ཨམ་སྐད་སྐོར་ནས་ཀུན་ཁྱབ་ཀླུ་བྱམས་ཀྱི་ཁ་བརྡའི་ཟིན་བྲིས།

ཡ། ལ་བཙེ་ཇ་ཁང་གི་གྲོགས་པོ་རྣམ་པ། ཚང་མའི་ཁམས་བཟང་བའི་འཚམས་འདྲི་ཞུ། དེས་ན། ད་རེབ་ཀྱང་ངས་མུ་མཐུད་དུ་གྲོགས་པོ་ལྷན་རྒྱས་རྣམ་པར། ཨ་མདོའི་ཁ་སྐད་དང་ཡིག་སྐད་གཉིས་བར་གྱི་སྒྲ་གདངས་འགྱུར་ཚུལ་གྱི་ཁྱད་པར་དང་། དེ་གཉིས་བར་གྱི་འབྲེལ་བ་ཇི་ལྟར་ཡིན་ལུགས་སྐོར་ལ་ཞིབ་འཇུག་བྱེད་ན། ཐོག་མར་འུ་ཚོས་དེའི་སྔོན་འགྲོ་ལྟ་བུའི་ཤེས་བྱ་གང་དག་ངེས་དགོས་ཚུལ་ཐད་ནས་རང་གི་ཞིབ་འཇུག་གི་རིགས་ལམ་དང་མྱོང་ཚོར་འགའ་བརྗེ་རེས་ཀྱི་ཚུལ་དུ་ལབ་གླེང་བྱེད་རྒྱུ་ཡིན་པས། འདིའི་ཐད་ལ་དོ་སྣང་དང་སྤྲོ་བ་ཡོད་མཁན་ཚོར་དཔྱད་གཞིའི་རྒྱུ་ཆ་ལྟ་བུར་འགྱུར་བའི་སྨོན་འདུན་ཞུ་ཟེར་རྒྱུ།
དེ་ཡང་ཨམ་སྐད་ཁྲོད་སྒྲ་ཇི་བཞིན་དུ་ཡི་གེ་འབྲི་སྲོལ་བྱུང་མེད་པའི་མིང་བརྡ་མང་པོ་ཞིག་ཡོད་པ་དག་ལ་སྒྲ་དོན་དང་མཐུན་པར་ཡི་གེ་དག་མོ་ཇི་ལྟར་འབྲི་དགོས་ཚུལ་ཐད་ལ་དཔྱད་པ་དང་ཞིབ་འཇུག་ཅུང་ཟད་འཐུས་ཚང་ཞིང་རྒྱུད་རིམ་ལྡན་པ་ཞིག་བྱེད་བསམས་ན། ཐོག་མར་སྔོན་འགྲོ་ནང་བཞིན་གྱི་ཤེས་བྱ་གང་དག་ཡོད་པ་དང་ཆོས་ཉིད་ཇི་ལྟར་ཡིན་ལུགས་སོགས་ངེས་རྒྱུ་གལ་ཆེ་བ་རེད། དེས་ན་ཞོལ་ནས་དེ་དག་རེ་རེ་བཞིན་དུ་སྒྲ་ལ་བརྟག་པ་དང་། དོན་ལ་དཔྱོད་པ། བརྡ་སྤྲོད་ལུགས་དང་མི་འགལ་བ་ཞེས་པའི་རྩ་དོན་གསུམ་དང་ཟུང་འབྲེལ་སྒོས་འཆད་རྒྱུ་བྱེད།

གཅིག མིང་གཞི་ཁ་ཡིག་ཅན་ཁག་ཅིག་ལ་སྐབས་འགར་ཨམ་སྐད་ཁྲོདཧྭསྒྲ་ཐོན་དུས་མཆིས། དཔེར་ན། རས་སོགས་འདྲ་བྱེད་ཀྱི་ཁེ་གྲི་ལ〝ཧྭེ་དགྱི〞ཟེར་བ།﹙ས་ཁུལ་ལ་ལས་ཁེ་གྲི་ཞེས་སྒྲ་ཇི་བཞིན་དུ་ཐོན﹚ གྲི་སོགས་ཀྱི་ཁ་གཙུབ་རྡར་ངོས་སུ་འཇམ་འདྲད་བྱས་པའི་དོན་གྱི་ཁ་ཕུར་བྱས་ཞེས་པ་ལ། ཨམ་སྐད་དུ། 〝ཧྭ་བུར་བྱས〞ཞེས་པའི་སྒྲ་ཐོན། གྲིས་མི་ཆོད་ན་རྡོ་རྩུབ་ངོས་ལ་ཁ་ཕུར་ཞིག་བྱོས་ཟེར་བ་ལྟ་བུ། ཕྲང་དོག་སའི་དབྲག་བར་རམ་སྲུབས་བར་ནས་སོང་བའི་དོན་གྱི། ཁ་བར་ནས་སོང་ཞེས་པ་ལ། ཨམ་སྐད་དུ། 〝ཧྭ་བར་ནས་སོང〞ཞེས་པའི་གདངས་ཐོན། བཤད་པའི་ཚིག་ལ་མི་ཉན་པའམ་བློ་ཁ་བསྒྱུར་མི་ནུས་པའི་དོན་གྱི། ཁ་མེད་ཀིན་ཞེས་པར། ཨམ་སྐད་དུ། 〝ཧྭ་མེད་ཀིན〞ཞེས་པའི་གདངས་ཐོན། དཔེར་ན། ང་མ་སོང་ན་ཁོ་ལ་ཁ་མེད་ཀིན﹙ཧྭ་མེད་ཀིན﹚། ངས་ཇི་ལྟར་བཤད་ཀྱང་ཁོ་ལ་ཁ་མེད་ཀིན﹙ཧྭ་མེད་ཀིན﹚ཟེར་བ་ལྟ་བུ། སུན་སྣང་སྐྱེས་པའམ་མ་རངས་པའི་དོན་མཚོན་བྱེད་ཀྱི་ཨ་ཁ་ཁ་ཞེས་པར། ཨམ་སྐད་དུ། 〝ཨ་ཧྭ་ཧྭ〞ཞེས་པའི་གདངས་ཐོན། ཨ་ཁ་ཁ﹙ཨ་ཧྭ་ཧྭ﹚ཁྱོས་ང་ལ་དགྲ་ཞིག་མ་བྱས་ན་མི་ཆོག་གམ་ཟེར་བ་ལྟ་བུ། སྣང་བ་མཐོན་པོ་ཅན་ནམ་འགྱིང་བག་ཆེ་བའི་མི་ལ། ཁེངས་རྐྱལ་ཟེར་བ་ལ། ཨམ་སྐད་དུ། 〝ཧྭེངས་རྐྱལ〞ཞེས་པའི་གདངས་ཐོན། ཁ་སང་དེ་རིང་མི་དེ་ཁེངས་རྐྱལ﹙ཧྭེངས་རྐྱལ﹚ཞིག་ཏུ་ལོག་ཡོད་ཟེར་བ་ལྟ་བུ། བོད་ཀྱི་ལོ་རྒྱུས་དང་འབྲེལ་བ་དམ་ཟབ་ཏུ་ཡོད་པའི་སོག་པོའི་རྒྱལ་པོ་ལྷ་བཟང་ཧན་ལ་མཁས་པ་ལ་ལས་རྒྱལ་པོ་ལྷ་བཟང་ཁང(གུ་ཤྲིར་ཧན་དང་གུ་ཤྲི་ཁང)ཞེས་བྲིས་ཡོད་ཅིང་། ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་གི་སྐད་དུ། ཨ་ཁུ་ལ། ཨ་ཧུ་ཞེས་པའི་གདངས་འདྲ་ཐོན་ཟེར་བ་ལྟ་བུ། གཞན་ཡང་།《མི་དབང་རྟོགས་བརྗོད》ཀྱི་ལྡེབ653པར། གཙོ་བོ་ཨ་ལི་ཁན་ཨམ་པ་འཁོར་དང་བཅས་པས་མཐེབ་མོ་གྱེན་དུ་སྒྲེང་བཞིན་པར་མིའི་བདག་པོ་ལ་བལྟས་ནས་ཁའུ་ཁའུ(好好)ཞེས་ཡུལ་ཙི་ནའི་སྐད་དེ་ལེགས་སོ་ཞེས་བྱ་བའི་བསྔགས་བརྗོད་ཀྱི་དབྱངས་ལྡིར་ཞིང་། དགུང་བློན་གསུམ་ལ་སོགས་པར་བལྟས་ནས་ཐུ་ལུས་འདེབས་ཤིང་སྦུ་ཁའུ(不好)སྟེ་ངན་པ་ངན་པ་ཞེས་བྱ་བའི་ངན་སྨྲས་མང་དུ་སྒྲོག་པར་བྱེད། ཅེས་རྒྱ་ནག་སྐད་ཀྱི་ཧྭོ་སྒྲ་ལ་བོད་སྐད་དུ་ཁའུ་སྒྲ་བྲིས་ཡོད་པ་ལྟ་བུ་མང་དུ་སྣང་།

གཉིས། མིང་གཞི་ག་ཟླུམ་ཅན་གྱི་ཡི་གེ་ཁག་ཅིག་ལ་སྐབས་འགར་ཨམ་སྐད་ཁྲོདསྒྲའི་གདངས་འདྲ་ཐོན། དཔེར་ན། ལྗོན་ཤིང་མ་གལ་ལ་མ་ཝལ་ཞེས་དང་། ལྗོན་ཤིང་གི་ར་ལག་ལ་ཡལ་ག་ཟེར་བར་ཡལ་ཝ། དངོས་གོང་ལ་དངོས་ཝོང་། མཚན་སྙན་གྲགས་དོན་གྱི་ཁ་གོང་ལ་རྒྱ་ལ་ཁོག་ཝོང་ལ་རྒྱ་ཟེར་ཏེ།《མགོ་ལོག་རུས་མཛོད་རྒྱས་པ》ཡི་ལྡེབ139པར། ཕྱིའི་ཁ་གོང་དང་། ནང་གི་ལ་རྒྱ། ཞེས་འབྱུང་། འགྲམ་པའི་ཟ་གོང་ལ་ཟ་ཝོང་། བུ་མོས་གནས་ཡུལ་ནས་གནས་གོ་ཆོད་མ་ཆོད་ལ་གནས་ཝོ་ཆོད་མ་ཆོད། ཡུལ་གོ་ཆོད་མ་ཆོད་ལ་ཡུལ་ཝོ་ཆོད་མ་ཆོད། རྟའི་ཐོག་ཏུ་བཞོན་པའི་དོན་གྱི་རྟ་གོང་ལ་བུད་ཅེས་པར་རྟ་ཝོང་ལ་བུད། རྟ་གོང་ནས་མར་བབས་པ་ལ་རྟ་ཝོང་ནས་བབས་ཟེར་བ་ལྟ་བུ། མཚོ་སྔོན་གྱི་མགོ་ལོག་དང་། ཀན་ལྷོའི་རྨ་ཆུ་རྫོང་། སི་ཁྲོན་གྱི་ཁྱུང་མཆུ་རྫོང་སོགས་ཀྱི་སྐད་དུ། ཁལ་འགེལ་བ་ལ་ཝལ་འགེལ་བ་ཟེར། དེ་ནི་ཁལ་གྱི་ཚབ་ཏུ་གལ་བྲིས་པས་ཝལ་སྒྲ་ཐོན་པ་ཡིན། ལྷ་ཁང་ལ་ལྷི་ཝང་ཟེར་བའི་སྒྲ་ཡང་ཁང་གི་ཚབ་ཏུ་གང་སྦྱར་བས་ཐོན་པ་ཡིན་ཏེ། 《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ》གྱི་ལྡེབ259པར། རྒྱལ་པོས་བུ་བོར་བའི་ས་ནི། ད་ལྟར་འུ་ཏེན་བྱང་སྒོའི་ནང་ལོགས་ལྷ་གང་(ཁང)རིང་པོའི་དྲུང་ན།…ཞེས་དང་། ལྡེབ269པར། ལྷ་གང་(ཁང)འབྱོར་འབྱི་ཞེས་བགྱི་བ་དང་། །འུ་ཏེན་གྱི་ཚོང་དུས་ཆེན་པོ་ན། ལྷ་གང་(ཁང)པྲ་བ་ཤ་ན་སྐུ་གཟུགས་ཀྱྀ་མཚན་རྡོ་རྗེ་གྲོ་མ་དང་།…ཏོ་ལ་ན་ལྷ་གང་(ཁང)ཀོར་ཤྀ་བི་ན། སྐུ་གཟུགས་གཅིག་བཞུགས་པ་དང་།…ཞེས་སོགས་འབྱུང་བ་ལྟ་བུ། དེ་བཞིན་དུ། སྣ་ཁུང་ལ་སྣ་ཝུང་ཟེར་བ་དེ་ཡང་ཁུང་གི་ཚབ་ཏུ་གུང་སྦྱར་བས་ཡིན་ཅིང་། འདུ་ཁང་ཞེས་པའི་ཁང་གི་ཚབ་ཏུ་གང་སྦྱར་བས་འདུ་ཝུང་གི་སྒྲ་ཐོན་པ། མགོའི་སྐྲ་དཀར་པོ་ལ་མགོ་ཝར་དང་། ས་དཀར་པོ་ལ་སག་ཝར་ཟེར་བའང་དཀར་གྱི་ཚབ་ཏུ་གར་སྦྱར་བས་ཐོན་པ་ཡིན་ཚུལ་སོགས་ལྟ་བུའོ། །

གསུམ། མཚོ་སྔོན་གྱི་བ་ཡན་རྫོང་དང་། ཀན་ལྷོའི་ཅོ་ནེ་རྫོང་། བསང་ཆུ་རྫོང་གི་འབོ་ར་དང་། ཨ་མཆོག་སོགས་ཀྱི་སྐད་དུ། ཉ་ལ་ན་སྒྲ་ཐོན། ཆུ་ནང་གི་ཉ་ལ་ན་ཟེར་ཏེ། ཆུ་ནང་ན་ཉ་མང་ཞེས་པར་ཆུ་ནང་ན་ན་མང་ཟེར་ཞིང་། དེ་རིང་གི་ཉི་མ་ལ་དེ་རིང་གི་ནི་མ་ཞེས་པའི་སྒྲ་ཐོན་པས། ཡུལ་དེའི་བླ་མ་ཞིག་ལ་ཆིབས་བསུ་བྱེད་སྐབས། ངག་ལས་བླ་མ་ནི་མ﹙ཉི་མ﹚འདྲ་བོ་ཞེས་འབོད་ཀྱིན་ཡོད་ཟེར་སྐད། ཉན་ལ་ནན། ཉལ་ལ་མནལ། ཉལ་ཐུལ་ཉལ་གདན་ལ་མནལ་ཐུལ་མནལ་གདན། ཤ་ཉེ་ལ་ཤ་ནེ། སྔ་ཉིན་ལ་སྔ་ནི། གནངས་ཉིན་ལ་ནངས་ནི། གཉིས་ལ་ནིས། ཉི་ཤུ་ལ་ནི་ཤུ། རྨྱི་ལམ་རྨྱིས་ལ་རྣི་ལམ་རྣིས། གད་པ་ཉིལ་ལ་གད་པ་ནིལ(ནིས)། ཉུང་ལ་ནུང་། ཐུག་པ་ནུང་ནུང་ཞིག་འཆུས་ཟེར་བ། ཉིན་དཀར་ལ་ནིན་དཀར། གཉའ་ལྟག་ལ་གནའ་ལྟག ཞོ་ཉོ་བ་ལ་བཞོ་ནོ་གེ ཞོ་བསྙལ་ལ་ཞོ་བསྣའ། སྙིང་མ་རྗེ་ལ་སྣིང་མ་རྗེ། སྙོར་སྐྱོང་ལ་ནོར(སྣོར)སྐྱོང་། ཁའི་ནང་གི་རྙིལ་གྱི་མིང་ལ་བརྡ་རྙིང་དུ་རྣིལ་ཟེར། གནའ་བོའི་ཞང་ཞུང་སྐད་དུ། བཅུ་གཉིས་ལ་ཅུ་ནིས་ཟེར་ཞིང་། རེབ་གོང་སོགས་ཀྱི་སྐད་དུའང་། ཡིན་ནི་ནམ་འདོད་ལ་ཞེས་པར་ཡིན་ཉི་ནང་འདོད་ལ་ཟེར་ཞིང་། གོ་རེའི་ནང་སྙི་ལ་ཉང་སྙིས་ཟེར། དཔེར་ན། གོ་རེའི་གྱོང་ཁ་བྱིས་པར་བྱིན། ཉང་སྙི་ལོ་ལོན་ལ་བྱིན་ཟེར་བ་ལྟ་བུ། དེ་ནི་བརྡ་རྙིང་གི་འཆད་རྒྱུན་བཟུང་བས་རེད།《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ》གྱི་ལྡེབ20པར། འ་བ་ཉི་ཉེ་པ་ཉིད། ཅེས་པའི་ཉི་ནི། ངོས་བཟུང་གི་ཕྲད་ནི་ཡི་ཚབ་དོད་ཡིན་པ་མ་ཟད། ཏུན་ཧོང་གཏེར་ཡིག་ཨངpel.tib.0992པའི《མྱིའི་སྤྱོད་ལམ་བྱེ་བྲག་ཏུ་བསྟན་པ》རུ། ཅི་ཉུས་སུ××བསྲུང་བ་ནི་སྲོག་མྱི་བཅད། །ཅེས་ཅི་ནུས་ལ་ཅི་ཉུས་ཞེས་འབྱུང་ཞིང་། 《མི་དབང་རྟོགས་བརྗོད》ཀྱི་ལྡེབ223པར། ལྕགས་ཀྱི་གུའི་ཟེ་ལྕེའི་འཕྲུལ་བསྐྱོད་པའི་དབྱངས་སྣན་པར་སྒྲོག་པ། ཞེས་དབྱངས་སྙན་པ་ལ་དབྱངས་སྣན་པ། ཞེས་འབྱུང་བ་ལྟ་བུའོ། །

བཞི། ཕྱ་དང་བྱ་གཉིས་ལ་དབྱངས་སོགས་ཞུགས་པའི་ཡི་གེ་ཁག་ཅིག་ལ་སྐབས་འགརཡི་གདངས་ཐོན་པ། དཔེར་ན། རེབ་གོང་སོགས་ཀྱིས་ཕྱེད་ཀའི་དོན་གྱི་ཕྱ་ཚལ་ཕྱེད་མ་ལ་ཤ་ཚལ་ཤེད་མ་ཟེར། ད་ལོའི་ཞོར་ལས་ཀྱི་ཡོང་སྒོས་དོམ་ཕྱ་ཚལ་ཕྱེད་མ﹙ཤ་ཚལ་ཤེད་མ﹚གསུར་ཚར་ཟེར་བ་ལྟ་བུ། ཕ་རོལ་པ་ལ་རྒྱུ་མཚན་འདྲི་བའི་དོན་ཅན་གྱི་ཅིའི་ཕྱིར་ཞེས་པ་ལ་ཆི་ཤེར་ཟེར་བ། མཚོ་སྔོན་གྱི་གཅན་ཚ་རྫོང་དང་། ཀན་ལྷོའི་ཀླུ་ཆུ་རྫོང་། ཅོ་ནེ་རྫོང་སོགས་ཀྱི་སྐད་དུ། ཕྱི་དྲོ་ལ་ཤི་དྲོ། ཉལ་ཐུལ་ཕྱི་མ་ལ་ཉལ་ཐུལ་ཤི་མ། ཕྱིང་ཞྭ་ལ་ཤིང་ཞྭ། སང་ཕྱིན་ཆད་ལ་སང་ཤིན་ཆད། ཕྱིར་མ་སོང་ན་མི་ཆོག་ཅེས་པ་ལ་ཤིར་མ་སོང་ན་མི་ཆོག ཕྱིར་ལོག་ལ་ཤིར་ལོག  འབྲུ་ཞིབ་མོར་བཏགས་པའི་ཕྱེ་ཡི་མིང་ལ་ཤེ མགོའི་ཕྱི་ལྟག་ལ་ཤི་ལྟག བསང་ཕུད་པའི་དོན་ལ་བསང་ཕྱུང་ཞེས་པར་བསང་ཤུང་ཟེར་ཞིང་། ཕྱོགས་ཁག་ལ་ཤོགས་ཁག ཕྱོགས་བཅུ་དུས་གསུམ་ལ་ཤོགས་བཅུ་དུས་གསུམ། རྐང་པའི་ཕྱི་རྟིང་ལ་རྐང་པའི་ཤིར་རྟིང་། ལྭ་བ་ཕྱིར་སློག་ལ་ལྭ་བ་ཤིར་སློག རྒྱུན་དུའམ་བར་མ་ཆད་པའི་དོན་ལ་ཕྱོ་མེད་པར་ཞེས་པ་ལ་ཤོ་མེད་ལ། ཁྱི་རྦད་པའི་དོན་ལ་ཕྱོ་ཕྱོ་ཟེར་བར་ཤོ་ཤོ་ཞེས་པའི་གདངས་ཐོན་པ་ལྟ་བུ་མང་དུ་མཆིས།《དག་ཡིག་གསར་བསྒྲིགས》སུ། ཕྱོ་ཕྱོ། ཁྱི་རྦད་པའི་སྒྲ་སྟེ། ཁྱི་ཕྱོ་ཕྱོ་ཟེར་ནས་རྦད་ལྟ་བུ། ཞེས་བཀྲལ་ཡོད། འདི་ལྟར་ཕྲིས་ཞེས་པའི་དོན་གྱི་འདི་བྱེད་ཕྲིས་ཞེས་པ་ལ་འདི་ཤེད་ཕྲིས་ཞེས་པའི་སྒྲ་ཐོན་ཅིང་། འདི་ལྟར་བྱོས་ལ་འདི་ཤེད་ཤོས་ཟེར་བ་ལྟ་བུའོ།།

ལྔ། ཕྱ་དང་བྱ་ཡིག་ཁག་ཅིག་ལ་སྐབས་འགར་ཨམ་སྐད་ཁྲོདགཞའསྒྲའི་གདངས་འདྲ་ཐོན། དཔེར་ན། ༡ འགྲོ་ཕྱོགས། འདུག་ཕྱོགས། བཤད་ཕྱོགས། ཡོང་ཕྱོགས། དགོད་ཕྱོགས། ཡོད་ཕྱོགས། ཁང་པའི་ཁ་འཁོར་ཕྱོགས། འགྲིག་ལམ་བརྩི་ཕྱོགས། ལས་ཀ་ལས་ཕྱོགས། ལྭ་གོན་ཕྱོགས། ཡི་གེ་འབྲི་ཕྱོགས། སྡོང་པོ་གཅོད་ཕྱོགས། ཟས་བཟའ་ཕྱོགས། ཆང་འཐུང་ཕྱོགས། ཕྱོགས་འགྲུལ། ཕྱོགས་ཡར་མར་ཟེར་བ་སོགས་ཀྱི་ཕྱོགས་ལ་གཞོགས་སྒྲ་ཐོན་པ་ལྟ་བུ། ༢ སྦྱིན་པ་ལ་བཞིན་པ་ཞེས་དང་། གསོ་སྦྱོང་ལ་གསོ་གཞོང་། བསྒྲུབ་བྱ་ལ་བསྒྲུབ་བཞའ། དམིགས་བྱ་ལ་དམིགས་བཞའ། བྱབ་ཁྲུས་ལ་བཞབ་ཁྲུས། སྣུམ་ཞག་བྱབས་ལ་སྣུམ་ཞག་བཞབས། གཡུགས་ཆེ་བའམ་ལས་ཕྱོད་ཆེ་བའི་དོན་གྱི་ཞིང་བྲེགས་ན་བྱབས་འགྲོ་ཞེས་པ་ལ་ཞིང་བྲེགས་ན་བཞབས་འགྲོ བྱ་བྱིས་ལ་གཞའ་བཞིས་ཟེར་བ་ལྟ་བུ། ཀན་ལྷོའི་ཅོ་ནེ་སོགས་ཀྱི་སྐད་དུ། མོ་མཚན་གྱི་མིང་ལ་བྱ་ཟེར་བར་གཞའ་ཞེས་པའི་གདངས་ཐོན། ཡུལ་དེ་གའི་ངག་རྒྱུན་དུའང་། གཞའ﹙བྱ﹚ཁ་ནག་ཁ་ན་སོ་མེད། །སོ་ཡོད་རུང་འདེབས་ཀིན་དཔེ་མེད། །ཅེས་དང་། གཞའ﹙བྱ﹚ཡི་ངོ་མཐོ། །གསེར་གྱི་གོང་མཐོ། །ཞེས་པ་ལྟ་བུའི་བཤད་རྒྱུན་མཆིས། 《དག་ཡིག་གསར་བསྒྲིགས》སུ། བྱ་ལེ། མོ་མཚན་གྱི་ཆ་ཤས་རྩ་བྱ་རོག་གདོང་གི་མིང་། ཞེས་བཀྲལ་ཡོད་པ་ལྟ་བུའོ། །

དྲུག མིང་གཞི་ཚ་ཡིག་ཅན་གྱི་ཡི་གེ་ཁག་ཅིག་ལ་སྐབས་འགར་ཆ་ཡི་གདངས་ཐོན། དཔེར་ན། ཁྱེད་ཚོ་ལ་ཁྱིད་ཆོ། ངེད་ཚོ་ལ་ངིད་ཆོ། འུ་ཅག་ཚོ་ལ་འུ་ཆོའམ་འུག་ཆོ། འུ་ཚོ་ལ་འུ་ཆ་བོ། ཚོད་ཙིག་ཤེས་ཀྱིན་མེད་ལ་ཆོད་ཅིག་ཤེས་ཀིན་མེད། ཚོད་ཅང་ལ་ཆོད་ཅང་། མགོའི་སྤྱི་གཙུག་མདུན་ངོས་ལ་མཚོག་མ་ཟེར་བར་མཆག་མ། བོད་ཀྱི་གསོ་རིག་གཞུང་དུ། མཚེར་བ་ལ་མཆེར་བ་ཞེས་བྲིས་སྣང་སྟེ། 《བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད》ཀྱི་ལྡེབ303པར། མཆེར་བའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང་། །རྟགས་དང་བཅོས་ཐབས་རྣམ་པ་བཞི་རུ་བཤད། །ཅེས་དང་། དབྱེ་བ་མཆེར་ནད་ཚ་བ་ཁྲག་སྦོས་དང་། །མཆེར་རླུང་མཆེར་པའི་བད་ཀན་རླུགས་པ་ལྔ། །མཆེར་ནད་ཚ་བ་ཆང་འཐུངས་དྲོས་ཚེ་སྦོ། ། ཞེས་དང་། མཆེར་ནད་གསོ་བའི་ལེའུ་སྟེ་སོ་བདུན་པའོ། །ཞེས་དང་།《གསོ་བ་རིག་པའི་ཚིག་མཛོད་གཡུ་ཐོག་དགོངས་རྒྱན》དུ། མཚེར་པ། མཆེར་པའི་འབྲི་སྲོལ་གཞན་ཞིག་སྟེ། འབེ་ལོ་ཙཱ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པའི་ཐོར་བུའི་སྐོར་ཉེར་མཁོ་སྣ་ཚོགས་བསྡུས་པ་ལས། མཚེར་པ་དང་མཆེར་པ་ནི་དོན་གཅིག་སྟེ་ལུས་ཀྱི་གཡོན་ངོས་སུ་ཡོད་པའི་དོན་ལྔའི་ཡ་གྱལ་ཞིག་གི་མིང་ཡིན། དེ་ཡང་དབུས་གཙང་ཕྱོགས་སུ་མཆེར་པ་ཞེས་བརྗོད་པ་དང་ཁམས་ཕྱོགས་སུ་མཚེར་པ་ཞེས་བརྗོད་པས་གདམ་ང་ཡིན། འོན་ཀྱང་གསུང་རབ་རྣམས་སུ་མཆེར་པ་ཞེས་བྲིས་པ་ཁྱབ་ཆེའོ། །ཞེས་གསུངས་པ་ལྟར་རོ། །ཞེས་འབྱུང་བ་ལྟ་བུའོ། །

བདུན། ཡ་དང་ཉ་ཡིག་ཁག་ཅིག་སྐབས་འགར་ཨམ་སྐད་ཁྲོད་རེས་མོས་ཚུལ་དུ་སྤྱོད་དུས་མཆིས། དཔེར་ན། མཚོ་སྔོན་མགོ་ལོག་གི་སྐད་དུ། ལག་པ་གཡོན་པའི་མིང་ལ་ཡོ་ལག་གམ་ཉོ་ལག་ཟེར། སི་ཁྲོན་ཁྱུང་མཆུ་རྫོང་གི་སྐད་དུ། ཡོ་ལོ་མ་དང་། ཡོ་ཁྱོ་མ་ཟེར། དགྲ་ལག་ཡོ་ཁྱོ་མ་ཟེར་བ་ལྟ་བུ། དག་ཡིག་ཁག་ཏུའང་ལ་ཕུག་གི་བྱེ་བྲག་ཡུང་མ་ལ་ཉུངས་མ་ཞེས་བཀྲལ་ཡོད། ཡོ་ལ་ཉོ་སྒྲ་ཐོན་ཚུལ་ནི་བརྡ་རྙིང་གི་རྗེས་ཤུལ་འཚོལ་བའི་དན་རྟགས་རྣལ་མ་ཞིག་ཡིན་ཏེ།《ཨ་མདོའི་རིག་གནས་གླེང་བའི་གཏམ་ཚོགས》ཀྱི་ལྡེབ112པར། གནའ་བོའི་དུས་སུ་ཉ་དང་ཡ་དོན་གཅིག་ཏུ་སོང་བ་ཡོད་པས་བོད་ཁ་གཡག་དྲུག་གམ་བོད་ཁ་ཉ་དྲུག་ཅེས་གདམ་ང་དང་། ཉག་ཆུ་བྱ་བའང་དེད་དེ་སོང་ན་འབྲི་ཆུ་ཡིན་ཞིང་། རྒྱ་ཡིག་ཏུ་མའོ་ཉིའུ་ཧོ་སྟེ(牦牛河)གཡག་ཆུ་ཞེས་བསྒྱུར་ཡོད་པ་དང་། མི་ཉག་ཅེས་པའང་སུམ་པའི་ཆོས་འབྱུང་དུ། མི་ཡག་ཅེས་པའི་དོན་ཡིན་པར་གསུངས་པར་གཞིགས་ན། གནའ་དུས་སུ་ཡ་དང་ཉ་ཕལ་ཆེར་དོན་གཅིག་ཡིན་པར་སྣང་བས། ཉ་གོང་ངམ་གཉའ་གོང་ནི་གཡག་གོང་དུ་ར་འཕྲོད་ཅིང་།…ཞེས་འབྱུང་བ་ལྟ་བུ་སྟེ། བོད་ཁ་གཡག་དྲུག་ལ་བོད་ཁ་ཉ་དྲུག་ཅེས་དང་། ཀན་ལྷོའི་བསང་ཆུ་རྫོང་གི་རྒན་གྱའི་གཡག་གོང་མཁར་རམ་གཡག་མགོའི་མཁར་ལ་གཉའ་གོང་མཁར། ཉག་ཆུ﹙འབྲི་ཆུ﹚ལ་གཡག་ཆུ། མི་ཉག་ལ་མི་ཡག་ཅེས་བྲིས་ཡོད་པ་ལྟ་བུས་མཚོན།

བརྒྱད། མིང་གཞི་ཙ་ཚ་ས་གསུམ་ཅན་གྱི་ཡི་གེ་ཁག་ཅིག་གི་འཇུག་དོན་དང་གཞི་གདངས་སྐབས་འགར་ཕན་ཚུན་བརྗེ་སྤོར་ཚུལ་དུ་ཐོན། དཔེར་ན། ད་ཐེངས་སམ་ད་རེབ་ཀྱི་དོན་ལ། ད་ཙང་དང་ད་ཚང་། ད་སང་གསུམ་ག་ཟེར་ཞིང་འབྲི་ལ། ནོར་ལུག་སོགས་རི་མགོ་ནས་ཤི་ཚེ་སྤྱང་ཁི་དང་བྱ་རྒོད་ཀྱིས་ཤ་བཏོགས་ནས་རྩིབ་གུ་རབས་སེ་རུས་སྒྲོམ་ཁོ་ན་ལུས་པའི་མིང་ལ་ཙངས་དྲ་ཟེར་བ་སངས་དྲ་ཞེས་པའི་དོན་ཡིན། ཚེ་ཏན་དགོན་པ་ལ་སེ་ཏན་དགོན་པ་ཟེར་བ།《གསོ་རིག་ཚིག་མཛོད་གཡུ་ཐོག་དགོངས་རྒྱན》དུ། སྣ་འཚུབས་ལ་སྣ་སུབས། ཞེས་འབྱུང་ཞིང་། 《བརྡ་རྙིང་ཚིག་དོན་ཀུན་ཁྲོལ》གྱི་ལྡེབ17པར། ལོ་ངམ་གྱྀས་མཆན་ནས་སྤྲེ་འུ་པྱུང་བས། ལྡེ་བླ་གུང་རྒྱལ་ནི་ཏི་ཙེ་གངས་རུམ་དུ་འཕང་སྟེ་གཤེགས་སོ། །ཞེས་ཡིག་རྙིང་ཁག་ཏུའང་གངས་ཏི་སེའི་མིང་ལ། ཏི་སེ་གངས་སམ་ཏི་ཙེ་གངས་ཞེས་འབྱུང་། ཆུ་ཟོ་འཁུར་སྐབས་རྟེན་འཆའ་སའམ་མལ་བསོ་སའི་མིང་ལ་མལ་ཙ་ཟེར་བར་མལ་ས། འཚོ་ནམ་ལ་སོ་ནམ། ཡུན་རིང་འགོར་ནས་ཞོ་ལད་པའི་དོན་གྱི་ཞོ་ཚགས་ལ་ཞོ་སགས། ཀན་ལྷོའི་རྨ་ཆུ་རྫོང་གི་སྐད་དུ། ཞོ་ཚགས་བསྡད་ཀིན་ཟེར། མགོའི་སྤྱི་གཙུག་གི་མདུན་ངོས་སུ་མཚོག་མ་ཟེར་བར། སི་ཁྲོན་ཁྱུང་མཆུ་རྫོང་གི་སྐད་དུ་སོག་མའང་ཟེར། ཁ་སྩང་ལ་ཁ་སང་། གསོ་མ་ལ་གཙོ་མ། གསོ་སྒྱེ་ལ་གཙོ་སྒྱེ། གསོ་སྐུད་ལ་གཙོ་སྐུད། བྱིས་པ་བཙས་པ་ལ་བྱིས་པ་བསས་ཟེར་ཞིང་། ཁྱེད་ཚང་དང་ངེད་ཚང་ཞེས་པར་ཁྱེད་སང་དང་ངེད་སང་། འཕྲལ་དུའམ་ཅང་མ་འགོར་བའི་དོན་གྱི་ཐད་ཙེ་ལ་ཐད་ཚེ་དང་ཐད་སེའང་ཟེར། ཐད་ཀ་ཐད་སོ་ལ་ཐད་ཀ་ཐད་ཚོ། ཕྱོགས་གཅིག་ལ་ཡོ་བའི་དོན་གྱི་ཕྱོགས་གཅིག་སར་ཁྱོགས་ཐལ་ཞེས་པ་ལ་ཕྱོགས་གཅིག་ཚར་ཁྱོགས་ཐལ། ཕྱེད་སར་ཡོན་ཐལ་ལམ་ཁྱོགས་ཐལ་ཞེས་པར་ཤ་ཚར་ཡོན་ཐལ། གདུང་འཚོབ་ལ་གདུང་སོབ། འཚང་རྒྱ་ལ་སངས་རྒྱ། ན་ཚོད་ལ་ན་སོ། འཚོ་ཚིས་ལ་སོ་ཚིས། ཉམས་ཚད་ལ་ཉམས་སད། ཀུ་རེ་རྩེད་པའི་དོན་གྱི་ཚད་ཀིས་བཤད་པ་ཡིན་ཞེས་པ་ལ་སད་ཀིས་བཤད་པ་ཡིན། ཡིད་ཚིམས་ལ་ཡིད་སིམས། ཚུན་ཆད་ལ་སུན་ཆད།﹙ཚེས་དགུའི་ཚུན་ཆད་ལ་ཚེས་དགུའི་སུན་ཆད﹚ཚབ་ལ་གསབ། ཁྱོད་ཚུར་ཤོག་ལ་ཁྱོད་སུར་ཤོག འགྲོ་ཚུལ་འདུག་ཚུལ་ལ་འགྲོ་སུལ་འདུག་སུལ། བཟའ་ཚུལ་འཐུང་ཚུལ་ལ་བཟའ་སུལ་འཐུང་སུལ། རྩྭ་ལྡུམ་སྣ་མང་བཏུས་ནས་མང་ཉུང་ལ་འགྲན་རེས་བྱས་པའི་དོན་ལ་ལྡུམ་ཚོགས་བརྒྱབ་ཅེས་པར་ལྡུམ་སོགས་བརྒྱབ། གོ་རེ་རླངས་འཚོད་བྱེད་སྤྱད་ལ་ཨམ་སྐད་དུ། ཁོན་ཞེས་པར་ཡིག་སྐད་དུ། ཁྲོལ་སགས་གམ་ཁོལ་སགས་ཟེར་བ་ལ་ཁྲོལ་ཚགས་སམ་ཁོལ་ཚགས། ས་རྡོ་འཁུར་བྱེད་ཀྱི་སེལ་བོ་ལ་ཙེལ་པོ།(《རྗེ་མི་ལ་རས་པའི་རྣམ་མགུར》གྱི་ལྡེབ67པར། རྡོ་ར་མགོ་ཙམ་ཞིག་གམ། ས་ཙེལ་པོ་གང་ངམ། ཞེས་འབྱུང་།) སྦྱིན་སྲེག་ལ་སྦྱིན﹙བཞིན﹚ཚེག་གམ་བཞིན་ཚེག་ཟེར་བ་ལྟ་བུ། 《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས》ཀྱི་ལྡེབ140པར། བློན་ཆེན་པོས། །འདུན་ཙ་ལོང་ཅུ་ནས། །ཞེས་པའི་འབྲུ་འགྲེལ་དུ། འདུན་ས་ལོང་ཅུ་ནས།ཞེས་བཀྲལ་ཡོད། 《བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང》དུ། བསལ་བ་ལ་བསྩལ་བ་དང་། སོགས་པ་ལ་སྩོགས་པ། བསུ་བ་ལ་བསྩུ་བ། དྲི་བསུང་ལ་དྲི་བསྩུང་། བསངས་པ་ལ་བསྩངས་པ། ཞེས་བཀྲལ་ཡོད་པ་ལྟ་བུའོ། །
སྨྲས་པ།
ཕལ་སྐད་འཕེལ་ན་ཕ་ཡུལ་འཕེལ་བའི་རྟགས། །ཕལ་སྐད་ཉམས་ན་ཕ་ས་ཤོར་བའི་རྟགས། །
སྤྱི་ཕལ་སྐད་ལ་ལྕི་ཡང་འཆོར་མ་འཇུག །སྤྱི་སྐད་འབྱུང་བའི་རྩ་བ་ཕལ་སྐད་ལགས། །
ཆོས་སྐད་སྤྱི་སྐད་ཡིན་རློམ་དག་གིས་ཀྱང་། །ཆོས་སྐད་ཕལ་བའི་སྐད་དུ་མ་བཀྲལ་ན། །
བོད་པ་བྱིངས་ཀྱིས་མི་གོ་སྤྱི་སྐད་དེ། །འདས་མ་ད་གསུམ་སྤྱི་སྐད་འགྱུར་རེ་སྐན། །ཞེས་ཀྱང་ཐལ་ལོ། །
 
མཇུག་མཐར། ངས་འདི་ནས་ཆེད་དུ་ཞུ་རྒྱུ་ཞིག་ལ། ཨ་རིའི་ལ་རྩེ་དཔེ་མཛོད་ཁང་གི་འགན་འཛིན་པ་པདྨ་འབུམ་ལགས་ཀྱིས་ངའི་ཨམ་སྐད་ཞིབ་འཇུག་གི་ལས་ཀ་འདི་ལ་མགོ་མཇུག་བར་གསུམ་དུ་རོགས་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག རྒྱལ་ནང་གི་གྲོགས་པོ་མང་པོ་ཞིག་ལའང་གོ་སྐབས་འདི་དང་བསྟུན་ནས་བདག་གི་བྱ་བར་སུན་པ་མེད་པའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ནི་ཡིན། །
 བཀྲ་ཤིས་བདེ་ལེགས།
2019ལོའི་ཕྱི་ཟླ10བར།
ཀུན་ཁྱབ་ཀླུ་བྱམས་ཀྱིས།
 

དཔྱད་མཆན་ཡོད།