ཧྥོ་རན་སེ་སི•ཧྥོ་ཏི•ཁོ་ཕུ་ལཱ། Francis Ford Coppola

  • སྐྱེས་སྐར། 1939ལོའི4པའི་ཚེས7།
  • སྐྱེ་ཡུལ། ཨ་རིའི་དྷི་ཁྲའོ་ཡེ་ཐི་མི་ཧྲེ་གན། Detroit Michigan
  • ལས་རིགས། འཁྲབ་ཁྲིད་པ། འཁྲབ་གཞུང་རྩོམ་མཁན། འཁྲབ་སྟོན་པ། སྒྲིག་སྦྱོར་བ།
  • ཀློག་གྲངས།

ངོ་སྤྲོད་མདོར་བསྡུས།

     ཧྥོ་རན་སེ་སི•ཧྥོ་ཏི•ཁོའོ་ཕུ་ལཱ་ནི་གློག་བརྙན་ལས་རིགས་ཁྲོད་སྐད་གྲགས་ཆོད་པའི་འཁྲབ་ཁྲིད་པ་ཆེན་པོ་ཞིག་ཡིན་པ་དང༡༩༣༩ལོར་ཨ་རིའི་དྷི་ཁྲའོ་ཡེ་ཐི་མི་ཧྲེ་གན་དུ་ཨི་ཐ་ལི་ནས་སྤོས་ཡོང་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས། ཡབ་ནི་རོལ་མོ་བཀོད་འདོམས་པ་དང་རོལ་མོ་རྩོམ་མཁན་ཞིག་ཡིན། ཁོ་རང་བྱིས་པའི་སྐབས་སུ་ཟློས་གར་འཁྲབ་རའི་རྒྱབ་སྟེགས་སུ་བསྡད་ནས་རྟག་པར་ཡབ་ཆེན་གྱི་འཁྲབ་སྟོན་དེར་ལྐོག་ལྟ་བྱས།

     ཁོ་རང་ཆུང་ངུའི་དུས་ནས་གློག་བརྙན་ལ་དབྱིངས་ཞུགས་པ་དང་ལོ༡༧སྐབས་ཧོ་ཧྥུ་སི་ཐྲིར་སློབ་གླིང་གི་ཟློས་གར་ཚན་ཁག་ནང་ཕྱིན་ནས་སློབ་གྲྭའི་ནང་ཟློས་གར་འཁྲབ་སྟོན་ལ་ཞུགས་དུས་ཅི་ཡང་སྒྲུབ་ནུས་ཀྱིན་ཡོད། སློབ་ཆེན་ནས་ཐོན་པའི་རྗེས་སུཁོའོ་ཕུ་ལཱ་ཁཱ་ལི་ཧྥོ་ནི་ཡ་གློག་བརྙན་སློབ་གླིང་ལ་ཕྱིན་ནས་གློག་བརྙན་ཆེད་སྦྱོང་བྱས། དེའི་རིང་ལ་ཧོ་ལེ་ཝུ(Holleywood)ཡི་འཁྲབ་ཁྲིད་པ་ལོ་ལྗེ་གའར་མཱན(罗杰•考尔曼)གྱི་ཕབ་སྐྲུན་ཚོ་ཆུང་དུ་ཞུགས་ནས་གླ་བ་བྱས། ཁཱ་ལི་ཧྥོ་ནི་ཡ་གློག་བརྙན་སློབ་གླིང་ནས་ཐོན་པའི་ཁོའོ་ཕུ་ལཱ་དང་ཐོག་འཁྲབ་གཞུང་རྩོམ་མཁན་ཞིག་བྱས། འོན་ཀྱང་དང་ཐོག་མི་རྣམས་ཀྱིས་ཁོའི་བརྩམས་ཆོས་སྣང་མེད་དུ་བཞག
    ༡༩༧༠ལོར། ཁོས«དམག་སྤྱི་པད་ལྡན»(PATTON)ལ་ཨོ་ཟི་ཁཱ་ཕུལ་བྱུང་འཁྲབ་གཞུང་གི་བྱ་དགའ་ཐོབ་པ་དང་གཞི་ནས་ཁོ་ལ་འཇོན་ཐང་ཡོད་པ་སྤྱི་ཚོགས་ཀྱིས་ཁས་བླངས་པ་རེད། དེའི་རྗེས་སུ་ཁོའོ་ཕུ་ལཱ་ཡིས་སེམས་རྩ་འཁོལ་པོས་འཁྲབ་ཁྲིད་པའི་འགན་ཕྲག་ཏུ་བླངས། ཁོའི་ཁྱད་ཆོས་ནི་གློག་བརྙན་གྱི་ལང་ཕྱོགས་དང་ཨ་མེ་རི་ཁའི་ལྟད་མོ་བའི་དགོས་མཁོ། ཨ་རིའི་སྤྱི་ཚོགས་སྣང་འཇོག་སོགས་ཟུང་དུ་སྦྲེལ་རྒྱུར་མཁས།
    ༡༩༧༢ལོར་ཁོའོ་ཕུ་ལཱ་ཡིས་འཁྲབ་ཁྲིད་བྱས་པའི་གློག་བརྙན«ཆོས་ཡབ»((The Godfather))དེར་ཁོ་རང་གིས་ཚོར་བ་རྣོན་པོས་ཨ་རིའི་ནག་ཚོགས་ཀྱི་བྱ་སྤྱོད་དང་སྲིད་ཕྱོགས། ཁྲིམས་ཕྱོགས་བཅས་ཀྱི་འབྲེལ་བ་མཚོན་ཡོད་པ་དང་། ད་དུང་གདུང་སེམས་མཉམ་སྐྱེད་ཀྱིས་ནག་ཚོགས་མི་སྣའི"མི་གཤིས"མཚོན་ཡོད། ཁོ་ཚོ་ནི་རྒྱུན་དུ་གློག་བརྙན་ནང་མཐོང་བའི་གསོད་དྲི་ལྷོག་ལྷོག་ཏུ་འཕྱུར་བའི་མི་ངན་མིན་པར། གཞན་དང་འདྲ་བར་བཟའ་ཚང་གི་མི་ཆོས་གཙིགས་སུ་འཛིན་པའི"ཕ་བཙན་པོ"དང"འགན་འཁྲིའི་འདུ་ཤེས"ཡོད་པའི"ན་གཞོན་རེ་བ་ཅན"རེད། བསམ་བློ་གསར་པ་དེས་ཨ་རིའི་གཟིགས་མོ་བ་ཚོར་ཚོར་སྣང་གསར་བ་ཞིག་བྱིན། ལྷག་པར་དུ་གློག་བརྙན་དེས་མཚོན་པའི་བརྩོན་ལེན་གྱི་སྙིང་སྟོབས་དང་ཨ་མེ་རི་ཁའི་སྤྱི་ཚོགས་ཀྱིས་སྔ་ཕྱི་བར་གསུམ་དུ་སྤེལ་བའི"ཨ་མེ་རི་ཁའི་སྙིང་སྟོབས"གཉིས་ཤིན་ཏུ་མཐུན་པས། ལྟད་མོ་བའི་ཁྲོད་གྲགས་འགུལ་ཆེན་པོ་བཟོས།
     ༡༩༧༤ལོར་ཡང་བསྐྱར་གློག་བརྙན«གཏམ་གླེང»ལ་འཁྲབ་ཁྲིད་བྱས། ཁོས་ཐབས་མཁས་ཀྱིས་གློག་བརྙན་དུ་བློ་སེམས་བདེར་འབབ་མི་ཐུབ་པའི་ངང་ཚུལ་ཞིག་འུད་སྒྲོག་བྱས་ཏེ། ཕྱོགས་ག་གེ་མོ་ཞིག་ནས་སྐབས་དེའི་ཨ་མེ་རི་ཁའི་མི་རྣམས་སྤྱི་ཚོགས་དང་ཆབ་སྲིད་ཀྱི་དངངས་སྐྲག་གིས་འདུག་མི་བདེ་བའི་བློ་ཁ་དེ་མཚོན་ཡོད། གློག་བརྙན་དེར་གདེངས་འཇོག་ཆེན་པོ་ཐོབ་པ་དེས་ཁོའོ་ཕུ་ལཱ་ཡི་ཁྱད་དུ་འཕགས་པའི་འཁྲབ་ཁྲིད་ཀྱི་འཇོན་ཐང་དེ་སླར་ཡང་མངོན་ཡོད། ལོ་དེར་ཁོའོ་ཕུ་ལཱས་ད་རུང«ཆོས་ཡབ»ཀྱི་ཁག་གཉིས་པ་འཁྲབ་ཁྲིད་གནང་། ལོ་དེ་རང་ལ་གློག་བརྙན་དེར་སླར་ནོངས་འགྱོད་སྤུ་ཙམ་ཡང་མེད་པར་ཨོ་ཟི་ཁཱ་ཡི་བྱ་དགའ་སྣ་དྲུག་ཐོབ།
     «ཆོས་ཡབ»དང«གཏམ་གླེང»གཉིས་ཀྱིས་ཁོའོ་ཕུ་ལཱ་ལ་མཚན་སྙན་དང་ཚོང་ལས་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་ཏུ་བཅུག་པས་ཁོང་སྔར་བས་བློ་ཡིད་ཚིམས་པ་བྱུང་། ཁོང་གི་རེ་བར་ཧོ་ལེ་ཝུ་ཡི་ལོ་རྒྱུས་ཐོག་སྙན་གྲགས་ཀྱི་བ་དན་གཡོ་བའི་གློག་བརྙན་ལས་མཁན་དག་ལས་རྣམ་པར་རྒྱལ་བར་འདོད། ལོ་འགར་གྲ་སྒྲིག་བྱས་པ་བརྒྱུད། ཁོང་རང་ཉིད་ཀྱི་མ་རྩས«དེང་གི་རྟོགས་སད་ཟིན་ཐོ»((Apocalypse Now)[1979ལོར]ཕབ་ལེན་བྱ་རྒྱུ་ཐག་བཅད། གློག་བརྙན་དེའི་ནང་ཁོང་གིས་མཚན་ཉིད་རིག་པའི་ལྟ་བའི་ལམ་ནས་དམག་འཁྲུག་གིས་མཚོན་པའི་དྲག་ཤུགས་ཀྱིས་མི་རྣམས་གཞན་འགྱུར་གཏོང་བའི་གནད་དོན་གླེང་ཡོད། གློག་བརྙན་དེ་འཕབ་པའི་ཆེད་དུ་ཁོང་གིས་སེར་སྣ་སྤུ་ཙམ་མེད་པར་ཁྱོན་ཨ་སྒོར་བྱེ་བ་གསུམ་དང་ས་ཡ་དྲུག་གི་མ་རྩ་བཏང་། ཡིན་ནའང་གློག་བརྙན་དེ་ཐོན་རྗེས་ལས་མ་བཟང་བར་དཔྱད་བརྗོད་བྱེད་མཁན་ཧ་ཅང་ཉུང་བར་གྱུར། ཁོ་ཚོས་ཁོའོ་ཕུ་ལཱ་ཡིས་ཅི་ཞིག་བརྗོད་ཀྱིན་ཡོད་པ་མ་རྟོགས་པ་དང་། ལྟད་མོ་བས་ཀྱང་མ་རྩ་མཐོ་བའི་གློག་བརྙན་གསར་བ་དེར་དེ་སྔ་དང་འདྲ་བའི་དགའ་མོས་མ་བྱས། ལོ་དེའི་ཨོ་ཟི་ཁཱ་བྱ་དགའི་ཁྲོད་གློག་བརྙན་དེ་ཡང་ཚུད་མེད་པས། བུ་ལོན་གྱིས་ཁེངས་པའི་ཁོའོ་ཕུ་ལཱ་ལ་མཚོན་ན་རྡུང་རྡེག་ཚབས་ཆེན་ཞིག་ཡིན་པ་སྨོས་མ་དགོས།
     དེའི་རྗེས་ཀྱི་གློག་བརྙན་མང་ཆེ་བའི་ལན་ཆ་ནི་སྤྱིར་བཏང་ཞིག་ཡིན་པས། ཁོ་ཕམ་ལ་ཉེ་བ་ཞིག་བཟོས། དེའི་རྐྱེན་པས་ལོ་རབས་བརྒྱད་ཅུའི་ནང་ཁོའོ་ཕུ་ལཱ་མགོ་བོ་ཡར་དགྱེ་ཐབས་མེད་པར་བཏང། ཡིན་ནའང་བར་ཆད་བརྒྱུད་མྱོང་བའི་ཁོའོ་ཕུ་ལཱ་དཀའ་ངལ་དེ་ལས་ཐར་བ་རེད། ༡༩༩༠ལོར། «ཆོས་ཡབ༣»ཐོན་པ་དང་སླར་ཡང་ཁོའོ་ཕུ་ལཱ་ལ་སྔོན་ཆད་ཀྱི་གཟི་བརྗིད་དེ་ཡང་བསྐྱར་ཐོབ་སོང་།

   གྲུབ་འབྲས་གཙོ་བོ།
སྐབས་ཉི་ཤུ་རྩ་བདུན་པའི་ཁཱ་ན་གློག་བརྙན་ལེ་ཚན་གྱི་ཕུལ་བྱུང་གློག་བརྙན་གྱི་གསེར་ཏ་ལའི་བྱ་དགའ།1974ལོར།
སྐབས་གསུམ་བཅུ་སོ་གཉིས་པའི་ཁཱ་ན་གློག་བརྙན་ལེ་ཚན་གྱི་ཕུལ་བྱུང་གློག་བརྙན་གྱི་གསེར་ཏ་ལའི་བྱ་དགའ།1979ལོར།
སྐབས་བཞི་བཅུ་ཞེ་གཉིས་པའི་ཨོ་ཟི་ཁཱ་ཡི་ཕུལ་བྱུང་བཅོས་སྒྲིག་འཁྲབ་གཞུང་བྱ་དགའ།1970ལོར།
སྐབས་བཞི་བཅུ་ཞེ་ལྔ་པའི་ཨོ་ཟི་ཁཱ་ཡི་ཕུལ་བྱུང་གློག་བརྙན་བྱ་དགའ།1973ལོར།
སྐབས་བཞི་བཅུ་ཞེ་བདུན་པའི་ཨོ་ཟི་ཁཱ་ཡི་ཕུལ་བྱུང་བཅོས་སྒྲིག་འཁྲབ་གཞུང་བྱ་དགའ།1975ལོར།
སྐབས་བཞི་བཅུ་ཞེ་བདུན་པའི་ཨོ་ཟི་ཁཱ་ཡི་ཕུལ་བྱུང་གློག་བརྙན་བྱ་དགའ། 1975ལོར།
སྐབས་སུམ་བཅུ་བའི་གསེར་གྱི་སྤོ་ལོའི་ཕུལ་བྱུང་འཁྲབ་གཞུང་བྱ་དགའ། 1973ལོར སྐབས་སུམ་བཅུ་བའི་གསེར་གྱི་སྤོ་ལོའི་ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ། 1973ལོར།
སྐབས་སུམ་བཅུ་སོ་བདུན་པའི་གསེར་གྱི་སྤོ་ལོའི་ཕུལ་བྱུང་འཁྲབ་སྟོན་བྱ་དགའ། 1980ལོར།
སྐབས་སུམ་བཅུ་སོ་གསུམ་པའི་དབྱིན་ཇིའི་གློག་བརྙན་སློབ་གླིང་གི་ཕུལ་བྱུང་འཁྲབ་སྟོན་བྱ་དགའ། 1980ལོར།
སྐབས་བརྒྱད་ཅུ་གྱ་གསུམ་པའི་ཨོ་ཟི་ཁཱ་ཡི་ཚེ་གང་གྲུབ་འབྲས་ཀྱི་བྱ་དགའ། 2010ལོར།
 
   ཚབ་མཚོན་བརྩམས་ཆོས།
«དོ་དགོང་ལ་འཁྲིལ་བ»(Tonight for Sure)(1962ལོར།)
«འཇའ་རིས་ལྷ་མོ» (Finiant`s Rainbow)(1968ལོར།)
«ཆར་མི» (The Rain People)(1969ལོར།)
«དམག་སྤྱི་པད་ལྡན»(patton) (1970ལོར།)
«ཆོས་ཡབ»(The Godfather)(1972ལོར།)
«ཆོས་ཡབ༢» (The Godfather:part II)(1974ལོར།)
«གཏམ་གླེང»(The Conversation)(1974ལོར།)
«དེང་གི་རྟོགས་སད་ཟིན་ཐོ»(Apocalypse Now)(1979ལོར།)
«ཆོས་ཡབ༣» (The Godfather:part III)(1990ལོར།)
བཅས་དང་དེ་བཞིན་འཁྲབ་ཁྲིད་བརྩམས་ཆོས་དང་། འཁྲབ་སྟོན་བརྩམས་ཆོས། འཁྲབ་གཞུང་བརྩམས་ཆོས་སོགས་ཡོད།

དཔྱད་མཆན་ཡོད།