ཧྥུང་ཞའོ་ཀང་། 冯小刚

  • སྐྱེས་སྐར། 1958ལོའི་ཟླ3པའི་ཚེས17།
  • སྐྱེ་ཡུལ། པེ་ཅིང་ཏ་ཞིང་ཁུལ།
  • ལས་རིགས། འཁྲབ་ཁྲིད་པ། འཁྲབ་གཞུང་མཁན། འཁྲབ་སྟོན་པ།
  • ཀློག་གྲངས།

ངོ་སྤྲོད་མདོར་བསྡུས།

    འཁྲབ་ཁྲིད་པ་ཧྥུང་ཞའོ་ཀང་གི་ཕ་ཡུལ་ནི་ཧུའུ་ནན་ཞང་ཐན་ཡིན། ཁོ་རང་ཆུང་དུས་ནས་མཛེས་རྩལ་དང་རྩོམ་རིག་ལ་དགའ་ཞེན་ཆེ། མཐོ་འབྲིང་མཐར་ཕྱིན་རྗེས་པེ་ཅིང་དམག་ཁུལ་རིག་རྩལ་ཚོགས་པར་ཞུགས་ནས་གར་སྟེགས་ཐོག་གི་མཛེས་རྩལ་ཇུས་འགོད་པའི་འགན་ཁུར་ཞིང་དེའི་རྗེས་དམག་ལ་ཞུགས། ལས་ཀ་སྤོས་རྗེས་པེ་ཅིང་གྲོང་ཁྱེར་འཛུགས་སྐྲུན་གསར་འབྱེད་སྤྱི་ཁྱབ་ཀུང་ཟིའི་ནང་བཟོ་ཚོགས་ཀྱི་རིག་གནས་ལུས་རྩལ་ལས་མིའི་འགན་ཁུར་བ་རེད།

     1985ལོར།པེ་ཅིང་བརྙན་འཕྲིན་སྒྱུ་རྩལ་ལྟེ་གནས་ཀྱི་མཛེས་ལས་པར་གྱུར། སྔ་རྟིང་དུ«སྦ་ནགས་ཆེན་པོ»ཞེས་པ་དང«མཚན་གུང་གི་རྒྱལ་ཁ»ཞེས་པ། «རྒྱུན་གོས་ཉེན་རྟོག་པ»སོགས་བརྙན་འཕྲིན་ཟློས་གར་མང་པོ་ཞིག་གི་ཁྲོད་དུ་མཛེས་རྩལ་ཇུས་འགོད་པའི་འགན་ཁུར། དེའི་རྗེས་སུ་ཁོང་གི་གྲོགས་པོའམ་ལས་རོགས་གུ་ཡོ(葛优)ཡིས་ཧྲང་ཧའེ་གློག་བརྙན་དུས་ཆེན་དུ་ཞུགས་པར་མཚམས་སྦྱོར་བྱས་པ་ནས་བཟུང་ཁོང་གི་གློག་བརྙན་གྱི་བྱ་གཞག་དེ་དངོས་སུ་མགོ་ཚུགས་སོ།།

     1990ལོར་ཧྥུང་ཞའོ་ཀང་གིས་ཀྲེང་ཞའོ་ལུང(郑晓龙)དང་མཉམ་འབྲེལ་གྱིས་རྩོམ་སྒྲིག་འཁྲབ་ཁྲིད་བྱས་པའི«སྤྲོ་ངར་དང་འཕྲད་པ»ཞེས་པ་དེ་ནི་ཁོང་གི་བརྩམས་ཆོས་ཐོག་མ་དེ་ཡིན། རྗེས་སུ་ཞཱ་ཀང(夏刚)གིས་དེ་གློག་བརྙན་དུ་བསྒྱུར་ཅིང་དེ་ལ་ཀྲུང་གོའི་གསེར་བྱའི་བྱ་དགའི་འཁྲབ་གཞུང་རྩོམ་སྒྲིག་ཡག་ཤོས་སོགས་རྣམ་གྲངས་བཞིའི་འོས་མིང་ཐོབ།

     1992 ལོར་ཁོང་དང་ཀྲེང་ཞའོ་ལུང་གཉིས་ཀྱིས་སླར་ཡང་མཉམ་འབྲེལ་བྱས་ནས«གཏོང་ཕོད་ཅན» (大撒把)ཞེས་པའི་གློག་བརྙན་འཁྲབ་གཞུང་ཞིག་བརྩམས་ཤིང་། དེ་གློག་བརྙན་དུ་ཕབ་ནས་བཏང་རྗེས་སྐབས་བཅུ་གསུམ་པའི་གསེར་བྱའི་བྱ་དགའི་གཏམ་རྒྱུད་ཡག་ཤོས་དང་འཁྲབ་གཞུང་རྩོམ་སྒྲིག་ཡག་ཤོས་སོགས་རྣམ་གྲངས་ལྔའི་འོས་མིང་ཐོབ།

     1994ལོར་གཞི་ནས་དངོས་སུ་འཁྲབ་ཁྲིད་པ་བྱེད་འགོ་བརྩམས་ཤིང་གློག་བརྙན་ཐོག་མ«བརྩེ་དུང་གཏན་དུ་ཡལ་སོང»(痛失我爱)ཞེས་པའི་རྗེས་སུ་གློག་བརྙན་མང་པོ་གཅིག་རྗེས་གཉིས་མཐུད་ཀྱིས་བྱུང་སྟེ་རྒྱལ་ཡོངས་སུ་མཚན་སྙན་གྱི་གྲགས་པ་འབར། 

      ཧྥུང་ཞའོ་ཀང་ཆུང་དུས་ཕ་མ་གཉིས་བཟའ་འཐོར་བྱས་པས་ཁོས་མ་སྨད་གཉིས་དང་མཉམ་དུ་འཚོ་བ་བསྐྱལ་བ་རེད། ཧྥུང་ཞའོ་ཀང་གིས་རང་རྣམ་དུ་ཨ་མའི་དཀའ་སྡུག་གི་མི་ཚེ་དེ་འདི་ལྟར་བྲིས་ཡོད་དེ"དགུང་ལོ་༢༠ལ་རན་དུས་གཉེན་ཉེ་ཚང་མ་མོ་དང་བྲལ་སོང་བས་གཅིག་པུར་པེ་ཅིང་གྲོང་ཁྱེར་དུ་སླེབས་ནས་སྡུག་བསྔལ་ཚད་མེད་མྱོང་འགོ་བརྩམས། གཉེན་བསྒྲིགས་རྗེས་ལོ་་༢མ་གཏོགས་སོན་མེད་པའི་བུ་མོ་ཚེ་ལས་འདས། དགུང་ལོ༣༥ཡི་སྟེང་བཟའ་ཚང་འཐོར།༤༥ལོར་ཡང་འབྲས་སྐྲན་གྱི་ནད་ཕོག་ཅིང་། དགུང་ལོ༤༧ལ་ཀླད་ཁྲག་འགག་པའི་ནད་ཕོག

      དེའི་རྗེས་སུ་ལོ་ངོ་༡༦གི་རིང་ལ་ཞ་བོར་གྱུར་ནས་མི་ཚེ་མལ་ཁྲིའི་ཐོག་ནས་བསྐྱལ།" ཧྥུང་ཞའོ་ཀང་གིས་བསམས་པར། རང་གི་ཨ་མ་ནི་ཚེ་འདས་ཡོད་ཚད་ཀྱི་ཁྲོད་དངོས་གནས་འཁོར་བའི་སྡུག་བསྔལ་ལས་གྲོལ་སོང་མཁན་དེ་རེད་སྙམ། ཁོང་གིས་ནམ་ཡང་བརྗེད་མི་སྲིད་པ་ནི་དྲིན་ཆེན་མ་ལོ་འཇིག་རྟེན་འདིར་གནས་སྐབས་གསུངས་པའི་བཀའ་སློབ་ཟབ་མོ་སྟེ། "གཅེས་ཕྲུག ཁྱོད་ཀྱི་མ་འོངས་པ་ཧ་ཅང་བདེ་བླག་ཡིན་ངེས། སྡུག་བསྔལ་ཐམས་ཅད་ང་གཅིག་པུས་མྱངས་ཚར་སོང་། ཁྱོད་མི་འཇོན་ཐང་ཅན་ཞིག་ཆགས་ཚེ་ངས་དཀའ་སྡུག་མྱངས་པར་ཡང་དོན་སྙིང་ལྡན།" ཞེས་པ་དེ་རེད།

       གཉེན་སྒྲིག་ཐད་དམག་དཔུང་ལས་ལས་ཀ་སྤོས་རྗེས་དགའ་རོགས་དང་མྱུར་དུ་གཉེན་བསྒྲིགས་མོད། འོན་ཀྱང་འགོག་རྐྱེན་སྣ་ཚོགས་ཀྱི་རྐྱེན་པས་མཐར་ཐུག་ཁ་འཐོར་བ་རེད། རྗེས་སུ་ལས་དང་བརྩེ་དུང་དབང་གིས་འཁྲབ་སྟོན་མ་ཞུའུ་ཧྥན(徐帆)མཐོང་བ་ཙམ་གྱིས་སེམས་པ་ཤོར་ནས་ཡང་བསྐྱར་གཉེན་སྒྲིག་གི་ཚོམས་ཆེན་དུ་གོམ་པ་སྤོས།


གྲུབ་འབྲས་གཙོ་བོ།

བརྩམས་ཆོས་གྲགས་ཅན།

2004ལོར«ལག་ཁྱེར་ཁ་པར» སྐབས11པའི་པེ་ཅིན་སློབ་ཆེན་པའི་གློག་བརྙན་དུས་ཆེན་གྱི་དགའ་བསུ་ཆེས་ཆེར་ཐོབ་པའི་འཁྲབ་ཁྲིད་པ།

2005ལོར«རྐུན་མེད་ཀྱི་འཇིག་རྟེན»ལ་སྐབས12པའི་པེ་ཅིན་སློབ་ཆེན་པའི་གློག་བརྙན་དུས་ཆེན་ཁྲོད་དགའ་བསུ་ཆེས་ཆེར་ཐོབ་པའི་འཁྲབ་ཁྲིད་པའི་བྱ་དགའ་ཐོབ།

2008ལོར«རུབ་འཛོམ་དུང་བརྡ» ལ་སྐབས15པའི་པེ་ཅིན་སློབ་ཆེན་པའི་གློག་བརྙན་དུས་ཆེན་ཁྲོད་འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ་ཐོབ།

2008ལོར«རུབ་འཛོམ་དུང་བརྡ»ལ་སྐབས17 པའི་ཧྲང་ཧའེ་བརྙན་དཔྱད་པའི་བྱ་དགའི་ཁྲོད་འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ་ཐོབ།

2008ལོར«རུབ་འཛོམ་དུང་བརྡ»ལ་སྐབས་11པའི་ཕོང་ཡང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཁྲོད་འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ་ཐོབ།

2010ལོར«གཡོ་ཟོལ་གྱི་སུན་གཙེར»ལ་སྐབས30པའི་སྤྱི་བྱིངས་གློག་བརྙན་མེ་ཏོག་སྣ་བརྒྱའི་བྱ་དགའ་ཁྲོད་འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ་ཐོབ།

2011ལོར«ཐང་ཧྲན་ས་ཡོམ་ཆེན་མོ»སྐབས་31པའི་སྤྱི་བྱིངས་གློག་བརྙན་མེ་ཏོག་སྣ་བརྒྱའི་བྱ་དགའ་ཁྲོད་འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ་ཐོབ།

      བརྩམས་ཆོས་ཀྱི་ཁྱད་ཆོས།

     ཧྥུང་ཞའོ་ཀང་གི་གློག་བརྙན་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་དེ། གཅིག རེ་འདོད་མངོན་པ། ཧྥུང་ཞའོ་ཀང་ནི་མི་སེར་དཀྱུས་མའི་འདུ་ཤེས་ཡོད་པའི་འཁྲབ་ཁྲིད་པ་ཞིག་ཡིན་ཕྱིན་ཁོང་གིས་མིག་རྒྱང་དེ་རྟག་པར་འུར་ཟིང་ཆེ་བའི་དེང་རབས་གྲོང་ཁྱེར་ཆེན་མོའི་མི་སེར་གྱི་འཚོ་བ་དང་བསམ་བློའི་རྣམ་པར་གཏད་ཡོད། ཁོང་གི་གློག་བརྙན་དག་གིས་མི་སེར་གྱི་མཐོང་ཟུར་ནས་མི་སེར་དཀྱུས་མའི་ཕུགས་མདུན་མངོན་ཏེ་ཅི་ནུས་ཀྱིས་མི་སེར་དཀྱུས་མའི་འཛད་སྤྱོད་ཀྱི་དགོས་མཁོ་དང་སེམས་ཀྱི་རེ་འདོད་མཚོན་ཡོད། 

      གཉིས། འཚོ་གནས་དང་ཚེ་སྲོག་ལ་བསམ་ཞིབ། ཚོད་དཔག་ཅན་གྱི་རོལ་རྩེད་བྱུང་རིམ་གྱིས་འཚོ་གནས་དང་ཚེ་སྲོག་ལ་བསམ་གཞིག་གཏོང་བ་དེ་མངོན་ཐུབ། ཁོང་གིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་ཕལ་ཆེར་གྱི་བྱུང་རིམ་དང་སྐད་ཆར་དགོད་བྲོ་བོའི་ཁྱད་ཆོས་མངོན་གསལ་ལྡན། མི་ཚེ་དང་རིག་གནས་ཀྱི་འགྲོ་ཕྱོགས་གཙོ་བོར་ཟུར་ཟ་བྱེད་པ་ནི་ཁོང་གི་གློག་བརྙན་གྱི་ཁྱད་ཆོས་གཙོ་བོ་ཡིན་ནོ།།

དཔྱད་མཆན་ཡོད།