ཅང་ཝུན། 姜文

  • སྐྱེས་སྐར། 1963ལོའི་ཟླ1པའི་ཚེས5།
  • སྐྱེ་ཡུལ། ཧི་པེ་ཐང་ཧྲན།
  • ལས་རིགས། འཁྲབ་ཁྲིད་པ། འཁྲབ་སྟོན་པ། འཁྲབ་གཞུང་མཁན།
  • ཀློག་གྲངས།

ངོ་སྤྲོད་མདོར་བསྡུས།

      ཅང་ཝུན་ནི་ཀྲུང་གོའི་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་གྲགས་ཅན་ཞིག་སྟེ། ཁོང་ནི་སྤྱི་ལོ1963ལོར་ཧི་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་དུ་རྨོ་མོའི་ཁྱིམ་དུ་སྐྱེས་ཤིང་བྱིས་དུས་ཀྱི་འཚོ་བ་དེ་གར་བསྐྱལ། ཨ་ཕ་ནི་མེ་འགོག་ཁྲོ་རོགས་སུ་ཞུགས་མྱོང་བའི་དམག་མི་ཞིག་དང་ཨ་མ་ནི་སློབ་ཆུང་གི་གླུ་དབྱངས་དགེ་རྒན་ཞིག་ཡིན། རྨོ་མོའི་ཁྱིམ་ནས་ཕ་མ་གཉིས་ཀའི་གམ་དུ་ལོག་རྗེས་སྔ་གཞུག་ཏུ་ཀོས་ཀྲུག་དང་ཧུའུ་ནན་བཅས་སུ་གནས་ངེས་མེད་དུ་ཉུལ། ཁོ་རང་ལོ་བཅུ་སླེབས་དུས་ཁྱིམ་མི་གང་པོ་པེ་ཅིན་ལ་གནས་སྤར་ནས་གཏན་སྡོད་བྱས། ཁོ་རང་སློབ་འབྲིང་གི་སྐབས་སུ་གྲོགས་བཟང་པོ་དབྱིན་ཏ་དང་ངོ་ཤེས་ཤིང་དབྱིན་ཏའི་ཨ་ཕའི་ཤུགས་རྐྱེན་འོག་ཁོ་རང་འཁྲབ་སྟོན་ལ་སྤྲོ་བ་བླ་ལྷག་ཅིག་བསྐྱེད།

      1980ལོར་ཀྲུང་དབྱང་ཟློས་གར་སློབ་གླིང་གི་འཁྲབ་སྟོན་ཚན་ཁག་ཏུ་རྒྱུགས་འཕྲོད། 1984ལོར་སློབ་ཐོན་བྱུང་སྟེ་ཀྲུང་གོའི་ན་གཞོན་སྒྱུ་རྩལ་ཟློས་གར་གླིང་དུ་ལས་ཀ་བགོས། «ཁྱིམ་ཚང་གི་དོན་ཆེན»སོགས་ཟློར་གར་འཁྲབ་ཚན་ཁག་ཏུ་གཙོ་འཁྲབ་པའི་འགན་བཞེས་ཤིང་། 1985ལོར«མཇུག་མཐའི་གོང་མ»ཞེས་པར་མི་སྣ་གཙོ་བོ་པོ་དབྱི་འཁྲབ་པ་དེ་ཁོའི་གློག་བརྙན་འཁྲབ་སྟོན་དུ་ཞུགས་ཐེངས་དང་པོ་ཡིན།
     1987ལོར་ཀྲུང་གོ་དང་ཧྥ་རན་སིས་མཉམ་དུ་ཕབ་ནས་བསྐྲུན་པའི་གློག་བརྙན«ཧྭ་ཅོ་ཡི་མིག་ཆུ»ཞེས་པའི་གཙོ་འཁྲབ་པའི་ལས་བྱས་པ་དང་ཀྲང་དབྱི་མོ་ཡིས་འཁྲབ་ཁྲིད་བྱས་པའི«ཁྲེ་རྒོད་དམར་པོ»ཞེས་པའི་གཙོ་འཁྲབ་པའང་བྱས་པར། གློག་བརྙན་འདིར1988ལོར་པིར་ལེན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་གསེར་དོམ་རྟགས་མ་ཐོབ། ལོ་འདིར་ཁོས«དཔྱིད་ཀྱི་ཁམ་བུ»ཞེས་པའི་གློག་བརྙན་གྱི་གཙོ་འཁྲབ་བྱས་པར་ཀྲུང་གོའི་སྐབས་ཉེར་གཉིས་པའི་འཁྲབ་ཁྲིད་སྐྱེས་པ་རྩེ་གྲ་ཡི་རྟགས་མ་གནངས། 1989ལོར«རང་ལོ»ཞེས་པར་གཙོ་འཁྲབ་བྱས།
     1990ལོར«ལྕམ་སྲུང་ཆེ་བ་ལི་ལེན་དབྱིན»ཞེས་པར་གཙོ་འཁྲབ་བྱས་པ་བཅས་ནི་ཁོ་རང་ལོ་སུམ་ཅུར་མ་སོན་པའི་ཡར་སྔོན་གྱི་བརྩམས་ཆོས་ཡིན། 1990ལོ་ནས་བཟུང་ཁོའི་སེམས་པ་སྤྲོ་ས་དང་རེ་བའི་སྙེག་ས་མུ་མཐུད་ནས་གློག་བརྙན་འཁྲབ་སྟོན་པའི་ལས་བསྐྱང་རྒྱུ་དེ་མ་ཡིན་པར། གློག་བརྙན་འཁྲབ་ཁྲིད་པའི་ལས་སུ་བསྒྱུར་ན་འདོད་དེ། ཧུར་ཐག་གིས་སྒྲུང་གཏམ་བཙལ་ཡང་བློར་འཁེལ་བ་ཞིག་མ་ལོན། 1992ལོར་ཨ་རིའི་སྲིད་གཞུང་གི་གདན་ཞུས་ལྟར་ཕྱིར་འགྲིམས་གོ་སྐབས་དང་བསྟུན་ནས་ཨ་རིའི་འཁྲབ་ཁྲིད་པ་གྲགས་ཅན་ཁ་ཤས་དང་འཕྲད་པའི་གོ་སྐབས་བྱུང་། 1992ལོར་ཝང་ཧྲོ་ཡིས་བརྩམས་པའི་སྒྲུང་གཏམ«སྲོག་ཆགས་གཏམ་སྤྱོད་ཅན»ཞེས་པ་གློག་བརྙན་དུ་བསྐྲུན་རྒྱུའི་སེམས་ཐག་བཅད་པར་མ་ཟད། དེ་ལ«དྲོ་ཞིང་འཇམ་པའི་ཉིན་མོ»ཅེས་པའི་ཁ་བྱང་གསར་པ་ཞིག་བཀོད།
     1993ལོར་ཁོ་རང་ལོ་སུམ་ཅུར་ལོན་དུས་ཐོག་དང་པོར་ཁོ་རང་ཉིད་ཀྱིས་འཁྲབ་ཁྲིད་དང་འཁྲབ་གཞུང་རྩོམ་པའི་ལས་གཅིག་ལྕོགས་ཀྱིས་ཁུར་ནས«དྲོ་ཞིང་འཇམ་པའི་ཉིན་མོ»ཞེས་པ་དེ་ཕབ་བསྐྲུན་བྱས་ནས། 1995ལོའི་ཟླ་དགུ་པར་རྒྱལ་ནང་དུ་བསྟན་པར་དམངས་སྒོར་ཁྲི50000ཡི་ཡོངས་འབབ་ཀྱིས་ལོ་དེའི་འཛིན་ཁེ་མཐོ་ཤོས་ཀྱི་ཟིན་ཐོར་བཀོད། གློག་བརྙན་དེར་སྐབས་ང་གཅིག་པའི་ཨི་ཐ་ལིའི་ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དང་སིང་ཀ་ཕོར་སྐབས8གློག་བརྙན་དུས་སྟོན་གཉིས་སུ་གློག་བརྙན་འཁྲབ་ཁྲིད་པ་རྩེ་གྲ་ཡི་རྟགས་མ་ཐོབ་པ་དང་། 1996ལོར་ཐེ་ཝན་དུ་གློག་བརྙན་རྩེ་གྲ་དང་འཁྲབ་སྟོན་པ་རྩེ་གྲ འཁྲབ་སྟོན་པ་སྐྱེས་པ་རྩེ་གྲ འཁྲབ་གཞུང་རྩེ་གྲ ཕབ་སྒྱུར་རྩེ་གྲ རོལ་དབྱངས་རྩེ་གྲ་བཅས་བྱ་དགའི་རྣམ་གྲངས་དྲུག་གི་ཆོ་ལོ་ཅིག་ཅར་དུ་ཐོབ།
     1995ལོར་ཨ་རིའི་དུས་བབ་ཚགས་པར་དུ“95ལོའི་འཛམ་གླིང་ཡོངས་ཀྱི་གློག་བརྙན་རྩེ་གྲ་བཅུ”བདམས་པའི་གྲས་སུ་ཚུད་ཅིང་། 1997ལོར་ཨ་རིའི་དུས་བབ་ཚགས་པར་དུ་ཡང་བསྐྱར“96ལོར་འཛམ་གླིང་ཡོངས་ཆེས་མོས་ཤིང་ལྟ་འདོད་ཆེ་བའི་གློག་བརྙན་བདུན”བདམས་པའི་གྲས་ཀྱི་གཅིག་ཡིན། 1996ལོར་ཅང་ཝུན་ཀྲུང་དབྱང་ཟློས་གར་སློབ་གླིང་གི་ཟློས་གར་ཞིབ་འཇུག་སོའོ་རུ་ལས་གནས་སྤར། དེ་གར་ཁོས«ཆིན་ལ་བསྟོད་པ»ཞེས་པར་གོང་མ་ཆིན་ཧྲི་ཧོང་འཁྲབ་འདུག 1997ལོར་ཅང་ཝུན་ཀྲང་དབྱི་མུའུ་བརྩམས་ཆོས་ལ་ཐེངས་གཉིས་པར་ཞུགས་ནས«སྐད་ཆ་ཡོད་ན་ཡག་པོ་ཤོད»ཅེས་པ་དེ་འཁྲབ། 1998ལོར་ཁོ་རང་གིས་འཁྲབ་ཁྲིད་བྱས་ཤིང་གཙོ་འཁྲབ་པའང་ཁོས་བྱས་པའི«འདྲེ་དམག་སླེབས་བྱུང»ཞེས་པ་ཕབ་བསྐྲུན་བྱས།
     2001ལོར«མེ་མདའ་འཚོལ་བ»ཞེས་པའི་གཙོ་འཁྲབ་པ་དང«གནམ་སའི་དཔའ་བོ»ཞེས་པའི་དེའི་གཙོ་འཁྲབ་པའང་བྱས། 2006ལོར་ཁོང་གི་འཁྲབ་ཁྲིད་བརྩམས་ཆོས«ཉི་མ་སྔར་བཞིན་ཤར་བྱུང»ཕབ་བསྐྲུན་བྱས་པ་དེས་ཀྱང་ཁོ་ལ་གླེང་བརྗོད་ཀྱི་ཚ་རླབས་ཤིག་ཡང་བསྐྱར་བསླངས་བྱུང་། 2010ལོར་ཅང་ཝུན་དང་ཁུ་ཡུག ཀྲིག་རོན་ཧྥ་གསུམ་གྱིས་མཉམ་འབྲེལ་གྱིས་འཁྲབ་ཤིང་། ཅང་ཝུན་གྱིས་འཁྲབ་སྟོན་དང་འཁྲབ་གཞུང་རྩོམ་པའི་ལས་ཁུར་ནས«མདེའུ་འཕུར་དུ་ཆུགས»ཞེས་པ་ཕབ་བསྐྲུན་བྱས་པར། ཐེ་ཝན་དུ་འཁྲབ་གཞུང་རྩེ་གྲ་ཡི་གསེར་རྟའི་རྟགས་མ་ཐོབ། 2011ལོར་ཅང་ཝུན་གྱིས«རྐང་གྲུག་འགྲན་བསྡུར»ཞེས་པའི་གློག་བརྙན་ཆུང་ངུ་ཕབ་ཡོད་པར་འདུག
     2012ལོའི་ཟླ་བཞི་པར་ཁོ་རང་ཨ་རིའི་འཁྲབ་སྟོན་པ་གྲགས་ཅན་ལྗེམ་ཟི•ཁཱ་མེ་རོན(James Cameron)དང་འཕྲད་དུས། ཁཱ་མེ་རོན་ན་རེ། གལ་ཏེ་ཅང་ཝུན་གྱི་གློག་བརྙན་བརྩམས་ཆོས་གསར་བ་དག3Dརུ་འཕབ་འདོད་ན་ལག་རྩལ་གྱི་རྒྱབ་སྐྱོར་ཁོས་བསྩལ་ཆོག་ཟེར།
     2013ལོར་བརྩམས་ཆོས་གསར་པ«གོམ་གང་གི་རྒྱང་ཐག»འཕབ་པའི་མགོ་བརྩམས་འདུག མ་གཞིར་ཅང་ཝུན་ནི་དེང་སྐབས་ཀྲུང་གོའི་གློག་བརྙན་གྱི་སྡེ་ན་བརྙན་གྱི་རྒྱལ་བོར་བརྩི་ཞིང་། ཁོང་ལ་འཁྲབ་སྟོན་སྒྱུ་རྩལ་གྱི་འཇོན་ཐང་མངའ་བར་མ་ཟད་གློག་བརྙན་བཟོ་སྐྲུན་ཐད་ལའང་ཐུན་མིན་ཁྱད་རྟགས་ཤིག་མངོན་ཐུབ་པར་གདའ་བས། འཁྲབ་དང་ཁྲིད་པའི་ལས་གཉིས་ཀར་འཇོན་པ་འདིས་དེང་རབས་སྒྱུ་རྩལ་གྱི་སྡེ་ལ་ཤུགས་མི་དམན་ཞིག་ཐོན་དང་འདོན་བཞིན་གདའོ། །
   
  གྲུབ་འབྲས་གཙོ་བོ།
«འདྲེ་དམག་སླེབས་བྱུང»ཞེས་པར།
སྐབས54པའི་ཧྥ་རན་སིའི་རིག་གནས་རྒྱང་བསྒྲགས་རྟགས་མ་ཐོབ་པ་དང་སྐབས53པའི་འགྲན་ཁུལ་གཙོ་བོའི་རྟིང་དཔྱད་བུམ་པ་ཐོབ། 2000ལོར་ཝེ་ནཱ་སིའི་དཔྱད་འདེམས་ཚོགས་པའི་རྟགས་མ་ཐོབ།
«ཉི་མ་སྔར་བཞིན་ཤར་བྱུང »ཞེས་པར།
སྐབས64བའི་ཝེ་ནཱ་སི་གློག་བརྙན་དུས་སྟོན་གྱི་གསེར་སེང་རྟགས་མའི་འོས་མིང་དུ་ཚུད། སྐབས21ཏུང་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་ཡ་གླིང་གློག་བརྙན་རྟགས་མའི་བྱ་དགའ་ཐོབ། སྐབས2པའི་ཨ་གླིང་གློག་བརྙན་བྱ་དགའི་འཁྲབ་ཁྲིད་པ་རྩེ་གྲ་ཡི་རྟགས་མ་ཐོབ། སྐབས44བའི་ཐེ་ཝན་གསེར་རྟའི་རྟགས་མའི་འཁྲབ་ཁྲིད་རྩེ་གྲ་དང་འཁྲབ་གཞུང་རྩེ་གྲ་ཡི་འོས་མིང་དུ་ཚུད།
«མདེའུ་འཕུར་དུ་ཆུགས »ཞེས་པར།
སྐབས48པའི་ཐེ་ཝན་གསེར་རྟའི་རྟགས་མའི་འཁྲབ་གཞུང་རྩེ་གྲ་ཡི་རྟགས་མ་ཐོབ་པ་དང་། འཁྲབ་ཁྲིད་རྩེ་གྲ་དང་གློག་བརྙན་རྩེ་གྲ་ཡི་འོས་མིང་དུ་ཚུད། ཞང་ཀང་འཁྲབ་ཁྲིད་ཚོགས་པས་2012ལོའི་ལོ་འཁོར་གློག་བརྙན་བྱ་དགའ་ཐོབ། སྐབས15བའི་འཛམ་གླིང་རྒྱ་སྐད་གློག་བརྙན་ཡང་རྩེའི་བྱ་དགའ་ལས་འཛིན་ཁེ་གཟི་བརྗིད་རྟགས་མ་དང་འཁྲབ་ཁྲིད་པ་རྩེ་གྲ སྐྱེས་པ་འཁྲབ་ཁྲིད་པ་རྩེ་གྲ་གནངས། 2012ལོར་ཀྲུང་གོའི་གློག་བརྙན་འཁྲབ་ཁྲིད་ཚོགས་པའི་གཟེངས་བསྟོད་ཚོགས་འདུའི་ཐོག་གློག་བརྙན་དང་འཁྲབ་ཁྲིད་པའི་བྱ་དགའ་ཐོབ།
«དྲོ་ཞིང་འཇམ་པའི་ཉིན་མོ»ཞེས་པར།
1995ལོར་ཨ་རིའི་དུས་བབ་ཚགས་པར་གྱིས95ལོའི་འཛམ་གླིང་གློག་བརྙན་རྩེ་གྲ་བཅུ་ཡི་རྩ་གྲར་བདམས། སྐབས33པའི་ཐེ་ཝན་གསེར་རྟ་རྟགས་མའི་འཁྲབ་གཞུང་རྩེ་གྲ་དང་འཁྲབ་ཁྲིད་རྩེ་གྲ འཁྲབ་སྟོན་རྩེ་གྲ རོལ་དབྱངས་རྩེ་གྲ་བཅས་ཐོབ།
«ཁྲེ་རྒོད་དམར་པོ»ཞེས་པར།
སྐབས་གཉིས་པའི་གསེར་གྱི་རྒྱ་བྱ་རྟགས་མའི་འཁྲབ་སྟོན་བྱ་དགའ་ཐོབ། 1988ལོའི་ཀྲུང་གོའི་གསེར་བྱའི་རྟགས་མའི་འཁྲབ་སྟོན་ཁ་རྩེ་གྲ་ཐོབ།
«གནམ་སའི་དཔའ་བོ» ཞེས་པར།
སྐབས4པའི་རྒྱ་སྐད་གློག་བརྙན་རྟགས་མའི་ཆེས་དགའ་བསུ་ཐོབ་པའི་འཁྲབ་ཁྲིད་པ་རྩེ་གྲ་ཡི་བྱ་དགའ་ཐོབ། སྐབས2པའི་གསེར་གྱི་རྒྱ་བྱ་རྟགས་མའི་འཁྲབ་སྟོན་བྱ་དགའ་ཐོབ། སྐབས11པའི་པེ་ཅིན་སློབ་ཆེན་སློབ་མའི་གློག་བརྙན་དུས་སྟོན་ཁྲོད་སློབ་ཆེན་སློབ་མས་ཆེས་དགའ་བསུ་ཐོབ་པའི་འཁྲབ་ཁྲིད་པ་རྩེ་གྲ
«མེ་མདའ་འཚོལ་བ»ཞེས་པར།
སྐབས3པའི་རྒྱ་སྐད་གློག་བརྙན་རྟགས་མའི་ཆེས་དགའ་བསུ་ཐོབ་པའི་འཁྲབ་ཁྲིད་པ་རྩེ་གྲ་དང་འཁྲབ་སྟོན་པ་སྐྱེས་པ་རྩེ་གྲ་ཡི་བྱ་དགའ་ཐོབ། སྐབས12པའི་ཧྲང་ཧེ་དཔྱད་འདེམ་པའི་རྟགས་མ་ཡི་འཁྲབ་ཁྲིད་པ་རྩེ་གྲ་ཡི་བྱ་དགའ་ཐོབ།

དཔྱད་མཆན་ཡོད།