམ།


ཨ་རིའི་གསེར་བུམ་བྱ་དགའ་ཐོབ་མྱོང་བའི་བརྩམས་ཆོས།

«རི་རྐེད་ཉིལ་བའི་རི་བོ» སྐབས63པའི་འཁྲབ་ཁྲིད་པ་རྩེ་གྲ

«ཚང་དུ་ཡིབ་པའི་སྟག་འབྲུག» སྐབས་58པའི་འཁྲབ་ཁྲིད་པ་རྩེ་གྲ


ཐྲེ་རོན་ཁྲོ་བྱ་དགའ་ཐོབ་མྱོང་བའི་བརྩམས་ཆོས།

«ཚང་དུ་ཡིབ་པའི་སྟག་འབྲུག» སྐབས་44པའི་གློག་བརྙན་རྩེ་གྲ


ཐེ་ཝན་གློག་བརྙན་གསེར་གྱི་རྟ་མཆོག་བྱ་དགའ་ཐོབ་མྱོང་བའི་བརྩམས་ཆོས།

«འདོད་སྲེད» སྐབས44པའི་གློག་བརྙན་རྩེ་གྲ

«འདོད་སྲེད» སྐབས44པའི་འཁྲབ་ཁྲིད་པ་རྩེ་གྲ

«ཚང་དུ་ཡིབ་པའི་སྟག་འབྲུག» སྐབས37པའི་གློག་བརྙན་རྩེ་གྲ

«གཉེན་སྒྲིག་གསོལ་སྟོན» སྐབས30པའི་གློག་བརྙན་རྩེ་གྲ

«གཉེན་སྒྲིག་གསོལ་སྟོན» སྐབས30པའི་འཁྲབ་ཁྲིད་པ་རྩེ་གྲ

«གཉེན་སྒྲིག་གསོལ་སྟོན» སྐབས30པའི་འཁྲབ་གཞུང་གསར་རྩོམ་རྩེ་གྲ


ཧྲང་ཧེ་རྒྱལ་སྤྱི་གློག་བརྙན་དུས་ཆེན་ནས་ཐོབ་པའི་བྱ་དགའ།

སྐབས9པའི་རྒྱ་སྐད་གློག་བརྙན་ཕྱི་རྒྱལ་ན་བྱས་རྗེས་ཆེ་བའི་བྱ་དགའ།

དཔྱད་མཆན་ཡོད།