ངོས་ཀྱི་འཇུག་ཡུལ་ལ་ཅུང་ཙམ་དཔྱད་པ།

རང་རེའི་བོད་ལ་རང་ཉིད་མཚོན་པའི་བརྡ་ལ། བདག་དང་ང་། གུས་པ། ཕྲན་པ། ངེད། རང་ཉིད། ཁོ་བོ་བཅས་རྣམ་གྲངས་མང་ཙམ་ཡོད་པ་ལས་འདིར་སྐབས་དོན་གླེང་བྱར་གྱུར་པའི་ངོས་ཞེས་པའང་དེ་དག་དང་དོན་གཅིག་པར་འཇུག་པའི་བརྡ་ཞིག་ཡིན། དོན་གཅིག་པའི་རྣམ་གྲངས་ཙམ་དུ་ཟད་པའི་བརྡ་འདི་དག་དོན་རང་ཉིད་ལ་འཇུག་པར་ཁྱད་པར་མེད་ཀྱང་། སྐབས་སོ་སོ་སྤྱོད་ཡུལ་ལ་ཁྱད་པར་ཅུང་ཙམ་ཡོད་པར་འདོད་དེ། དཔེར་ན། གུས་པ་དང་ཕྲན་གཉིས་ནི་གཙོ་ཆེར་རང་ལས་ཡུལ་མཐོ་བར་ཅི་ཞིག་ཞུ་སྐབས་རང་ཉིད་དམན་སར་འཛིན་པའི་བརྡ་ཞིག་ཡིན་ལ། གཞན་དུ་ཁེངས་པ་སྐྱུང་བའི་བརྡར་བཞེད་པའང་ཡོད། དེ་བཞིན་ངོས་ཞེས་པའང་ཡུལ་མཆོག་དམན་བར་གསུམ་སུས་ཀྱང་རང་དགར་སྤྱོད་ཆོག་ཆོག་ཅིག་མིན་པར་སྤྱི་ཚོགས་ཁྲོད་ཀྱི་མཐོ་རིམ་མི་སྣ་སྟེ། དཔེར་ན། ཆོས་སྲིད་ཀྱི་ཐོབ་ཐང་མཐོ་བའི་རྒྱལ་དཔོན་བླ་གསུམ་ལྟ་བུས་སྤྱོད་པའི་དམིགས་བསལ་གྱི་བརྡ་ཞིག་ཏུ་འདོད། ཡིན་ནའང་། མིག་སྔར་འུ་ཚོའི་རྩོམ་འབྲི་བའམ་ཡི་གེ་བའི་སྡེ་རུ་ངོས་ཞེས་པའི་ཐ་སྙད་འདི་ཅུང་ཙམ་རྣམ་པ་གསར་བའི་ཟོལ་གྱིས་ཅི་མི་སྙམ་པར་རང་མཚོན་པའི་བརྡ་རུ་སྤྱོད་མཁན་མང་དུ་མཆིས་པས། ང་ཚོས་ནོར་བ་ཞིག་འདི་མུར་རིག་རིག་མཐོང་མཐོང་དུ་རྒྱུན་འབྱམས་སུ་འགྲོར་བཅུག་ན་ནི་རང་གི་སྐད་ཡིག་ལ་རང་གིས་འགན་མ་འཁུར་བའི་རྟགས་སུ་ཟད་པས་འདིར་མཁས་པ་རྣམས་ཀྱི་དཔྱོད་པའི་སྤྱན་འོག་ཏུ་མ་ཚུད་པའི་ངོས་ཀྱི་འཇུག་ཡུལ་ལ་ཕྲན་པས་ཅུང་ཙམ་དཔྱད་པའི་ངལ་ཁུར་དང་དུ་བླངས་པ་ཡིན།

༡ ངོས་ཀྱི་ཐ་སྙད་ཅི་ལྟར་བྱུང་བའི་ཁུངས་ལ་དཔྱད་པ།
གོང་དུ་བརྗོད་པ་ལྟར་ངོས་ཞེས་པ་ནི་རང་ཉིད་མཚོན་པའི་བརྡ་སྟེ་ང་ཞེས་པ་དང་དོན་གཅིག་པས་ང་རང་གིས་སམ་ང་ཡིས་ཞེས་པ་ལ་ངོས་ཀྱིས་དང་ངོས་ནས་ཟེར་བ་དང་། དེ་བཞིན་ང་ཡི་ལ་ངོས་ཀྱི་དང་། ང་རང་ལ་ངོས་རང་ཞེས་སྤྱོད་པ་ཡིན་ལ། དེའང་དུས་ནམ་ཞིག་ནས་ཚུལ་ཅི་ལྟར་སྤྱོད་སྲོལ་དེ་དར་མིན་ལ་ཁ་ཚོན་བཅད་ནས་སྨྲ་བ་ཞིག་དཀའ་ཞིང་། ཁོ་བོས་དཔྱོད་ལྡན་འགའ་རེར་འདིའི་སྐོར་ལ་ཆེད་དུ་དྲི་གཏུགས་ཡང་ཡང་བྱས་ཀྱང་ཡིན་ལུགས་ཕུ་ཐག་ཆོད་པ་ཞིག་སུ་ལའང་གསུང་རྒྱུས་རྡུགས། དེ་ལྟར་ནའང་། ༸ རྒྱལ་དབང་ལྔ་བ་ཆེན་མོའི་སྐབས་ཏེ་དགའ་ལྡན་ཕོ་བྲང་བའི་སྐབས་དེ་ཤེད་ཅིག་ནས་བྱུང་བ་ཡིན་པར་ཚང་མས་ཚོད་དཔག་ཏུ་སྨྲ་ཞིང་། ངོས་ཀྱི་བརྡ་འདིའི་མཆེད་ཁུངས་ཀྱང་ང་རང་གི་ངོས་ནས་ཞེས་པ་རིམ་གྱིས་རང་ངོས་ནས་དང་དེ་རིམ་གྱིས་ངོས་ནས་སམ་ངོས་ཀྱིས་ཞེས་བྱུང་བ་ཡིན་པར་འདོད།
དོན་དུའང་དེ་འདྲ་ཞིག་ཨེ་ཡིན་སྙམ་སྟེ། ༸རྒྱལ་དབང་ལྔ་བ་ཆེན་མོའི་(1617-1682)<<རང་རྣམ་དུ་ཀུ་ལའི་གོས་བཟང་>>དུ། (ཤོག་ངོས་ ༥༦ པར།) རང་ངོས་ནས་འགྲོ་བ་ལ་བདེ་སྡུག་གཉིས་ཀ་མ་བྱུང་བས་སྡེ་པའི་དྲུང་འཁོར་འདྲས་སྒམ་པོ་ཡིན་པ་འདྲ་ཞེས་གླེང་། ཞེས་དང་། ཡང་དེའི་ཤོག་ངོས་ ༥༧ པར། རང་ངོས་ནས་དགེ་འདུན་རྒྱ་མཚོར་མ་ཟད་དེ་ཉིན་ངོ་ཤེས་པའི་མི་མི་འདུག ཅེས་དང་། ཤོག་ངོས་ ༦༠ བར། རང་ངོས་ནི་ས་ཐག་རིངས་པ་དང་ན་ཚོད་ཕྲ་བ་སོགས་ནས་འཆི་བར་འགྲོ་རྒྱུའི་ཉམས་ཙམ་ཤར་ཏེ། ཞེས་དང་། ཤོག་ངོས་ ༨༧ པར། རང་ངོས་ནས་མཚན་ཉིད་ལ་ཤེས་འདོད་ཡེ་མེད། ཅེས་དང་། ཤོག་ངོས་ ༩༢ པར། རང་ངོས་ཀྱིས་གཉིད་ཡེ་མ་ཉལ་བར་བསྡད་པས་མཉེས་པར་བྱུང་སོང་། ཞེས་ང་རང་ལ་རང་ངོས་ཞེས་བྲིས་པ་དེ་བཞིན་ལགས་ལ། ཡང་དུས་རབས་བཅུ་བདུན་པའི་སྨད་དུ་བྱོན་པའི་སླེ་ལུང་བཞད་པའི་རྡོ་རྗེའི་(1697-?)རང་རྣམ་<<རྟོགས་བརྗོད་སྐལ་བཟང་དགའ་སྟོན་>>དུ། ཤོག་ངོས་ ༥༣ པར། ངེད་རང་གི་ངོས་ལ་ཞུ་བསྡུར་སྔ་ཕྱིའི་སྐབས་ཀྱང་དཀའ་བཅུའི་ཤུགས་མ་ཐུབ་པ་ལས། ཞེས་དང་། ཡང་དེའི་ཤོག་ངོས་ ༥༤ བར། ཆོས་མཛད་ཀྱང་རྗེ་དྲུང་བསྟན་པ་རྒྱ་མཚོའི་གདུང་འཁྲུལ་མེད་དང་གོང་མའི་ཞབས་ཕྱི་ཡིན་པ་བཅས་ངེད་རང་གི་ངོས་ནས་གཙིགས་ཆེ་ཞིང་། ཞེས་དང་། ཤོག་ངོས་ ༡༠༦ ཏུ། རང་ངོས་ཀྱི་ཐད་འདི་སྐབས་ན་གཞོན་པས་རྟོག་དཔྱོད་ཆེར་མེད། ཅེས་དང་། ཤོག་ངོས་ ༡༠༧ པར། རང་ངོས་ནས་འདི་ལྟར་བྱས་སོ་སྙམ་པ་ལས་ཁོན་འཛིན་གྱིས་མི་དགའ་བའི་རིགས་མེད་ངེས་དཀོན་མཆོག་དཔང་བཞུགས་ཡིན། ཞེས་དང་། ཤོག་ངོས་ ༡༨༡ ཏུ། རང་ངོས་ནས་དངུལ་སྲང་ཉི་ཤུ་སྐོར་གྱི་གྱོང་འཁུར་བའི་ནང་འདུམས་ཀྱིས་གཅོད་མཚམས་ཀྱི་ཞབས་འདེགས་ཞུས་ཀྱང་ཕན་ཚུན་ཚང་མ་ནས་དགོངས་པར་བབས་པོ་ཞིག་བྱུང་མ་སོང་། ཞེས་དང་། ཡང་དུས་རབས་བཅོ་བརྒྱད་པའི་ནང་བྱོན་པའི་ལྕང་ལུང་པཎྚིཏའི་(1770-1845)རང་རྣམ་<<རང་གི་སྤྱོད་ཚུལ་རགས་རིམ་ལྷུག་པར་བརྗོད་པ་ཤེལ་སྒོའི་ལྟད་མོའི་སྨད་ཆ་>>ཞེས་པར། རང་ངོས་ཀྱང་དེ་ལྟར་སྤེལ་ཞིང་རྩོམ་འདོད་སྤྲོ་བ་དང་ལྡན་ནས་བློ་ཡིས་ཅི་ཤེས་པ་རྣམས་ལ་སྒྱིད་མི་ལུག་པའི་རྩོལ་བས་ངག་རྩོམ་ཆིག་རྒྱུད་དུ་བསྟར་བ་འདི་བཞིན། ཞེས་སོགས་སྔ་ཕྱིར་ང་རང་ལ་རང་ངོས་ཞེས་བྲིས་པ་འདི་དག་གིས་གོང་དུ་བརྗོད་པ་ལྟར་ངོས་ཞེས་པའི་ཐོག་མའི་མཆེད་ཁུངས་ནི་ང་རང་གི་ངོས་ནས་སམ་ངེད་རང་གི་ངོས་ནས་ཞེས་པ་བསྡུས་ཏེ་རང་ངོས་ནས་ཞེས་གྲུབ་པ་དེ་ལས་ད་གཟོད་ངོས་ཞེས་པའི་བརྡ་འདི་བྱུང་བ་མིན་ནམ་སྙམ་ལ། ཡང་ཕྱི་ལོ་ ༡༩༤༦ ལོར་བརྩམས་པར་གསལ་བའི་དགེ་བཤེས་ཆོས་གྲགས་ཀྱི་<<བརྡ་དག་མིང་ཚིག་གསལ་བ་>>ཞེས་པར། ངོས་ཀྱི་ཞེས་པ་རང་ཕྱོགས་ཀྱི་ཞེས་པར་འགྲེལ་ཚུལ་ལ་བལྟས་ནའང་ངོས་ཞེས་པ་རང་ངོས་ནས་ཞེས་པ་ལས་མཆེད་པ་ཡིན་པར་སྣང་ངོ་།།

༢ ངོས་ཀྱི་ཐ་སྙད་ཅི་ལྟར་སྤྱོད་པའི་ཚུལ་ལ་དཔྱད་པ།
<<བོད་རྒྱ་ཚིག་མཛོད་ཆེན་མོར།>> ངོས་ནི་བདག་དང་དོན་གཅིག་པར་བསྟན་ཅིང་། དཔེ་བརྗོད་དུའང་། ངོས་རང་བློ་གྲོས་དམན་པོ་ཡོད། ཅེས་བཀོད་པ་ལས་བདག་དང་ངོས་གཉིས་ཅི་ལྟར་སྤྱོད་པའི་ཚུལ་ལ་ཁྱད་པར་གང་ཡང་གསལ་ཁ་མེད་ལ། ཡང་དགེ་བཤེས་ཆོས་གྲགས་ཀྱི་ཚིག་མཛོད་དུའང་། ངོས་ཅག་ཅེས་པ་རང་ཅག་དང་དོན་གཅིག་པར་བསྟན་ཡོད་པས་མིག་སྔར་རྩོམ་འབྲི་བ་མང་བོ་ཞིག་གིས་མ་བརྟག་མ་དཔྱད་པར་བདག་དང་ང་ཡི་ཚབ་ཏུ་ངོས་ཞེས་འབྲི་བ་ནི་ཚིག་མཛོད་འདི་ལྟ་བུའི་འགྲེལ་བཤད་གསལ་ཁ་མེད་པའི་སྐྱོན་ཡང་ཡིན་སྲིད།
ངས་སུ་ལ་དྲིས་ཀྱང་། ངོས་ཞེས་པ་ནི་ཞེ་ཚིག་ཅིག་རེད་ཟེར་བ་ཙམ་ལས་ཞེ་ཚིག་ཡིན་ཚུལ་ལ་ཡིད་རྟོན་རུང་བའི་གསལ་ཆ་གང་ཡང་མ་རྙེད་མོད། དུས་རབས་བཅོ་བརྒྱད་པའི་མགོར་བྱོན་པའི་སུམ་པ་མཁན་པོའམ་པཎྚིཏ་ཡེ་ཤེས་དཔལ་འབྱོར་གྱི་རང་རྣམ་<<རང་རྣམ་སྒྲ་འཛིན་བཅུད་ལེན་>>དུ། དེ་ལ་ངོས་ཀྱི་སྐྱེས་ཡུལ་ནི། ཞེས་པ་དང་། དེ་ནས་ཡང་རྒྱལ་ཀུན་གཅིག་ཏུ་བསྡུས་པའི་ངོ་བོ་རྡོ་རྗེ་འཆང་ངུར་སྨིག་འཛིན་པའི་གར་གྱིས་རྣམ་པར་རོལ་བའི་ཁ་བའི་ལྗོངས་ཀྱི་ཆེན་པོ་དག་གི་སྤྱི་བོར་ཞབས་སེན་རྣམ་པར་བཀོད་པའི་དཔལ་ལྡན་བླ་མ་དམ་པ་རྒྱུད་སྨད་སློབ་དཔོན་བྱ་ཁྱུང་བ་ནོ་མོན་ཧན་རིན་པོ་ཆེའི་ཞལ་སྔ་ནས་སྐབས་དེར་རྒྱུད་སྨད་སློབ་དཔོན་མཛད་པ་དེ་ཉིད་ལ་མཇལ་ཕྱིར་ལྷ་སར་ཕྱིན་ནས་ཞལ་གྱི་དཀྱིལ་འཁོར་དངོས་སུ་མཐོང་ཙམ་ཉིད་ལས་སྔར་ནས་ངོ་མཁྱེན་པ་ལྟ་བུར་མཛད་ཅིང་། ངོས་ཀྱང་དེ་ཉིད་ལ་རིགས་ཀྱི་བདག་པོ་ཉིད་དུ་གདོན་མི་ཟའོ་སྙམ་པའི་མོས་གུས་རང་དབང་མེད་པར་སྐྱེས་ནས། ཞེས་དང་། ཡང་། ངོས་ཀྱང་དང་པོར་ཕྱི་ཐོས་དོན་མ་བཙལ།།བར་དུ་སེམས་པས་སྒྲོ་འདོགས་མ་ཆོད་ལ།།ཐ་མར་ནང་བསྒོམ་སྤངས་རྟོགས་མ་རྙེད་གང་།།རིན་ཆེན་གླིང་ཕྱིན་ལག་སྟོང་ལོག་དང་མཚུངས།། ཞེས་སོགས་དང་། གཞན་ཡང་། ལྕང་ལུང་པཎྚིཏའི་རང་རྣམ་<<རང་གི་སྤྱོད་ཚུལ་རགས་རིམ་ལྷུག་པར་བརྗོད་པ་ཤེལ་སྒོའི་ལྟད་མོའི་སྨད་ཆ་>>ཞེས་པར་ཡང་། ངོས་རང་བསྙེན་མཚམས་ལ་བསྡད་པའི་སྟབས་ནས་གུ་ཤྲི་ཏཱ་བླ་མ་སོགས་ནས་རབ་གནས་མདོར་བསྡུས་ཤིག་ཕུལ། ཅེས་དང་། འཇམ་མགོན་བསྟན་པའི་ཞབས་འདེགས་སུ་གྱུར་པའི་བྱ་བ་བཟང་པོ་སྔ་ཕྱིར་མང་དུ་བསྒྲུབས་པ་ལ་ངོས་ཀྱང་ཡི་རང་ནས་སྤྲོ་བ་འཕེལ་བ་བྱུང་། ཞེས་སོགས་གསུངས་ཚུལ་ལ་བལྟས་ན་གུས་པ་དང་ཕྲན་ལྟ་བུར་རང་ཉིད་དམན་སར་བཟུང་སྟེ་གཞན་ལ་གུས་པ་སྟོན་པའི་བརྡ་ཞིག་ཨེ་ཡིན་སྙམ། དེ་ལྟར་མ་ཡིན་པར་རང་ཉིད་མཚོན་པའི་བརྡ་ལས་གང་ལ་སྤྱད་ཀྱང་ཁྱད་པར་མེད་པ་ཞིག་ཡིན་ན་བདག་དང་ང་དང་ངེད་ལྟ་བུ་བཞིན་དུ་གཅིག་མཚུངས་སུ་སྤྱོད་ཆོག་ཀྱང་། གོང་བརྗོད་གསུང་རྩོམ་དེ་དག་ཁྲོད་དུ་རང་ཉིད་མཚོན་པའི་བརྡ་བདག་དང་ང་དང་ངེད། ཁོ་བོ་བཅས་ལས་ལྟོས་བཅས་ཀྱིས་ངོས་ཞེས་པ་འདི་བཀོལ་པ་ཧ་ཅང་ཉུང་།
ཡང་འགའ་ཞིག་གིས་ངོས་ཞེས་པ་ནི་ཞེ་ཚིག་ཅིག་སྟེ། དཔེར་ན། རྒྱལ་དཔོན་བླ་གསུམ་ལྟ་བུས་རང་གི་འབངས་བློན་ལ་འབོད་པའི་ཚེ་ངོས་ཀྱི་འབངས་དང་ངོས་ཀྱི་བློན་པོ་ཞེས་རང་ཉིད་ཆེ་བར་སྟོན་པ་ཞིག་ཡིན་པར་ཡང་བཤད་མོད། དེ་ལྟར་རང་ཉིད་ཆེ་བར་སྟོན་པའི་བརྡ་ཞིག་ཡིན་སྲིད་ཀྱང་དེ་ཞེ་ཚིག་ཡིན་པའི་རྒྱུ་མཚན་དུ་བགྲང་བ་ནི་དེ་ཙམ་བློར་འཕྲོད་པ་ཞིག་མ་ཡིན་ལ། ཞེ་ཚིག་ནི་གཞན་ཞིག་གིས་རང་ལ་གུས་པ་སྟོན་པའི་ཆེད་དུ་སྦྱོར་རྒྱུའི་བརྡ་ཞིག་ལས་རང་གིས་རང་ལ་ཞེ་ཚིག་སྦྱོར་བ་ནི་མཐོ་དམན་བར་གསུམ་སུ་ཡིན་ཡང་བོད་མིའི་སྲོལ་རྒྱུན་གྱི་གོམས་སྲོལ་ལྟར་ན་ཅུང་ཙམ་མི་འོས་པ་ཞིག་ཏུ་འདོད། མདོར་ན། ངོས་ཞེས་པའི་བརྡ་འདི་རང་ཉིད་དམན་སར་བཟུང་སྟེ་གཞན་ལ་གུས་པ་སྟོན་པའམ་ཡང་ན་རང་ལས་ཡུལ་དམའ་བར་རང་ཉིད་ཆེ་བ་སྟོན་པའི་ཕྱིར་དུ་སྤྱོད་པ་གང་ཡིན་ཡང་གོང་དུ་བརྗོད་པ་ལྟར་སྤྱི་ཚོགས་ཁྲོད་ཀྱི་མཐོ་རིམ་མི་སྣ་སྟེ་ཆོས་སྲིད་ཀྱི་གོ་བབ་མཐོ་བའི་རྒྱལ་དཔོན་བླ་གསུམ་ལྟ་བུས་དམིགས་བསལ་ཆེད་སྤྱོད་ཀྱི་བརྡ་ཞིག་ལས་ང་དང་ང་ལྟ་བུ་དེང་གི་རྩོམ་འབྲི་བ་ཕལ་བ་ཚོས་གང་དྲན་དྲན་དུ་སྤྱོད་ཆོག་པའི་བརྡ་ཞིག་ནི་ལར་ནས་མ་ཡིན་ནོ།།

༣ ངོས་དང་འབྲེལ་བའི་བསམ་ཚུལ་ཞིག་གིས་མཇུག་བསྡུ་བ།

མིག་སྔར་ངོས་ཞེས་པའི་བརྡ་འདི་མ་བརྟག་མ་དཔྱད་པར་སྤྱོད་མཁན་གྱི་དེང་གི་རྩོམ་འབྲི་བ་ཚོ་ཕུད་པའི་རྒྱུན་དུ་སྤྱོད་པ་གཙོ་ཆེ་བ་ཞིག་ནི་༸རྒྱལ་བའི་བཀའ་སློབ་ཡིག་ཐོག་ཏུ་འབེབས་མཁན་དག་རེད། ཁོང་ཅག་གིས་ངོས་ཞེས་པ་ནི་ཞེ་ཚིག་ཅིག་ཡིན་པའི་གོ་བ་དེ་ག་རང་གི་སྟེང་ནས་ ༸ རྒྱལ་བའི་བཀའ་སློབ་རིང་ཐུང་ཅི་རིགས་ཡིག་ཐོག་ཏུ་འབེབས་སྐབས་ཨ་མ་ཡིན་ཤག་དང་ནུ་མ་ཡོད་ཤག་ལྟ་བུས་གསུང་བཤད་དང་བཀའ་སློབ་གང་གི་ཁྲོད་དུ་དངོས་སུ་ང་རང་དང་ང་ཞེས་གསུངས་པ་ཐོས་ཀྱང་ཡིག་ཐོག་ཏུ་ངོས་ཞེས་སུ་བྲིས་དང་འབྲི་བཞིན་ཡོད། ཁོ་བོའི་བསམ་པར་ངོས་ཞེས་པའི་བརྡ་འདི་ང་ཚོས་ང་དང་བདག་གཉིས་ཁྱད་མེད་དུ་སྤྱོད་པ་བཞིན་གང་གིས་ང་དང་ང་རང་གསུངས་ཚད་པོར་ངོས་ཞེས་བྲིས་ན་ཏག་ཏག་དོན་ལ་གཞོལ་བ་ཞིག་ཨེ་ཡིན་སྙམ།
རྒྱུ་མཚན་གང་ཡིན་ཞེ་ན། ༸ ཀུན་གཟིགས་ལྔ་བ་ཆེན་པོ་དང་། སླེ་ལུང་བཞད་པའི་རྡོ་རྗེ། སུམ་པ་ཡེ་ཤེས་དཔལ་འབྱོར། ལྕང་ལུང་པཎྚིཏ་སོགས་ཀྱི་རང་རྣམ་ལ་མཇལ་ཚེ་ངོས་ཞེས་པ་ཐམས་ཅད་ལ་ཁྱད་མེད་དུ་བྲིས་མེད་པ་དང་། ཡང་གཞན་གྱི་ངོས་འཛིན་ལྟར་ཞེ་ཚིག་དང་རང་ཉིད་གཞན་ལས་ཆེ་བར་སྟོན་པའི་བརྡ་གང་ཡིན་ཡང་དེ་བས་ཀྱང་སྦྱོར་མི་འོས་པ་ནི་འདིར་ཚིག་གི་སྤྲོས་པས་གསལ་འདེབས་བྱ་དགོས་པ་ཞིག་མ་ཡིན་ནོ།།

ཕྱི་ལོ་ ༢༠༡༤ ཟླ་ ༠༨ ཚེས་ ༠༣ ཉིན་གུང་རང་ཤག་ཏུ།

རྟེན་ཁུངས།
༡ ༸ རྒྱལ་དབང་ལྔ་བ་ཆེན་མོའི་<<རང་རྣམ་དུ་ཀུ་ལའི་གོས་བཟང་།>> དེབ་གཟུགས།
༢ སླེ་ལུང་བཞད་པའི་རྡོ་རྗེའི་རང་རྣམ་<<རྟོགས་བརྗོད་སྐལ་བཟང་དགའ་སྟོན།>> དེབ་གཟུགས།
༣ སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་ << རང་རྣམ་སྒྲ་འཛིན་བཅུད་ལེན།>> དཔེ་རིང་། ཤིང་དཔར།
༤ ལྕང་ལུང་པཎྚིཏའི་རང་རྣམ་<<རང་གི་སྤྱོད་ཚུལ་རགས་རིམ་ལྷུག་པར་བརྗོད་པ་ཤེལ་སྒོའི་ལྟད་མོའི་སྨད་ཆ།>> དཔེ་རིང་། ཤིང་དཔར།
༥ <<བོད་རྒྱ་ཚིག་མཛོད་ཆེན་མོ།>>
༦ <<དགེ་བཤེས་ཆོས་ཀྱི་གྲགས་པའི་བརྡ་དག་མིང་ཚིག་གསལ་བ།>>

དཔྱད་མཆན་ཡོད།