ཕི་ཐར•ལྗེ་ཁུ་སོན། Peter Jackson

  • སྐྱེས་སྐར། 1961-10-31
  • སྐྱེ་ཡུལ། ནེའུ་ཙི་ལིན་གྱི་རྒྱལ་ས་ཝེ་ལིང་ཐིན།
  • ལས་རིགས། འཁྲབ་ཁྲིད་པ། འཁྲབ་སྟོན་པ། འཁྲབ་གཞུང་མཁན།
  • ཀློག་གྲངས།

ངོ་སྤྲོད་མདོར་བསྡུས།

    ཚབ་མཚོན་བརྩམས་ཆོས། «རོ་ལངས་གར་རྩེན» Braindead (1992) «སྒྱུ་འཕྲུལ་གྱི་ལྷ་ཡུལ» Heavenly Creatures (1994) «སྤྲ་མི་ཁིན་ཁིང» King kong (2005) «སོར་གདུབ་རྒྱལ་པོ་ཁག་གསུམ» The Lord of the Rings (2001 2002 2003) «སྤྲ་མི་ཁིན་ཁིང» The Hobbit ( 2012 2013 2014)

     ཕི་ཐར•ལྗེ་ཁུ་སོན(Peter Jackson1961- ) ནི་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུ་བའི་བར་ནེའུ་ཙི་ལན་གྱི་འཁྲབ་ཁྲིད་པ་གྲགས་ཅན་ཞིག་ཡིན་ལ། ཁོང་ནི1961ལོར་ནེའུ་ཙི་ལན་གྱི་རྒྱལ་ས་ཝེ་ལིང་ཐོན་ནས་སྐྱེས་ཤིང་བྱིས་དུས་ཀྱི་འཚོ་བ་ཡུལ་དེ་གའི་བྱང་ཕྱོགས་ཀྱི་གྲོང་ཚོ་ཆུང་ཆུང་ཞིག་ཏུ་བསྐྱལ། ཆུང་དུས་ནས་གློག་བརྙན་ལ་སྤྲོ་བའི་དབང་གིས་ལོ་བརྒྱད་ཀྱི་སྟེང་ནས་སློབ་རའི་གྲུ་ཟུར་ནས་རྨི་ལམ་དེའི་སྣེ་མོ་བཟུང་སྟེ། ཁོ་རང་ཉིད་ཀྱི་གློག་བརྙན་བསྒྱུར་བའི་མགོ་བཙུགས། སྐབས་དེ་དུས་ཁོ་རང་མཚར་སྒྲུང་ལ་མོས་པས། བརྙན་གྱི་དམིགས་བསལ་གྱི་ཁྱད་ཆོས་བཏོད་པར་ནུས་ཤུགས་རྩལ་ཏུ་བཏོན།

    1978ལོར་ཁོ་རང་སློབ་བཤོལ་གྱིས་གློག་བརྙན་གྱི་ལས་ལ་དངོས་སུ་ཞུགས་ནས། ནེའུ་ཙི་ལན་གྱི་གློག་བརྙན་ཀུན་ཟི་ཞིག་ཏུ་ལས་ཀ་སྒྲུབ་བསམ་ཀྱང་གོ་སྐབས་མ་རེག་པས། ཝེ་ལིང་ཐོན་གྱི་ཚགས་པར་ཁང་ཞིག་ཏུ་ལོ་ངོ་བདུན་གྱི་རིང་བྱ་བ་བསྒྲུབས། ལོ་ངོ་བདུན་པོ་དེའི་རིང་གི་ལས་ཀའི་ཡོང་འབབ་ཡོད་ཚད་ཁོས་རང་གི་གློག་བརྙན་ཕབ་བསྐྲུན་གྱི་གྲོན་དུ་ཕུལ་ནས་ཨུ་ཚུགས་ཀྱིས་མདུན་ཏུ་སོང་བར།   1987ལོར་ཁོང་གི་བརྩམས་ཆོས་རིང་གྲས་ཐོག་མ«བྲོ་བ་སྐྱུར་མོ»(bad taste)ཞེས་པ་དེ་བཀྲམས་ཐུབ་པ་བྱུང་། གློག་བརྙན་འདི་བསྒྱུར་བའི་གོ་རིམ་ཁྲོད་ཁོང་ལ་མ་དངུལ་གྱིས་ཁེགས་ནས་འུ་ཐུག་པས། ནེའུ་ཙི་ལིན་རྒྱལ་ཁབ་གློག་བརྙན་ཅུའུ་ནས་ཁོང་གི་གློག་བརྙན་གྱི་འཇོན་ཐང་དང་བརྩམས་ཆོས་ཀྱི་རིན་ཐང་ལ་དམིགས་ནས་མ་དངུལ་གྱི་རྒྱབ་སྐྱོར་འོག་འགྲུབ་ཐུབ་བྱུང་བར་མ་ཟད། «བྲོ་བ་སྐྱུར་མོ»ཞེས་པའི་གློག་བརྙན་དེ1988ལོའི་ཁཱ་ན་རྒྱལ་སྤྱིའི་གློག་བརྙན་འགྲེམ་སྟོན་དུ་སྤེལ་ཐུབ་པར་བྱུང་། ཁོང་གི་བརྩམས་ཆོས་དང་པོ་འདིས་ཁོང་ལ་ནེའུ་ཙི་ལིན་གྱི་གློག་བརྙན་གྱི་སྡེ་ནས་མཚན་གྱི་སྙན་གྲགས་ཆེ་ཆེར་རྒྱས།

    ༡༩༨༩ལོར་འཁྲབ་གཞུང་རྩོམ་པ་དང་འཁྲབ་ཁྲིད་པའི་འགན་གཅིག་ལྕོགས་ཀྱིས་ཞེས་པའི་གློག་བརྙན་ཕབ་ནས་བསྐྲུན། ༡༩༩༢ལོའི་བརྩམས་ཆོས«རོ་ལངས་གར་རྩེན»(braindead)ཞེས་པ་འཇིགས་སྐུལ་གློག་བརྙན་ལ་མོས་མཁན་ཀུན་གྱི་ཡིད་ཀྱི་གསོས་སྨིན་དུ་གྱུར་ཅིང་གློག་བརྙན་འདི་ལ་སྔ་གཞུག་ཏུ་ཧྥ་རན་སིའི་ཨ་ཨོ་རེ་ཡ་ཙི་སོགས་འཛམ་གླིང་གི་གློག་བརྙན་དུས་སྟོན་ཁག་ནས་བྱ་དགའི་རྣམ་གྲངས་བཅུ་དྲུག་ཙམ་རེག

    ༡༩༩༤ལོར་ཁོས«སྒྱུ་འཕྲུལ་གྱི་ལྷ་ཡུལ»ཞེས་པ་བསྐྲུན་པར་ཝེ་ནཱ་སིའི་དངུལ་སེང་གི་རྟགས་མ་དང་ཨོ་ཟི་ཁཱའི་འཁྲབ་གཞུང་རྩེ་གྲའི་རྟགས་མ་གཉིས་གཏོགས་པའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་རྟགས་མ་ཁ་ཤས་ཐོབ། ༡༩༩༦ལོར་ཁོ་རང་ཨ་རིའི་ཧོ་ལེ་ཝུ་གློག་བརྙན་ཀུང་ཟིའི་ལས་མིར་གདན་དྲངས་བས། དེ་གའི་དགོས་མཁོར་དམིགས་ནས༡༩༩༧ལོར་ཁོ་རང་ཉིད་ཀྱིས་འཁྲབ་གཞུང་བརྩམས་པ་དང་འཁྲབ་ཁྲིད་བྱས་པའི«འཇིགས་སྐུལ་པ»ཞེས་པ་དེ་ཕབ་བསྐྲུན་བྱས་ཤིང་དེའི་འཕྲོར་མཐུད་ནས་མི་རྣམས་ཀྱིས་བརྗེད་ཟིན་པའི་ནེའུ་ཙི་ལིན་གྱི་གློག་བརྙན་སྒྲིག་བཟོ་དང་གསར་གཏོད་མཁན་ཡི་འཚོ་བ་དངོས་མཚོན་པའི«བརྗེད་ཟིན་པའི་མི་བུ»ཞེས་པའི་དངོས་ཞུས་གློག་བརྙན་ཅིག་ཕབ་པར་ཕོར་ཐི་གྷལ་གྱི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་བྱ་དགའི་རྟགས་མའང་ཐོབ་མྱོང་འདུག

    ༡༩༩༨ལོ་ནས་བཟུང་ཁོང་གིས་ཁོ་རང་དགའ་སའི་དབྱིན་ཇིའི་རྩོམ་པ་པོ་ཐོལ་ཁེན་གྱིས་བརྩམས་པའི«སོར་གདུབ་རྒྱལ་པོ»ཞེས་པའི་སྒྱུ་འཕྲུལ་སྒྲུང་གཏམ་རིང་མོ་འདི་དམིགས་འབེན་དུ་བཟུང་ནས་གློག་བརྙན་བརྩམས་ཆོས་སུ་བསྐྲུན་པའི་ལས་ལ་ཞུགས། བརྩམས་ཆོས་འདི «སོར་གདུབ་བྱ་ར་བ»«ལྕོག་མཁར་ཟུང་སྦྲེལ»«རྗེ་བོ་ཕྱིར་བྱོན»བཅས་ཁག་གསུམ་གྱིས་གྲུབ་ཅིང་དུས་རབས་སྔ་མའི་ལོ་རབས་ལྔ་བཅུ་བར་གྲགས་པ་ཆེས་ཆེ་བས། འཛམ་གླིང་སྐད་རིགས་ཉེར་ལྔ་ཙམ་ལ་བསྒྱུར་ཡོད་སྐད། བརྩམས་ཆོས་འདི་གློག་བརྙན་ལ་ཕབ་པའི་གོ་རིམ་བའི་ཁྲོད་ཁོས་རང་གི་ཆུང་མ་གྲོགས་སུ་བསྡོངས་ནས་ལོ་ངོ་གསུམ་གྱི་དུས་ཡུན་རིང་སྒྲུང་གཏམ་དེའི་ལྷུ་ལག་བཀྲོལ་ནས་འཁྲབ་གཞུང་དུ་བཅོས་པ་དང་བརྙན་ཕབ་པར་ཟླ་བ་བཅོ་ལྔའི་དུས་ཡུན་སྤྱད་པས་ཡོངས་སུ་གྲུབ་པ་ཡིན་ལ། དུས་རིམ་འདིའི་ཁྲོད་དུ་ཁོང་ལ་མ་དངུལ་གྱིས་ཁེགས་ཀྱང་ཨུ་ཚུགས་ཀྱིས་གདོང་གཏད་པས་ཀུན་གྱིས“གློག་བརྙན་དུ་ཕབ་འོས་ཀྱང་འཕབ་ཐབས་མེད་པར”གྲགས་པའི«སོར་གདུབ་རྒྱལ་པོ»ཁག་གསུམ་གྱི་བདག་ཉིད་ཅན་དེ་ཀུན་གྱི་མིག་གི་དགའ་སྟོན་དུ་བཀྲམས་ཐུབ་པར་གྱུར།

      ཁག་དང་པོ«སོར་གདུབ་བྱ་ར་བ» ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཆེ་གྲས་ཁག་གི་བྱ་དགའི་རྣམ་གྲངས་བཅུ་གྲངས་ཤིག་ཐོབ། ༢༠༠༥ལོར་ཁོ་རང་ཆུང་དུས་ཀྱི་རྨི་ལམ་རྙེད་སའི་གློག་བརྙན«སྤྲ་མི་ཁིན་ཁིང»ཞེས་པ་བསྐྱར་དུ་ཕབ་བསྐྲུན་བྱས། ༢༠༡༢ལོ་ནས་བཟུང་ནས« ཧོ་བྷི་ཐིའི་མི»ཞེས་པའི་སོར་གདུབ་རྒྱལ་བོའི་གཏམ་རྒྱུད་སྔ་དུམ་དེ་འཁྲབ་ཁྲིད་པར་མགོ་བརྩམས་ནས་ད་ཆ་ཁག་དང་པོ«བློ་ཡུལ་འདས་པའི་འགྲུལ་བཞུད»ཞེས་པ་བརྩམས་ནས་གྲུབ་པ་དང་། ཁག་ཕྱི་མ་གཉིས་མ་གཉིས་ཀྱང་བསྟུད་མར་དགྲམ་རྩིས་ཡོད་དོ།།

     མི་ཚེའི་བརྒྱུད་རིམ་འདིའི་ནང་ཁོས་གློག་བརྙན་ལས་རིགས་ཁྲོད་གྲུབ་འབྲས་མངོན་གསལ་ཞིག་ལོན་ཡོད་པ་འདི་ཆུང་དུས་ནས་རང་ཉིད་ཀྱི་དགའ་ཕྱོགས་གསལ་བོ་ཞིག་རྙེད་ཐུབ་སོང་བ་དང་དགའ་ཕྱོགས་དེའི་ཕྱོགས་ལ་ལུས་སེམས་ནུས་པ་རྩལ་ཏུ་བཏོན་ནས་མུ་མཐུད་དུ་བསྐྱོད་མུས་ཡིན་ནོ། ། 

 

     གྲུབ་འབྲས་གཙོ་བོ།                                                            

ཨོ་ཟི་ཁཱ་བྱ་དགའ་ཐོབ་མྱོང་བའི་བརྩམས་ཆོས།

«ས་ཁུལ་དགུ་བ»སྐབས82པའི་གློག་བརྙན་རྩེ་གྲའི་འོས་མིང་དུ་ཚུད།

«སོར་གདུབ་རྒྱལ་པོ།༡ སོར་གདུབ་བྱ་ར་བ»སྐབས74པའི་གློག་བརྙན་རྩེ་གྲ་དང་འཁྲབ་ཁྲིད་པ་རྩེ་གྲ འཁྲབ་གཞུང་རྩེ་གྲ་བཅས་ཀྱི་འོས་མིང་དུ་ཚུད།

«སོར་གདུབ་རྒྱལ་པོ།༢ ལྕོག་མཁར་ཟུང་སྦྲེལ»སྐབས75པའི་གློག་བརྙན་རྩེ་གྲའི་འོས་མིང་དུ་ཚུད།

«སོར་གདུབ་རྒྱལ་པོ།༣ རྒྱལ་པོ་ཕྱིར་བྱོན»སྐབས76པའི་གློག་བརྙན་རྩེ་གྲ་དང་འཁྲབ་ཁྲིད་པ་རྩེ་གྲ འཁྲབ་གཞུང་རྩེ་གྲ་བཅས་ཀྱི་འོས་མིང་དུ་ཚུད།

«སྒྱུ་འཕྲུལ་གྱི་ལྷ་ཡུལ»སྐབས67པའི་འཁྲབ་གཞུང་རྩེ་གྲའི་འོས་མིང་དུ་ཚུད།

 

ཝེ་ནཱ་སི་བྱ་དགའ་ཐོབ་མྱོང་བའི་བརྩམས་ཆོས།

«སྒྱུ་འཕྲུལ་གྱི་ལྷ་ཡུལ»ལ་སྐབས51པའི་གློག་བརྙན་རྩེ་གྲའི་དངུལ་སེང་གི་རྟགས་མ་ཐོབ།

«སྒྱུ་འཕྲུལ་གྱི་ལྷ་ཡུལ»སྐབས51པའི་གསེར་སེང་རྟགས་མའི་འོས་མིང་དུ་ཚུད།

 

ཨ་རིའི་གསེར་བུམ་བྱ་དགའ་ཐོབ་མྱོང་བའི་བརྩམས་ཆོས།

«སོར་གདུབ་རྒྱལ་པོ།༣ རྒྱལ་པོ་ཕྱིར་བྱོན»ལ་སྐབས61པའི་འཁྲབ་ཁྲིད་པ་རྩེ་གྲའི་རྟགས་མ་ཐོབ།

«སྤྲ་མི་ཁིན་ཁིང»སྐབས63པའི་འཁྲབ་ཁྲིད་པ་རྩེ་གྲའི་འོས་མིང་དུ་ཚུད།

«སོར་གདུབ་རྒྱལ་པོ།༡ སོར་གདུབ་བྱ་ར་བ»སྐབས60པའི་འཁྲབ་ཁྲིད་པ་རྩེ་གྲའི་འོས་མིང་དུ་ཚུད།

«སོར་གདུབ་རྒྱལ་པོ།༢ ལྕོག་མཁར་ཟུང་སྦྲེལ»སྐབས59པའི་གློག་བརྙན་རྩེ་གྲའི་འོས་མིང་དུ་ཚུད།

 

ཏོ་རོན་ཏོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་བྱ་དགའ་ཐོབ་པའི་གློག་བརྙན།

«སྒྱུ་འཕྲུལ་གྱི་ལྷ་ཡུལ»ལ་སྐབས19པའིmetroའཕྲིན་སྦྱོར་རྟགས་མ་ཐོབ།

 

འཇར་པན་གློག་བརྙན་སློབ་གླིང་རྟགས་མ་ཐོབ་པའི་གློག་བརྙན།

«སོར་གདུབ་རྒྱལ་པོ།༣ རྒྱལ་པོ་ཕྱིར་བྱོན»ལ་སྐབས28པའི་ཕྱི་སྐད་གློག་བརྙན་རྩེ་གྲའི་རྟགས་མ་ཐོབ།

«སོར་གདུབ་རྒྱལ་པོ།༢ ལྕོག་མཁར་ཟུང་སྦྲེལ»ལ་སྐབས27པའི་ཕྱི་སྐད་གློག་བརྙན་རྩེ་གྲའི་རྟགས་མ་ཐོབ།

«སོར་གདུབ་རྒྱལ་པོ།༡ སོར་གདུབ་བྱ་ར་བ»ལ་སྐབས26པའི་ཕྱི་སྐད་གློག་བརྙན་རྩེ་གྲའི་རྟགས་མ་ཐོབ།

དཔྱད་མཆན་ཡོད།