ཐྲ་ཡིག་གི་འཇུག་པ་འགའ་གསར་དུ་གླེང་བ།

ཤིས་ཚང་མཁྱེན་རབ་རྒྱ་མཚོས་བརྩམས།

[ཉེ་ལམ་བརྡ་སྤྲོད་སྐོར་གྱི་བགྲོ་གླེང་ཞིག་གི་སྐབས་གྲོགས་པོ་ག་གེ་མོ་ཞིག་གིས་དྲིས་ཞེས་པའི་བྱ་ཚིག་གི་སྐུལ་ཚིག་ལ་ཐྲིས་ཞེས་བྲིས་ན་འགྲིག་མིན་གྱི་དོགས་འདྲི་ཞིག་བྱས་སོང་ལ།དེ་དང་འབྲེལ་ཏེ་དགག་སྒྲུབ་གཉིས་ཕྱོགས་ནས་དེར་བསམ་ཚུལ་འདོན་པའི་དྲ་གྲོགས་མང་དག་ཅིག་འུར་ཆེམ་མེར་སོང་ཡོད།ཁོ་བོར་མཚོན་ན་གྲོགས་པོའི་དོགས་འདྲི་དེ་ནི་སྔ་ས་ནས་སེམས་ངོར་ལྷུང་ཞིང་ཁ་སྒོར་འབུད་མ་ཐུབ་པའི་རྨོངས་འཆར་རིགས་ཤིག་ཡིན་ལ།དེ་རིང་གྲོགས་པོས་དྲ་གྲོགས་ཐུན་མོང་ལ་དོགས་འདྲི་གནང་བ་དེས་ང་ལ་ཆེད་དུ་བསམ་ཚུལ་འདི་འདི་ལྟར་འབྲི་བར་དྲན་སྐུལ་བྱས་པ་དང་འདྲ་སོང་།]

ཐོག་མར་གླེང་སློང་བ།

དེ་ཡང་སློབ་དཔོན་ཐོན་མིས་བོད་ཡིག་དབྱངས་གསལ་སོ་བཞི་གོ་རིམ་དང་བཅས་གཏན་ལ་ཕབ་ཅིང་རྐྱང་བརྩེགས་འདོགས་ཀྱི་རྣམ་གཞག་ཞིབ་པར་ཕྱེ་སྟེ་བསྟན་པའི་ཁྲོད་འདོགས་ཅན་བཞི་དང་དེའི་ནང་ནས་ར་ཡི་འདོགས་ཅན་ཀྲ་ཁྲ་གྲ་ཏྲ་ཐྲ་དྲ་པྲ་ཕྲ་བྲ་སྲ་ཧྲ་སྟེ་བཅུ་གཅིག་(མཁས་དབང་དམུ་དགེ་བསམ་གཏན་ཚང་གིས་ར་བཏགས་བཅུ་གཅིག་ལས་བགྲང་མི་འདུག་མོད།གཞན་དུ་ནྲ་དང་མྲ་གཉིས་བསྣན་ཏེ་བཅུ་གསུམ་དུ་བགྲང་མཁན་ཡོད།)གསུངས་པ་ལས་ཏྲ་དང་ཐྲ། ཧྲ་བཅས་ད་སྔར་འཇུག་པ་ཆེས་ཉུང་བར་བརྡ་སྤྲོད་སྨྲ་བ་སུས་ཀྱང་འདོད་ལ།སྐབས་བབ་ཀྱི་གླེང་བྱ་ཐྲ་ཡིག་གི་འཇུག་དོན་ལ་ད་སྔར་ཐྲ་ཐྲ་དང་ཐྲིག་ཐྲིག་ལྟ་བུ་ལས་གཞན་པའི་འཇུག་དོན་ཡོད་རབས་གླེང་བའི་ཡིག་ཆ་གང་ཡང་མཐོང་ཐོས་མ་བྱུང་།ཡིན་ནའང་ང་ཚོས་ད་ལྟའི་ཨ་མདོའི་ཡུལ་སྐད་འགར་དཔྱད་ཞིབ་རེ་བྱས་པ་ན་ཐྲ་ཡིག་གི་སྒྲ་ཞིག་རྒྱུན་དུ་འཚོ་བའི་ཁྲོད་བཀོལ་དང་འཁོལ་གྱིན་འདུག་ལ།རྣ་བའི་བུ་གར་རྒྱུན་དུ་ཐོས་དང་ཐོགས་ཀྱིན་འདུག་པས་ང་ཚོས་ད་སྔར་ཐྲ་ཐྲ་དང་ཐྲིག་ཐྲིག་གི་སྒྲ་ལས་འཇུག་དོན་གཞན་མེད་ཤག་བྱས་པའི་ཐྲ་ཡིག་གི་སྐོར་ལ་བསྐྱར་དུ་བརྟག་ཞིབ་གསར་བ་ཞིག་བྱ་དགོས་པར་འདོད།

དེ་ལྟར་གཟབ་ཀྱིས་མཉན་ཞིང་ཞིབ་ཏུ་བརྟག་ན་ང་ཚོས་ཨ་མདོའི་ཡུལ་སྐད་ཁྲོད་དུ་ཐྲ་ཡིག་གི་སྒྲ་ཞིག་ཡོད་པར་ཁས་ལེན་མི་བྱེད་རང་བྱེད་ཡིན་ལ།དེ་ཡང་བྱ་བ་གང་ཞིག་ལ་སྐུལ་བར་བྱེད་པའི་སྒྲ་ཞིག་ཡིན་པར་དེ་བས་ཀྱང་བསྙོན་དུ་མེད། ཡིན་ནའང་རྩོམ་པ་བོ་ཧོར་གཙང་འཇིགས་མེད་ཀྱིས་བཤད་པ་ལྟར་སྤྱིར་ང་ཚོར་ཁ་སྐད་མང་བོ་ཞིག་ངག་ནས་བརྗོད་པ་ཙམ་ལས་ཡིག་ཐོག་ཏུ་དབབ་རྒྱུ་མེད་པ་ལྟ་བུའི་གོམས་གཤིས་ཤིག་རྒྱུན་འབྱམས་སུ་སོང་ཡོད་པའི་ཁར།མདོ་སྨད་དུ་བཀོལ་ཤུགས་ཆེས་པའི་སྐད་ཅིག་དབུས་གཙང་བས་ཡིག་ཐོག་ཏུ་མི་འབྲི་བ་དང། དབུས་གཙང་དུ་བཀོལ་ཤུགས་ཆེས་པའི་སྐད་ཅིག་མདོ་སྟོད་པས་ཆ་འཇོག་མི་བྱེད་པའི་དབང་བཅས་ཀྱིས་ཐྲ་ཡིག་གི་སྒྲ་འདིའང་ད་བར་ངག་ཐོག་ཁོ་ན་ལས་ཡིག་ཐོག་ཏུ་འཇུག་དོན་ཆེས་ཉུང་བའི་གྲས་སུ་ཡིན་ཤག་བྱས་ཏེ་བཞག་པ་ཡིན་པར་སྙམ།

ངས་འདི་ལྟར་བརྗོད་པ་ནི་ང་ཚོས་ཁ་སྐད་ཐམས་ཅད་ཡིག་ཐོག་ཏུ་བྲི་དགོས་ཞེས་གླེང་བསླངས་པ་མིན་ལ།ཨ་མདོ་བའི་ཁ་སྐད་དབུས་པས་སྤྱད་དགོས་པ་དང་དབུས་པའི་ཡུལ་སྐད་མདོ་སྟོད་པས་དགོལ་དགོས་པར་གྲོས་འགོ་བཏོན་པའང་མིན་པར།ད་སྔར་ར་ཡི་འདོགས་ཅན་གྱི་ཡི་གེའི་ཁྲོད་ཀྱི་འཇུག་པ་ཆེས་ཉུང་བར་འདོད་པའི་ཐྲ་ཡིག་གི་འཇུག་དོན་འགའ་སོ་སོར་རྒྱུ་མཚན་གསལ་བྱེད་དང་བཅས་ཏེ་གླེང་འདོད་པ་ཡིན།

(༡) དཔྱད་ཞིབ་བྱ་འོས་པའི་ཐྲ་ཡིག་གི་འཇུག་པ་འགའ།

༡ དྲི་བ་སོགས་འདྲི་བར་བྱ་བའི་སྐུལ་ཚིག་ལ་འཇུག་པ།དཔེར་ན། མི་ཤེས་ན་རྒན་ལ་ཐྲི༷ས། ཞེས་པ་ལྟ་བུ།

༢ ཐག་པ་སོགས་ཀྱིས་འདྲུད་པར་བྱ་བའི་སྐུལ་ཚིག་ལ་འཇུག་པ།དཔེར་ན། ཤིང་རྟ་ཐྲུད༷། ཅེས་པ་ལྟ་བུ།

༣ ཅ་དངོས་གཞན་ལ་ཆགས་པའི་དྲེགས་པ་སོགས་འདྲལ་བར་བྱ་བའི་སྐུལ་ཚིག་ལ་འཇུག་པ།དཔེར་ན། ཚི་དྲེགས་ཐྲོལ༷། ཅེས་པ་ལྟ་བུ།

༤ རས་སོགས་འདྲ་བར་བྱ་བའི་སྐུལ་ཚིག་ལ་འཇུག་པ།དཔེར་ན། ཤོག་བུ་ཐྲེས༷། ཞེས་པ་ལྟ་བུ།

༥ དོང་ནང་ནས་ས་སོགས་ཕྱིར་འདོན་པའམ་འདྲུ་བར་བྱ་བའི་སྐུལ་ཚིག་ལ་འཇུག་པ།དཔེར་ན། ས་དོང་ནས་ཐྲུས༷། ཞེས་པ་ལྟ་བུ།

༦ སྐུ་མགྲོན་སོགས་གདན་འདྲེན་པར་བྱ་བའི་སྐུལ་ཚིག་ལ་འཇུག་པ།དཔེར་ན། མཁས་དབང་ག་གེ་མོ་གདན་ཐྲོང༷ས། ཞེས་པ་ལྟ་བུ།

འདི་དག་ནི་ཁོ་བོས་ཐོག་མའི་རྩོམ་བྱང་དུ་བསྟན་དོན་ལྟར་སྐབས་དོན་གླེང་འདོད་པའི་ཐྲ་ཡིག་གི་འཇུག་པ་འགའ་ཡིན་ལ།ད་སྔར་མཁས་པ་སུས་ཀྱང་གླེང་སློང་མ་བྱས་པའི་དོགས་གནད་རིགས་ཤིག་ཀྱང་ཡིན་སྲིད་པས་བོད་ཀྱི་བརྡ་སྤྲོད་གཞུང་ལ་འཇུག་པ་ཡངས་པའི་དཔྱོད་ལྡན་ཚོས་ཅིས་ཀྱང་ང་དང་བསམ་ཕྱོགས་གཅིག་པའི་གྲོགས་པོ་ཚོའི་རྨོངས་འཆར་འདིར་སྙན་དབང་ལན་ཅིག་གཡོར་བའི་རེ་བ་བྱེད་ཀྱིན་ཡོད།དེ་མིན་སྔོན་གྱི་གསུང་རབ་བསྟན་བཅོས་གང་དུའང་གོང་བཀོད་སྐུལ་ཚིག་དེ་དག་བྲིས་མེད་པ་དང་ཐྲིས་དང་ཐྲུད།ཐྲོལ། ཐྲེས། ཐྲུས། ཐྲོངས། ཞེས་པའི་ཡི་གེ་འདི་དག་སྔོན་ཆད་མེད་པ་བཅས་རྒྱུ་མཚན་དུ་བཀོད་དེ་བསམ་ཚུལ་ལ་དགག་པ་གཏོང་བ་ནི་ནམ་དང་གཞར་ཡང་ཁས་ལེན་ཐབས་མེད་ལ།ཁྱོད་ཀྱི་བསམ་ཚུལ་དང་མི་མཐུན་པའི་རྒྱུ་མཚན་དེ་ག་ཙམ་ཞིག་ལས་བགྲང་རྒྱུ་མེད་ན་དེ་ནི་ཁྱོད་ཀྱིས་རང་ཁོ་ནའི་བསམ་ཚུལ་ཨ་འཐས་སུ་བཟུང་བ་ཙམ་ལས་ཁུངས་ཐུབ་དཔང་ཕེར་གྱི་རྒྱུ་མཚན་གཞན་འཆད་རྒྱུ་མེད་པར་ངོས་གཟུང་རྒྱུ་ཡིན།

(༢) ཐྲ་ཡིག་གི་འཇུག་དོན་དུ་འོས་པའི་རྒྱུ་མཚན་འགོད་པ།

གོང་དུ་བཀོད་པའི་ཐྲ་ཡིག་གི་འཇུག་པ་སྟེ་སྐུལ་ཚིག་ཏུ་གླེང་བ་དེ་དག་གནས་ལུགས་རྒྱུ་མཚན་གང་ཡང་མེད་པར་ཚོད་ཚོད་ལ་སྣང་བ་གང་དྲན་གྱིས་བརྗོད་པ་མིན་ལ།ཡང་གསར་ཞེན་གྱི་ལྟ་བའི་ལྷད་ཀྱིས་བྱ་ཚིག་གི་དུས་གསུམ་ཁག་ཅིག་ལ་གསར་བརྗེ་བྱ་འདོད་པའང་དེ་བས་ཀྱང་ག་ལ་ཡིན།ཡང་རང་ཉིད་ཨ་མདོ་བ་ཞིག་ཡིན་པས་ཨ་མདོའི་ངག་ཐོག་གི་སྐད་ཆའི་དུང་ཞེན་གྱི་དབང་དུ་ལྷུང་དྲགས་པས་ཀྱང་མིན་པར་དཔྱད་ཞིབ་བློ་ཡིས་འདིར་ཐྲ་ཡིག་གི་འཇུག་པ་འགའ་གསར་དུ་གླེང་བར་རྒྱུ་མཚན་གང་ཡོད་གཤམ་ནས་རེ་རེ་བཞིན་སྤྲོ་བར་བྱ།

(༡) སྤྱིར་བྱ་ཚིག་གི་དུས་གསུམ་སྐབས་གཞི་རྩའི་མིང་གཞིའི་སྡེ་བ་བཞི་བ་ཡན་ཆད་དང་སྡེ་བ་ལྔ་བའི་ཙ་སོགས་གསུམ་གོང་གི་སྡེ་བ་གཉིས་པའི་ཅ་སོགས་གསུམ་ལ་སྦྱར་བའི་རིམ་པ་ཅན་གྱི་ཕོ་མོ་མ་ནིང་གི་ཡི་གེ་དག་བྱ་ཚིག་ཏུ་གྲུབ་སྐབས་རིམ་པ་བཞིན་ཕོ་ཡིག་དག་འདས་པ་དང་མ་ནིང་དག་སྐུལ་ཚིགམོ་ཡིག་དག་ད་ལྟ་བ་བཅས་སྟོན་པའི་མིང་གཞིར་འགྲོ་བ་བཞིན་འདིར་ཐྲ་ཡིག་གི་འཇུག་པ་དག་ཀྱང་བྱ་ཚིག་དེ་དག་གི་སྐུལ་ཚིག་ཏུ་བྲིས་ན་གོང་བརྗོད་གོ་རིམ་དེ་དང་ཧ་ཅང་མཐུན་ཤས་ཆེ།

(༢) སྤྱིར་བྱ་ཚིག་གི་དུས་གསུམ་སོ་སོའི་མིང་གཞི་འགྱུར་བ་དང་མི་འགྱུར་བའི་རིགས་གཉིས་ཡོད་པ་ལས།གཟུགས་འགྱུར་བའི་བྱ་ཚིག་ཡིན་ན་དུས་གསུམ་གའི་མིང་གཞི་ལ་འགྱུར་བ་འགྲོ་དགོས་པའི་ངེས་པ་གཏན་ནས་མེད་མོད།འོན་ཀྱང་བྱ་ཚིག་གཅིག་འདས་སྐུལ་གཉིས་ལ་འཇུག་སྐབས་ཚིག་གྲོགས་ཤིག་ལ་མ་བརྟེན་ན་སྐབས་རེར་འདས་པ་དང་སྐུལ་ཚིག་གཉིས་ཕན་ཚུན་འཁྲུལ་ཉེན་ཧ་ཅང་ཆེ་བས་གོང་བརྗོད་སྐུལ་ཚིག་དེ་དག་གིས་འདས་སྐུལ་གཉིས་ཕན་ཚུན་འཁྲུལ་དོགས་མི་འོང་བའི་དགོས་པ་ལྷག་པོ་ཡོད།གལ་ཏེ་ཁྱོད་ཀྱིས་འདས་སྐུལ་གཉིས་གཅིག་ཏུ་འབྲི་སྐབས། དཔེར་ན། ཤིང་རྟ་དྲུད། ཅེས་བརྗོད་པའི་ཚེ་དྲུད་ཅེས་པའི་བྱ་ཚིག་དེས་ཤིང་རྟ་དྲུད་ཟིན་པའམ།ཡང་ན་ཤིང་རྟ་འདྲུད་པར་སྐུལ་བའི་དོན་གང་ཡིན་མི་ཤེས་པས་དེའི་སྐུལ་ཚིག་ལ་ཐྲུད་ཅེས་བརྗོད་ཚེ་དྲུད་ཟིན་པའི་དོན་དུ་གོ་མི་དགོས་པར་འདྲུད་པར་སྐུལ་བའི་དོན་དུ་ངང་ངམ་ཤུགས་ཀྱིས་གོ་ཐུབ་པ་ལྟ་བུ་ཡིན།དེ་བཞིན་དུ་དྲིས་དང་ཐྲིས། དྲེས་དང་ཐྲེས། དྲུས་དང་ཐྲུས་བཅས་ལའང་རིགས་བསྒྲེའོ། །

(༣) ང་ཚོའི་ཡི་གེ་ནི་ཐོག་མར་བོད་དམངས་ཁྲོད་ཀྱི་སྐད་ཆའི་འགྲོས་དང་མཐུན་པར་བརྩམས་པ་ཡིན་མོད།འོན་ཀྱང་བོད་སིལ་བུར་འཐོར་བ་དང་དུས་ཀྱི་འགྱུར་བའི་དབང་གིས་ཡུལ་ལུང་སོ་སོའི་སྐད་བརྡ་སོ་སོར་གྱེས་པའི་རྐྱེན་གྱིས་བོད་ཆོལ་ཁ་གསུམ་ལ་ཐུན་མོང་གཅིག་གྱུར་གྱི་སྤྱི་སྐད་ཅིག་ཆགས་ཐུབ་མེད་ལ།མདོ་དབུས་ཁམས་གསུམ་གྱི་བོད་མི་ཚོས་ཕན་ཚུན་གོ་བརྡ་འཕྲོད་དཀའ་བའི་སྣང་ཚུལ་དེ་འུ་ཚོ་ཐུན་མོང་གི་མིག་སྔའི་དཀའ་ངལ་གྱི་གནད་ཅིག་ཆགས་ཡོད།ཡིན་ནའང་ང་ཚོས་ཡིག་སྐད་དང་མཐུན་པ་གང་ཞིག་ལ་ཡིག་ཐོག་ཏུ་མེད་པར་ངག་ཐོག་ཁོ་ནར་སྤྱོད་བཞིན་པའི་རིགས་ཆོལ་གསུམ་ཐུན་མོང་གིས་སྤྱོད་ཀྱིན་ཡོད་མེད་གང་ལྟར་ཡང་ཅིས་ཀྱང་ཡིག་ཐོག་ཏུ་དགོད་དགོས་པར་འདོད་པས།འདིར་གླེང་བྱར་གྱུར་པའི་ཐྲ་ཡིག་གི་འཇུག་པ་དག་ཀྱང་ཨ་མདོའི་ཡུལ་སྐད་ཀྱི་འགྲོས་ལས་གསལ་ལེར་ལྷང་ངེར་ཐོས་ཐུབ་པའམ།སྒྲ་ཐོན་པ་ཞིག་ཡིན་པས་འདི་དག་ཡིག་ཐོག་ཏུ་འབྲི་བ་ནི་འགྲོས་མ་མཉམ་པའི་ངག་ཐོག་གི་སྐད་དང་ཡིག་ཐོག་གི་སྐད་བྱེ་བྲག་པ་གཉིས་བར་ཐག་ཉེ་རུ་སྦྲེལ་བའི་ཁྱད་པར་ཡོད།

(༤) ར་ཡི་འདོགས་ཅན་གྱི་ཡི་གེའི་ཁྲོད་ཐྲ་ཡིག་བགྲང་བར་མཁས་པ་རྣམས་ཀྱི་བཞེད་པ་གཅིག་མཐུན་ཡིན་ལ།ཐྲ་ཡིག་ལ་དབྱངས་ཞུགས་པའི་ཡི་གེ་སྔོན་ཆད་ཡོད་པ་ནི་ཐྲ་ཐྲ་དང་ཐྲིག་ཐྲིག་གི་སྒྲ་ཞེས་མཚན་གཞིར་བགྲང་བ་དེ་ལས་ཤེས་པས་ཐྲ་ཡིག་ལ་གི་གུ་ཞུགས་ཆོག་ན་དབྱངས་གཞན་རྣམས་ཞུགས་མི་ཆོག་པའི་རྒྱུ་མཚན་མེད་པར་སྙམ།

(༥) འུ་ཚོའི་མཁས་པ་སྔ་མ་ཚོས་ཐྲ་ཡིག་ནི་འཇུག་པ་ཆེས་ཉུང་བའི་ར་ཡི་འདོགས་ཅན་གྱི་ཡི་གེར་བཞེད་པ་ན་ཅིས་ཀྱང་ཐྲ་ཐྲ་དང་ཐྲིག་ཐྲིག་གི་སྒྲ་ལས་འཇུག་པ་གཞན་ཡོད་མེད་འཚོལ་མི་ཆོག་པ་མེད་ལ།འཇུག་པ་ཉུང་བར་བསྟན་ན་གོང་གི་འཇུག་དོན་རེ་གཉིས་དེ་ལས་གཞན་ཡོད་མི་ཆོག་པ་ཞིག་ག་ལ་ཡིན།ཡང་གཅིག་བཤད་ན་མཁས་པ་སྔ་མ་ཚོས་གླེང་མེད་པ་ཞིག་ང་ཚོས་གསར་དུ་གླེང་མི་ཆོག་པ་ཞིག་ནི་དེ་བས་ཀྱང་ག་ལ་ཡིན་སྙམ་པས་འདིར་ཐྲ་ཡིག་གི་འཇུག་དོན་འགའ་རྒྱུ་མཚན་དང་བཅས་ཏེ་གླེང་བར་ལེགས་པའི་ཆ་ཞིག་མེད་ནའང་ཉེས་པའི་ཆ་གང་ཡང་མེད་པར་འདོད་དོ།།

༣  སྐད་ཆ་རེ་གཉིས་ཟུར་དུ་གླེང་ཞོར་མཇུག་བསྡུ་བ།

གོང་བརྗོད་ཐྲ་ཡིག་གི་འཇུག་དོན་དེ་དག་ལས་འགའ་ཤས་ཤིག་ནམ་རྒྱུན་འདས་ཚིག་དང་སྐུལ་ཚིག་སོ་སོར་ཡོད་པའི་རིགས་ཡིན།དེ་ཡང་དཔེར་ན། མཁས་པ་སོགས་གདན་འདྲེན་པའི་སྐུལ་ཚིག་ལ་དྲོངས་དང་ཚི་དྲེགས་སོགས་འདྲལ་བར་བྱ་བའི་སྐུལ་ཚིག་ལ་ཚིག་མཛོད་ཁག་ཏུ་དྲོལ་ཅེས་བྲིས་པ་གསལ་མོད།

དེ་ཡང་ངག་ཐོག་གི་སྐད་ཆའི་འགྲོས་དང་བསྟུན་ན་མཁས་པ་གདན་ཐྲོངས་དང་ཚི་དྲེགས་ཐྲོལ་ཅེས་ཐྲ་ཡིག་གི་སྒྲ་གསལ་བར་ཐོན་པས་དྲོངས་དང་དྲོལ་གྱི་ཚབ་ལ་ཐྲོངས་དང་ཐྲོལ་ཅེས་བྲིས་ན་ལེགས་པར་མཐོང་བ་ཡིན།

འདི་དག་ནི་གོང་དུ་བརྗོད་པ་ལྟར་ཁོ་བོས་འོལ་ཚོད་དང་བབ་ཅོལ་དུ་སྨྲ་བ་ཙམ་མ་ཡིན་པར་རང་གི་རྨོངས་བློར་འཆར་ཚུལ་ལ་རང་ངོས་ནས་རྒྱུ་མཚན་རེ་འགའ་མཐོང་སྟེ་བོད་ཀྱི་བརྡ་སྤྲོད་སྨྲ་བའི་ཚོགས་ལ་ལྷག་བསམ་དག་པས་བསམ་ཚུལ་ཞིག་ཕུལ་པ་ཡིན་པས་དགོངས་འཆར་ལྷུག་པོར་སྩོལ་བའི་རེ་བ་ཡོད།

༢༠༡༢ ལོའི་ཟླ ༡༠ ཚེས་ ༡༩ ཉིན་གུང་རང་ཤག་ཏུ་བྲིས།


[རྩོམ་ཁུངས།]    <<བརྡ་སྤྲོད་དོན་གནད་གསེད་བཀྲོལ།>>  2014 ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར།

དཔྱད་མཆན་ཡོད།