ཀྲང་ཡི་མའོ། 张艺谋

  • སྐྱེས་སྐར། 1950ལོའི11པའི་ཚེས14།
  • སྐྱེ་ཡུལ། ཧྲན་ཤི་ཞི་ཨན།
  • ལས་རིགས། འཁྲབ་ཁྲིད་པ། བརྙན་ལེན་པ། འཁྲབ་གཞུང་མཁན། འཁྲབ་སྟོན་པ།
  • ཀློག་གྲངས།

ངོ་སྤྲོད་མདོར་བསྡུས།

     ཀྲང་ཡི་མའོ་ནི་ཀྲུང་གོའི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་ཞིག་ཡིན། "འཁྲབ་ཁྲིད་པའི་མི་རབས་ལྔ་པ"ཡི་ཚབ་མཚོན་མི་སྣ་དང་པེ་ཅིང་ཨོའོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་དབུ་མཇུག་གི་མཛད་སྒོའི་སྤྱིའི་འཁྲབ་ཁྲིད་པ་ཡིན་ཞིང་། ཁོང་ལ་ཨ་རིའི་བྷོ་སི་ཐུན་སློབ་ཆེན་དང་ཡེལ་སློབ་ཆེན་གྱི་གཟི་ལྡན་འབུམ་རམས་པའི་མིང་བཏགས(荣誉博士学位)ཐོབ་ཡོད། ཁོང་གིས་ཕབ་པའི་གློག་བརྙན་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་བྱ་དགའ་ཐེངས་མང་ཐོབ་ཡོད་པ་དང་། དེང་དུས་ཀྲུང་གོའི་སྐམ་ས་ཆེན་མོའི་ཐོག་རྒྱལ་སྤྱིའི་ཤུགས་རྐྱེན་ཆེས་ཟབ་ཤོས་ཀྱི་འཁྲབ་ཁྲིད་པ་ཞིག་ཡིན།

     དང་ཐོག་ཁོང་གིས་ཀྲུང་གོའི་དམངས་ཁྲོད་རིག་གནས་དང་ས་གནས་སྲོལ་རྒྱུན་གྱི་ཁྱད་ཆོས་ལྡན་པའི་གྲགས་ཆེའི་གློག་བརྙན་མང་པོར་འཁྲབ་ཁྲིད་བྱས་མྱོང་། 2002ལོར་འཁྲབ་ཁྲིད་བྱས་པའི་དཔའ་བོའི་གློག་བརྙན་ཆེ་གྲས《དཔའ་བོ》ཡིས་ཀྲུང་གོའི་གློག་བརྙན་གྱི་གློག་བརྙན་ཆེ་མོའི (大片)དུས་རབས་ཀྱི་སྒོ་མོ་ཕྱེས། ཀྲང་ཡི་མའོ་ཡི་གློག་བརྙན་གྱི་ཁྱད་ཆོས་ནི་གསར་གཏོད་ལ་ཕྱོགས་པ་དང་ནང་དོན་རྒྱ་ཆེན་པོ་ཡིན་པས། བརྩམས་ཆོས་གསར་པ་ཐོན་མ་ཐག་གླེང་ཕྱོགས་ཀྱི་དོ་སྣང་ཚད་མཐོ་པོ་བྱེད་ཀྱིན་ཡོད། གློག་བརྙན་མི་སྣ་འཇོན་ཐང་ཅན་སྐྱེད་སྲིང་བྱེད་པའི་ཐད། ཁོང་གིས་སྙན་གྲགས་རྒྱས་སུ་བཅུག་པའི་“མའོ་མོ་རབ”(“谋女郎”)རྣམས་ཀྱང་སྨྱན་གཟུགས་དང་སྤྱི་དམངས་ཀྱི་དོ་སྣང་བྱེད་ཡུལ་དུ་གྱུར་ཡོད།
     ཀྲུང་གོའི་གློག་བརྙན་པའི་སྡེ་རུ་ཤུགས་རྐྱེན་ཆེས་ཟབ་ཤོས་དང་ཚབ་མཚོན་རང་བཞིན་ལྡན་པའི་འཁྲབ་ཁྲིད་པ་ཁོང་ནི1950ལོའི་ཟླ11པའི་ཚེས14ཉིན་ཧྲན་ཤི་ཞི་ཨན་དུ་སྐྱེས། དེ་སྡོད་ལོ་གསུམ་གྱི་རིང་ལ"གཤམ་སྐྱོད་གཞོན་ནུ་ཤེས་ཡོན་ཅན"(下乡知青)དང་ལོ་བདུན་གྱི་རིང་ལ་འཁལ་འཐག་བཟོ་གྲྭའི་ལས་ཀ་པ་བྱས། 1978ལོར་དམིགས་བསལ་གྱིས་པེ་ཅིང་གློག་བརྙན་སློབ་གླིང་གི་བརྙན་ལེན་ཆེད་ཁག་ཏུ་སློབ་སྦྱོང་ལ་ཕྱིན་པ་དང་ལོ་དེར་ཞོ་ཧྭ(肖华)དང་གཉེན་བསྒྲིགས།
     1982ལོར་སློབ་མཐར་ཕྱིན་རྗེས་ཀོང་ཞི་གློག་བརྙན་བཟོ་གྲྭར་ལས་ཀ་བཀོད་སྒྲིག་བྱས། དེ་ནས་བཟུང་གློག་བརྙན་གྱི་ལས་དོན་གཉེར་མགོ་བརྩམས། 1984ལོར་ཐེངས་དང་པོར་གློག་བརྙན་ཕབ་ལེན་གྱི་འགན་འཁུར་བས་སྐད་གྲགས་ཆོད་པར་གྱུར། 1986ལོར་ཁོང་གིས་གཙོ་འཁྲབ་བྱས་པའི་གློག་བརྙན་དང་པོ་ལ་བརྙན་རྗེའི་མཚན་སྙན་གསུམ་ཐོབ་པ་རེད།
     1987ལོར་ཁོང་གིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་དང་པོ《ཁྲེ་རྒོད་དམར་པོ》ལ་ཀྲུང་གོའི་ཐེངས་དང་པོའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གསེར་དོམ་བྱ་དགའ (金熊奖)ཐོབ། དེ་ནས་བཟུང་ཁོང་གི་གློག་བརྙན་གསར་རྩོམ་གྱི་གོམ་པ་གསུམ་པོ་མངོན་འགྱུར་བྱེད་མགོ་བརྩམས་པ་སྟེ། བརྙན་ལེན་པ་རྩེ་གྲ་ནས་འཁྲབ་སྟོན་པ་རྩེ་གྲར་གོམ་པ་སྤོས་ཤིང་། དེ་ནས་འཁྲབ་ཁྲིད་པ་རྩེ་གྲར་གོམ་ཁ་བསྒྱུར་བ་རེད། 1988ལོར་ཀྲང་ཡི་མའོ་དང་ཞོ་ཧྭ་གཉིས་འཐོར། 《ཁྲེ་རྒོད་དམར་པོ》བརྙན་ལེན་སྐབས་ཀོང་ལིས(巩俐)དང་ངོ་ཤེས་ནས་དུངས་པའི་མཚོ་མོར་འཐིམས། ཡིན་ནའང་མཐར་1995ལོར་ཁ་གྱེས།
     1989ལོར་ཀྲང་ཝོས་ཕིན་(张伟平)ངོ་ཤེས་ནས་མཉམ་ལས་བྱས། མ་གཞི་མཉམ་ལས་ཀྱི་བརྩམས་ཆོས་ལ་རྒྱལ་སྤྱིའི་བྱ་དགའ་མང་པོ་ཐོབ་ཡོད་ནའང་། 2002ལོ་མ་སླེབས་བར་ཚོང་ལས་ཐོག་རྒྱལ་ཁ་གང་ཡང་ཐོབ་མེད། 2002ལོར་ཅཱང་ཀྲེ་ཆཱང(江志强)དང་ཀྲང་ཝོས་ཕིན་གཉིས་ཀྱིས་མ་རྩ་མཐོ་བའི《དཔའ་བོ》ཕབ་སྐྲུན་བྱས་པས། རྒྱའི་ཕ་སྐད(华语)གློག་བརྙན་གྱི་འཛིན་ཁེ(票房)མཐོ་ཤོས་ཀྱི་ཟིན་ཐོ་བསྐྲུན། དེ་ནས་དངོས་འབྲེལ“གསེར་གྱི་ལམ་བུ”རུ་བསྐྱོད་མགོ་བརྩམས།
     ཀྲང་ཡི་མའོ་ནི"འཁྲབ་ཁྲིད་པའི་མི་རབས་ལྔ་པ"ཡི་ཚབ་མཚོན་མི་སྣ་ཞིག་ཡིན་པའི་ངོས་ནས་བཤད་ན། ཁོང་གི་གློག་བརྙན་གྱིས་ཀྲུང་གོའི་གློག་བརྙན་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་གནས་བབ་ཧ་ཅང་གལ་ཆེན་པོ་བཟུང་ཡོད་པ་མ་ཟད། རྒྱལ་སྤྱིའི་ཐོག་ལ་སྐད་གྲགས་ཆོད་ཡོད། ཁོང་གི་གློག་བརྙན་གྱིས་མི་རིགས་ཀྱི་རིག་གནས་དང་། སྤྱི་ཚོགས་ལ་བསམ་གཞིག རིག་གནས་ཁུངས་འདེད། གློག་བརྙན་ཐོག་གསར་གཏོད་བྱེད་པ་སོགས་ཀྱི་ཁྱད་ཆོས་ཕྱོགས་གཅིག་ཏུ་བསྡུས་ཡོད། ཁོང་གིས་གློག་བརྙན་གྱིས་སྐད་ཆའི་སྦས་ཤུགས་སྔོག་པ་དང་། པར་དུ་བླང་བྱ་འདེམས་སྒྲུག་ཐད་ཀྱི་འཚོལ་སྙེག འཆར་སྣང་ཕུན་སུམ་ཚོགས་པོ། ཚོན་མདངས་ནོམ་པོ་བཅས་རྒྱུན་སྲོལ་ལས་ལྡོག་པའི་ཡོལ་ངོས་ཀྱི་བཀོད་པས་མི་རྣམས་ཀྱི་མཐོང་ལམ་ལ་བརྡབ་གསིག་དྲག་པོ་སྤྲད་དེ། ཁྱད་དུ་འཕགས་པའི་སྒྱུ་རྩལ་གྱི་མཐོ་ཚད་ལ་སླེབས་ཀྱིན་ཡོད།
     ཐོག་མའི་དུས་སུ་ཀྲང་ཡི་མའོ་ཡིས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་རིག་རྩལ་གློག་བརྙན་ཕབ་ནས་མིང་དུ་གྲགས་ཤིང་། སྒྱུ་རྩལ་གྱི་ཁྱད་ཆོས་ནི་ཞིབ་ཆ་བདེན་ཁ་ཅན་དང་བརྗོད་གཞི་འཆར་ཡན་ཅན་གཉིས་ཕན་ཚུན་འདྲེས་ནས་ཡོད་ལ། གློག་བརྙན་ཚོན་མདངས་རིག་པ(色彩学)དང་མི་སྣའི་ནང་སེམས་ཀྱི་མི་སེམས་འགུལ་བའི་བྱ་དངོས་ཞིབ་ཕྲ་ཅན་འཛིན་པར་མཁས་པ་མ་ཟད། གློག་བརྙན་རེ་རེའི་མཚོན་ཐབས་ཀྱང་རྒྱུན་མ་ཆད་པར་གསར་པར་སྙེག་གིན་ཡོད་ཅིང་། ཁོང་གི་གློག་བརྙན་ལ་གཅིག་རྗེས་གཉིས་མཐུད་ཀྱིས་རྒྱལ་སྤྱིའི་ཐོག་བྱ་དགའ་མང་པོ་ཐོབ་པས། ཡུན་རིང་ཁ་ཁུ་སིམ་པོར་གནས་པའི་ཀྲུང་གོའི་གློག་བརྙན་གྱིས་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་དབང་བཀུག
     2008ལོར་པེ་ཅིང་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་དབུ་མཇུག་མཛད་སྒོའི་སྤྱིའི་འཁྲབ་ཁྲིད་པའི་འགན་འཁུར་ཞིང་། མཛད་སྒོའི་རྣམ་པ་རྒྱ་ཆེ་བ་དང་། ཀྲུང་གོའི་རིག་གནས་དེ་སྒྱུ་འཕྲུལ་ལྟ་བུར་ལྟད་མོ་བའི་མིག་སྔར་བཤམས་པས། རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་སྨྱན་གཟུགས་དང་གཟིགས་མོ་བའི་བསྟོད་བསྔགས་ཆེན་པོ་ཐོབ། 2008ལོར་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་ཀྲུང་གོ་བའི་བྱ་དགའ(影响世界华人奖)ཐོབ།
      ཁོང་གིས་གློག་བརྙན་བྱ་གཞག་བྱས་རྗེས་ཕུལ་དུ་བྱུང་བཞག་པར་གཞིགས་ནས། 2012ལོར་ཁོང་ལ་སྐབས14སྦོམ་སྦེའི་གློག་བརྙན་དུས་སྟོན་གྱི་ཚེ་གང་གྲུབ་འབྲས་བྱ་དགའ(终身成就奖)ཐོབ། དེ་ནི་ཡ་གླིང་གི་གློག་བརྙན་འཁྲབ་ཁྲིད་པའི་ཐོག་མ་ཡིན།
     ཁོ་རེ་ཡའི་ཅོང་ཆེན་བྱ་དགའ་དང་། རྒྱལ་སྤྱིའི་གློག་བརྙན་གྱི་དམིགས་གསལ་གྱི་བྱ་དགའ་སྟེ། མཱ་རེ་ཁེ་ཧྲེའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན(马拉喀什国际电影节)གྱི་“ཕུལ་བྱུང་གྲུབ་འབྲས”བྱ་དགའ།
     ཁེ་རོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན(开罗国际电影节)གྱི་ཚེ་གང་གྲུབ་འབྲས་བྱ་དགའ་སོགས་ཐོབ།
     ཀྲང་ཡི་མའོ་ན་རེ། “མིའི་ནུས་ཤུགས་ལ་ཚད་མེད་པས། མི་ནི་འགྱིག་སྐུད་ནང་བཞིན་མཚམས་མ་ཆད་པར་འཐེན་དགོས་པ་ཡིན། འདིའི་བརྒྱུད་རིམ་ཁྲོད་རང་ཉིད་ཀྱི་ནུས་མཐའ་ལ་འགྲན་བསླང་ནས། བར་མ་ཆད་པར་རང་གི་ནུས་པ་རྒྱ་བསྐྱེད་དགོས།”
     གཟི་ལྡན་འབུམ་རམས་པའི་མིང་བཏགས་ཐད། 2001ལོར་མོ་སི་ཁོ་གློག་བརྙན་སློབ་གླིང་གིས་ཁོང་ལ་གློག་བརྙན་རིག་པའི་གཟི་ལྡན་འབུམ་རམས་པའི་མིང་བཏགས་བསྩལ། 2005ལོར་ཧོང་ཀོང་གྲོང་ཁྱེར་སློབ་ཆེན་གྱིས་ཁོང་ལ་རྩོམ་རིག་གཟི་ལྡན་འབུམ་རམས་པའི(荣誉文学博士)མིང་བཏགས་གནང་། 2008ལོར་ཨ་རིའི་བྷོ་སི་ཐུན་སློབ་ཆེན་གྱིས་མི་རིག་སྒྱུ་རྩལ(人文艺术)གྱི་གཟི་ལྡན་འབུམ་རམས་པའི་མིང་བཏགས་གནང་། 2010ལོར་ཨ་རིའི་ཡེའོ་སློབ་ཆེན་གྱིས་སྒྱུ་རྩལ་རིག་པའི་གཟི་ལྡན་འབུམ་རམས་པའི་མིང་བཏགས་གནང་། 2012ལོར་ཁོ་རེ་ཡའི་དྷན་ཁོའུ་སློབ་ཆེན(檀国大学)གྱི་རྩོམ་རིག་གཟི་ལྡན་འབུམ་རམས་པའི་མིང་བཏགས་ཐོབ།
 
གྲུབ་འབྲས་གཙོ་བོ།                                                            
1988ལོར《ཁྲེ་རྒོད་དམར་པོ》(红高粱)ལ་སྐབས38པའི་བྷོ་ལིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གསེར་དོམ་བྱ་དགའ་ཐོབ།
1990ལོར《ཅུས་ཏའུ》(菊豆)ལ་སྐབས་43པའི་ཁཱ་ན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་སྐབས་ཐོག་མའི་ལོ་ཝེ་སེ་པུ་ནོའེ(Luis Buñuel)དམིགས་གསལ་བྱ་དགའ་དང་། ཧྲི་ཁ་གྷོའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གསེར་གྱི་ཧུ་གོ་བྱ་དགའ(金雨果奖)ཐོབ།
1991ལོར《ལྒང་ཞུ་དམར་པོ་མཐོ་རུ་སྒྲེང》(大红灯笼高高挂)ལ་སྐབས་48པའི་ཝེ་ནི་སི་སྤྱིའི་གློག་བརྙན་དུས་སྟོན་གྱི་དངུལ་སེང་བྱ་དགའ་ཐོབ།
1992ལོར《ཆའུ་ཅུས་ཀྱིས་ཞུ་གཏུག་བྱས་པ》ལ་སྐབས་49པའི་ཝེ་ནི་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གསེར་སེང་བྱ་དགའ་ཐོབ།
1994ལོར《གསོན་པ》 ལ་སྐབས་47པའི་ཧྥ་རན་སིའི་ཁཱ་ན་གློག་བརྙན་དུས་སྟོན་གྱི་དཔྱད་འདེམས་ལྷན་ཚོགས་ཀྱི་བྱ་དགའ་ཐོབ།
1995ལོར《ཡོམ་ཡ་ཡོམ། རྨོ་བོའི་ཟམ་དུ་ཡོམ》(摇啊摇,摇到外婆桥)ལ་ཧྥ་རན་སིའི་སྐབས་48པའི་ཁཱ་ན་གློག་བརྙན་དུས་སྟོན་གྱི་ཕུལ་བྱུང་ལག་རྩལ་བྱ་དགའ་ཐོབ།
1999ལོར《གཅིག་ཀྱང་ལུས་མི་ཆོག》ལ་སྐབས་56པའི་ཝེ་ནི་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གསེར་སེང་བྱ་དགའ་ཐོབ།
2000ལོར《བདག་གི་ཡབ་ཡུམ》ལ་སྐབས་50པའི་བྷོ་ལིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་དཔྱད་འདེམས་ལྷན་ཚོགས་ཀྱི་བྱ་དགའ་སྟེ། དངུལ་དོམ་བྱ་དགའ་ཐོབ།
2002ལོར《དཔའ་རྒོད》ལ་སྐབས53པའི་བྷོ་ལིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་ཨེ་ཧྥི་རོས་དྷི་བྷོའར་དམིགས་གསལ་གསར་གཏོད་བརྩམས་ཆོས་བྱ་དགའ(阿尔弗雷德-鲍尔特别创新作品奖)དང་ཤང་ཀང་གསེར་བརྙན་བྱ་དགའ་ཁག་བདུན་ཐོབ།
2004ལོར《ཕྱོགས་བཅུའི་འཇབ་རྒོལ》(十面埋伏)ལ་ཨ་རིའི་བརྙན་དཔྱད་མཐུན་ཚོགས་ཀྱི་འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ་ཐོབ།
2005ལོར《རྒྱང་ལམ་ཁེར་བཞུད》(千里走单骑)ལ་རྡོ་ཀའི་བྱ་དགའི་གཏམ་རྒྱུད་ཕུལ་བྱུང་ཅན་གྱི་བྱ་དགའ་དང་། སྐབས་26པའི་ཤང་ཀང་གློག་བརྙན་གསེར་བརྙན་བྱ་དགའི་ཕུལ་བྱུང་གློག་བརྙན་བྱ་དགའ་ཐོབ།
2006ལོར《མཁར་ཡོངས་གསེར་ཁྲབ་ཀྱིས་ཁྱབ》(满城尽带黄金甲)ལ་ཨ་རིའི་སྐབས་33པའི་“སྤེན་སྐར་བྱ་དགའ”ཡི་གྱོན་གོས་ཇུས་འགོད་རྩེ་གྲའི་བྱ་དགའ་ཐོབ།
2010ལོར《སྐྱུ་རུ་སྡོང་བོའི་བརྩེ་དུངས》(山楂树之恋)ལ་བྷོ་ལིན་གློག་བརྙན་དུས་སྟོན་གྱི་ཆུ་ཤེལ་དོམ(水晶熊)གྱི་བྱ་དགའི་གྲས་སུ་ཚུད་ཅིང་། རྡོ་ཀའི་བྱ་དགའི་གཏམ་རྒྱུད་ཕུལ་བྱུང་ཅན་གྱི་བྱ་དགའ་ཐོབ།
2011ལོར《ཅིང་ལིན་སྒེག་མོ་བཅུ་གསུམ》ལ་སྐབས་69པའི་གསེར་གོ་ལའི་བྱ་དགའ་ཡི་ཕྱི་སྐད་གློག་བརྙན་རྩེ་གྲའི་འོས་མིང(金球奖最佳外语片提名)དང་། སྐབས་59པའི་ཨ་རིའི་སྒྲ་ནུས་དྲས་སྒྲིག་པའི་མཐུན་ཚོགས(MPSE)ཀྱི་གསེར་གྱི་ཐང་གའི་བྱ་དགའ(金卷轴奖)། ཡ་གླིང་གློག་བརྙན་བྱ་དགའ་ཆེ་གྲས་དྲུག་གི་འོས་མིང་ཐོབ།
གཞན་ད་དུང《དཔའ་བོ》དང་། 《ལྒང་ཞུ་དམར་པོ་མཐོ་རུ་སྒྲེང》 《ཅུས་ཏའུ》ལ་ཨོ་ཟི་ཁཱ་གསེར་བརྙན་བྱ་དགའ་ཡི་ཕུལ་བྱུང་ཕྱི་སྐད་གློག་བརྙན་གྱི་འོས་མིང་ཐོབ།
《ཡོམ་ཡ་ཡོམ། རྨ་བོའི་ཟམ་དུ་ཡོམ》དང་། 《ཕྱོགས་བཅུའི་འཇབ་རྒོལ》ལ་ཨོ་ཟི་ཁཱ་གསེར་བརྙན་བྱ་དགའ་ཡི་བརྙན་ལེན་རྩེ་གྲའི་འོས་མིང་ཐོབ། [ཞུ་དག བཀྲ་ཤིས་དབང་མོ།]

 

དཔྱད་མཆན་ཡོད།