བོད་ཡིག་གི་བརྙན་ཡིག་ཇི་ལྟར་སྦྱོར་བའི་སྐོར་ལག་ལེན་དང་སྦྱར་ནས་གླེང་བ།

མཉམ་སྤྱོད་བརྗེ་སྤེལ་བྱ་ཆེད་རྡོ་འབུམ་དྲྭ་བ་ལས་བརྒྱུད་འགོད་བྱས་པ་ཡིན་ལ། འདིའི་ནང་གི་ཡིག་བརྙན་ཞེས་པ་བརྙན་ཡིག་ཏུ་བཅོས་པ་ཕུད་གཞན་དག་སོར་འཇོག་བྱས་ཡོད།

 

བོད་ཡིག་གི་སྤྱོད་སྒོའི་ཁྱབ་ཇེ་ཡངས་དང་བོད་ཡིག་གི་ལམ་ནས་ཨ་མེ་རི་ཀའི་ཕུལ་བྱུང་གློག་བརྙན་དག་མི་རིགས་ནང་ཁུལ་ལ་ངོ་སྤྲོད་བྱེད་པའི་ཀུན་སློང་རྐྱེན་བྱས་སྟེ། ད་ལྟ་འཛམ་གླིང་ཡོངས་སུ་ཁྱབ་ཆེ་བའིDVDསྨྱན་རྫས་བྱས་པའི་བརྙན་རིས་གསལ་ཞིང་སྒྲའི་རྣམ་པ་ཕུན་སུམ་ཚོགས་པའི་གློག་བརྙན་ལ་བོད་ཡིག་གི་བརྙན་ཡིག་ཇི་ལྟར་སྦྱོར་བའི་སྐོར་ལག་ལེན་དང་སྦྱར་ནས་གླེང་བ་ལ། ཐོག་མར་བརྙན་ཡིག་ཞེས་པ་དེ་ག་རེ་ཡིན་པ་དང་དེའི་ཐ་སྙད་དེ་བོད་ཡིག་ལ་ཇི་ལྟར་བསྒྱུར་བ། དེར་མཚུངས་ཀྱི་དབྱིན་ཡིག་དང་རྒྱ་ཡིག་གཉིས་ཀྱི་ཐ་སྙད་ག་འདྲ་ཡིན་པ་འཆད་པར་བྱ་སྟེ།

 

1.བརྙན་ཡིག་ནི་གློག་བརྙན་གྱི་ནང་དུ་ཉན་བྱེད་དབང་པོ་མི་རྣོ་བ་དང་ཕྱི་གླིང་པའི་ལྟ་མཁན་རྣམས་ལ་ཆེད་དུ་བཞག་པའི་ཡི་གེའི་ལམ་ནས་གློག་བརྙན་ནང་གི་ཁ་བརྡ་དག་སྟོན་པ་ལ་གོ གལ་ཏེ་བརྙན་ཡིག་འོས་འཚམ་ཞིག་ཡོད་ཚེ་གློག་བརྙན་ནང་གི་སྐད་ཆ་ལྟ་མཁན་གྱིས་གོ་མི་ཐུབ་རུང་བརྙན་ཡིག་ལ་བརྟེན་ནས་གློག་བརྙན་གྱི་བསྟན་དོན་རྣམས་ཚེགས་མེད་དུ་རྟོགས་ཐུབ། 

དབྱིན་ཡིག་གི་ནང་དུ་བརྙན་ཡིག་ལSubtitle ཞེས་ཟེར་ཞིང་ཐད་སྒྱུར་བྱས་ན་ཁ་ཡིག་ཞོལ་མའམ་ཡང་ན་ཡིག་བྱང་ཞོལ་མ། ཡིག་བྱང་འོག་མ་སོགས་ལ་གོ་བ་བླངས་ཆོག དེ་ལས་གཞན་རྒྱ་ཡིག་ཏུ་ཡིག་ཡོལ་ཞེས་ཐད་སྒྱུར་བྱས་འདུག གོང་གི་ཐ་སྙད་དག་བསྡུར་ཏེ་བལྟས་ན་བརྙན་ཡིག་ནི་ཅུང་ཙམ་ཁ་ལ་ལེན་བདེ་བ་དང་བོད་སྐད་ཀྱི་མདངས་ལྡན་པར་སྙམ། 

DVDགློག་བརྙན་ལ་བོད་ཡིག་གི་བརྙན་ཡིག་སྦྱོར་དགོས་པའི་ཆེ་བ་དང་ཅི་ལྟར་འཇོག་དགོས་པའི་བརྒྱུད་རིམ་རགས་ཙམ། 

DVDལ་བོད་ཡིག་གི་བརྙན་ཡིག་སྦྱར་ཚེ་རྒྱ་ཆེ་བའི་བོད་ཡིག་གི་ལྟ་ཀློག་ཁོངས་སུ་ཆུད་པའི་བོད་མི་རྣམས་ཡིག་རིགས་གཞན་ལ་བརྟེན་མི་དགོས་པར་གློག་བརྙན་ལ་ལྟ་རོལ་བྱེད་ཐུབ་ལ། ད་དུང་མགྱོགས་མྱུར་ངང་བྲ་ངོས་སུ་འཆར་ནུབ་བྱེད་བཞིན་པའི་བརྙན་ཡིག་དེས་ནི། བོད་ཡིག་ལ་འཇུག་པའི་ལས་དང་པོ་བ་རྣམས་ཀྱིས་བོད་ཡིག་མྱུར་ཀློག་བྱེད་པའི་མིག་དབང་ལ་སྦྱོང་བརྡར་གཏོང་ཐུབ།

 

ཅི་ཞིག་ནི་DVDབརྙན་སྡེར་རེད། 

DVDནི་དབྱིན་ཡིག་གི་བསྡུས་མིང་ཞིག་ཡིན་ལ། དེའི་ཆ་ཚང་བའི་དབྱིན་ཡིག་གི་མིང་ལDigital Video Discཟེར། དོན་བསྒྱུར་བྱས་ན་གྲངས་རྩིས་འཆར་གཟུགས་འོད་སྡེར་རམ་ཡང་ན་གྲངས་རྩིས་འོད་སྡེར་ལ་གོ་བ་ལེན་ཆོག དེ་ནིMPEG-2(འཆར་གཟུགས་ལག་རྩལ་གྱི་རྣམ་གྲངས་ཞིག)ཀྱི་བཙིར་གནོན་གྱི་ལག་རྩལ་བེད་སྤྱད་ནས་བརྙན་རིས་གཟུགས་གསོག་ཐབས་བྱེད་པའི་ཐབས་ཤིག་རེད། དེའི་ཁྱད་ཆོས་ནི་གསོག་ཚད་ཀྱི་ཤོང་ཧ་ཅང་ཆེ་ལ། བརྙན་རིས་ཀྱི་གཟུགས་གསལ་བ། སྒྲའི་རྣམ་པ་ཡང་ཧ་ཅང་ཕུན་སུམ་ཚོགས་པ། སྤུས་ཀ་ལ་ཡིན་རྟོན་བྱེད་ཆོག་པ་སོགས་ཀྱི་ཁྱད་ཆོས་ལྡན། 

3.བརྙན་རིས་ཧ་ཅང་གསལ་པོ་ཡིན་པའི་DVDབརྙན་སྡེར་གྱི་ཁྱད་ཆོས། 

DVDཡིས་དེང་སྐབས་བརྙན་རིས་འཆར་གཟུགས་ཁྲོད་ཀྱི་སྔོན་ཐོནMPEG-2 གྲངས་རྩིས་བཙིར་གནོན་ལག་རྩལ་སྤྱད་ཡོད། དེའི་བཙིར་གནོན་བྱེད་ཐབས་ཀྱི་ལག་རྩལ་གོ་རིམ་དབྱེ་ན་གོམ་པ་གཉིས་སུ་བགར་ཆོག གོམ་པ་དང་པོར་གདོད་མའི་བརྙན་རིས་རྒྱུ་ཆ(ཆེས་ཐོག་མའི་བརྙན་གཟུགས་ཕབ་ལེན་བྱས་རྗེས་གཟུགས་རིས་སྡུད་ལེན་སྒྲིག་ཆས་བེད་སྤྱད་ནས་རྩིས་འཁོར་གྱི་ནང་དུ་གསོག་འཇོག་བྱས་ཡོད་པའི་བརྙན་རིས་ཀྱི་ཡིག་ཆ་དེ་དག་ལ་གོ་བ་བླངས་ཆོག)དབྱེ་ཞིབ་བྱས་རྗེས་བརྙན་རིས་ལྷེབ་མོ་སྟེང་གི་བརྙན་རིས་ཞིབ་ཚད་ཅུང་ཕུན་ཚོགས་པའི་ཁག་ལBETEགྲངས་མང་ཙམ་བགོད་པ་དང་བརྙན་རིས་ཞིབ་ཚད་ཅུང་ཕུན་ཚོགས་པ་མིན་པའི་གྲས་ལBETEགྲངས་ཉུང་ཙམ་བགོས་པ་རེད། གོམ་པ་གཉིས་པ་ནི་བརྙན་རིས་གཟུགས་ལྷེབ་མོ་དག་གི་བསྐྱར་ཟློས་ཚད་ལ་དབྱེ་ཞིབ་བྱས་རྗེས་སྔོན་རྗེས་བརྙན་རིས་གཟུགས་ལྷེབ་མོ་དག་གི་བར་ལ་ནུས་ལྡན་ཅན་གྱི་གཟུགས་རིས་ལྷེབ་མོ་འཇོགས་པ་དང་ཆབས་གཅིག་དེ་ལ་དེ་བསྟུན་གྱི་གྲངས་ཀ་གཏན་འཁེལ་བྱེད་དགོས་པ་དང་། རིས་གཟུགས་ཀྱི་ནང་གི་འགུལ་སྤྱོད་ཅན་གྱི་ཁག་ལ་རིས་གཟུགས་ཁ་སྣོན་ཡང་བྱེད་དགོས། དེ་ ལྟར་བཀོད་སྒྲིག་བརྒྱུད་ཡོད་པའི་བརྙན་རིས་ལ་གསལ་པོ་ཡིན་པའི་རྟགས་ཚད720*480ལ་ཐོན་ཐུབ། དེའི་ཆུ་ངོས་སྙོམས་ཐིག་གི་གསལ་རྟགས་ཐིག་ཤར་500ཡན་ལ་ཐོན་ཐུབ།

 

དེ་ལས་གཞནDVDའི་ཤོང་ཚད་ཆེ་བའི་རྐྱེན་གྱིས་བརྙན་སྡེར་ལ་བརྟེན་ནས་སྒྲའི་རྣམ་པ་ཕུན་སུམ་ཚོགས་པ་སླར་མངོན་བྱེད་ཐུབ། རྒྱུ་མཚན་ནི་DVDའི་ནང་དུDolby Digital, DTS(Digital Theater System) སོགས་ཀྱི་གྲངས་ཀའི་རྣམ་པའི་སྒྲ་རླབས་བརྡ་རྟགས་ཀྱི་ཆ་འཕྲིན་མང་པོ་ཞིག་འོད་སྡེར་ནང་དུ་འཇོག་ཐུབ་པ་རེད། དེ་དག་གི་གྲངས་རྩིས་ཕྱིར་བཀྲོལ་བྱས་ནས་ཕྱིར་གཏོང་བྱེད་དུས་མི་སེམས་ལྷོང་པོར་འགུལ་ནུས་པའི་སྒྲ་ཡུར་དྲུག་ཅན་གྱི་Dolby Digitalའམ་DTSའི་སྒྲ་རྭའི་ནུས་པ་ཉམས་སུ་མྱོང་ཐུབ། 

DVDལ་ཧ་ཅང་གསལ་པོ་ཡིན་པའི་བརྙན་རིས་དང་ཕུན་སུམ་ཚོགས་པའི་སྒྲ་རླབས་ལས་ད་དུང་ཟུར་ཚད་མང་པོ་ལྡན་པའི་གློག་བརྙན།(ཟུར་ཚད་སྣ་མང་པོ་ལས་ཕབ་ལེན་བྱས་པའི་གློག་བརྙན་ལ་གོ སྤྱིར་བཏང་གི་གློག་བརྙན་ལ་ཟུར་ཚད་གཅིག་མ་གཏོགས་མི་ལྡན)དེ་ལས་གཞན་ད་དུང་སྐད་བརྡ་མང་པོ་དང་བརྙན་ཡིག་མང་པོ་སོགས་ཀྱི་ཁྱད་ཆོས་ཀྱང་འདུས་ཡོད། 

ཁོ་བོསDVDབརྙན་སྡེར་ནང་ལ་བོད་ཡིག་གི་ཡི་གེ་འཇོག་པའི་བརྒྱུད་རིམ་གྱི་ཁྲོད་དུ་རིན་གོང་མཐོན་པོའི་བརྙན་ཡིག་འཇོག་བྱེད་ཀྱི་སྒྲིག་ཆས་རྩ་ཆེན་དག་བཀོལ་ཐབས་མེད་པར་ ཡོད་ཚད་དྲ་རྒྱའི་ནང་ནས་རང་དགར་བླངས་ཆོག་པའི་མཉེན་ཆས་རང་དབང་ཅན་དག་བེད་སྤྱད་ནས་བཟོས་པ་ཡིན། 

འོན་ཀྱང་གཤམ་གསལ་གྱི་ཐབས་འདི་ནིDVDབརྙན་སྡེར་མང་པོ་ལ་བོད་ཡིག་འཇོག་པའི་ལག་ལེན་དུ་བསྟར་འོས་པའི་ཐབས་སྟབས་བདེ་བ་ཞིག་རུ་རློམ་པར་མི་འདོད། རྒྱུ་མཚན་ནི་བྱ་ཐབས་འདི་ལྟར་བྱས་ན་ལས་ཀའི་གོ་རིམ་ཅུང་ཙམ་རྙོག་དྲ་ཆེ་ལ་སྟབས་བདེ་མིན་པ་དང་སྒྲ་གཟུགས་གཉིས་ཀྱི་གོམ་སྟབས་གཅིག་འགྲོས་གཅིག་མཐུན་བྱུང་ཐུབ་བར་ཡང་ཁག་ཐེག་བྱེད་དཀའ། དེ་ལས་གཞན་འདི་ལྟར་བསྒྱུར་བཅོས་བྱས་ཟིན་པའི་གློག་བརྙན་ལ་སྔ་མའི་གློག་བརྙན་གྱི་ཁྱད་ཆོས་སྟེ་གློག་བརྙན་གྱི་མགོ་བརྗོད་དང་བརྙན་ཡིག་གཞན་དག་ལ་ སོགས་པའི་ཁྱད་ཆོས་ལའང་གཏོར་བརླགས་ཐེབས་ངེས་ཡིན། འོན་ཀྱང་ཅུང་ཙམ་ཡིད་སྤྲོ་བ་ཞིག་ནི་བརྙན་རིས་འདི་ལྟར་ཐེངས་གཉིས་ཙམ་ལ་བྱ་བྱེད་གོ་རིམ་བརྒྱུད་ནའང་སྒྲ་དང་རིས་གཟུགས་ཀྱི་སྤུས་ཀ་སྔོན་མ་ལས་ཇེ་ཞན་དུ་སོང་མེད།

DVDབརྙན་སྡེར་གྱི་ནང་ལ་བོད་ཡིག་གི་བརྙན་ཡིག་འཇོག་པའི་གོ་རིམ་ཁྲོད་དུ་སྤྱོད་འོས་པའི་མཉེན་ཆས་ནིSONYཀུང་ཟིའིDVD Architect3.0དངReJig0.5a, SubRip1.17,Subtitle Workshop2.51,Nero Burnབཅས་ཡིན། བརྙན་ཡིག་གྱི་བོད་ཡིག་གི་སྐོར་ལ་མཐོང་ཡོན་བོད་ཡིག་མཉེན་ཆས་བཀོལ་ན་སྟབས་བདེ་སྙམ།

 

ཐོག་མརDVD Architectམཉེན་ཆས་ཀྱི་དགོས་མཁོ་ལྟར་བསྒྱུར་བྱའིDVDགློག་བརྙན་ཕྲལ་གསེལ་བྱེད་ཐུབ་པའིReJigམཉེན་ཆས་བཀོལ་ནས་བརྙན་རིས་བརྒྱུད་ལམ་དང་སྒྲ་དབྱངས་བརྒྱུད་ལམ་གཉིས་ཀྱི་ཡིག་ཆ་སོ་སོ་དབྱེ་ཕྲལ་བྱས་རྗེས་རེ་རེ་བཞིནDVDབཟོ་བྱེད་ཀྱི་DVD Architectའི་ནང་དུ་དྲངས། དེར་མཐུད་ཀྱི་རྗེས་མའི་ལས་ཀ་ནིDVDབཟོ་བྱེད་ཀྱི་མཉེན་ཆས་ནང་དུ་བརྙན་ཡིག་འཇོག་སའི་ཡུར་གཅིག་ཁ་སྣོན་བྱས་རྗེས་བོད་ཡིག་གི་བརྙན་ཡིག་ཡིག་ཆ་ནང་དུ་འདྲེན་དགོས་པ་དེ་རེད།DVDགློག་བརྙན་གྱི་ནང་དུ་གདོད་་མ་ནས་བཞག་ཡོད་པའི་དབྱིན་ཡིག་གི་བརྙན་ཡིག་དང་རྒྱ་ཡིག་གི་བརྙན་ཡིག་ནི་བོད་ཡིག་བརྙན་ཡིག་གྱི་འགྱུར་གྱི་ཁུངས་ལྟ་བུ་ཞིག་ཏུ་ངོས་འཛིན་བྱེད་ཆོག གོ་རིམ་འདིའི་ནང་དུ་ངེས་པར་དུ་ཐག་གཅོད་དགོས་པ་ནི་བོད་ཡིག་གི་བརྙན་ཡིག་ལ་དབྱིན་ཡིག་གི་བརྙན་ཡིག་དང་གཅིག་མཚུངས་ཡིན་པའི་བརྙན་ཡིག་འཆར་ནུབ་གྱི་དུས་ཚོད་ཚོད་འཛིན་བྱེད་ཀྱི་དུས་ཚོད་ཨང་གྲངས(time code)ལེན་དགོས་པ་དེ་རེད། གནད་དོན་འདི་ཐག་གཅོད་ལ་མཉེན་ཆས་མིང་ལSubRipཟེར་བ་ཞིག་བཀོལ་ནསDVDབརྙན་སྡེར་ནང་ནས་དབྱིན་ཡིག་བརྙན་ཡིག་གྱི་དུས་ཚོད་ཨང་གྲངས་དང་བརྙན་ཡིག་གྱི་ནང་དོན་དག་མ་ལུས་པར་རང་ལ་ཅི་འཚམས་ཀྱི་ཡིག་ཆའི་རྣམ་པ་ལྟར་བླངས་ཆོག ངས་འདིར་བཀོལ་བའི་མཉེན་ཆས་ནིSubRip1.17པར་གཞི་དང་དེ་ལས་དྲངས་པའི་ཡིག་ཆའི་རྣམ་པ་ནི་མཇུག་རྒྱན་txtརྟགས་ཅན་གྱི་བརྙན་ཡིག་ཡིག་ཆ་རེད། མཉེན་ཆས་འདི་བཀོལ་ནས་དབྱིན་ཡིག་བརྙན་ཡིག་གྱི་རྒྱུ་ཆ་མ་ལུས་པར་ལག་ཏུ་འཐོབ་རྗེས་མཉེན་ཆས་ཀྱི་མིང་ལ་Subtitle Workshopཟེར་བ་ཞིག་བཀོལ་ནས་གློག་བརྙན་གཏོང་ཞོར་དུ་གདོད་མའི་བརྙན་ཡིག(དབྱིན་ཡིག་ལ་སོགས་པའི་ཡིག་རིགས་གཞན་དག་བརྙན་སྡེར་གྱི་ནང་དུ་སྔ་མོ་ནས་ཡོད་པ་དག་ལ་བསྟན་པ་ཡིན)བོད་ཡིག་རུ་བསྒྱུར་ཆོག ངས་རེབ་ཐེངས་འདིར་དབྱིན་ཡིག་མ་ཕྱི་གཙོ་བོ་བཞག་ནས་བརྙན་ཡིག་བོད་ཡིག་ཏུ་བསྒྱུར་ཡོད།

 

འོན་ཀྱང་འགྱུར་ཡིག་གི་སྤུས་ཀ་ལེགས་པོ་ཡོང་ཆེད་དུ་རྒྱ་ཡིག་ལ་སོགས་པའི་སྐད་རིགས་གཞན་དག་ཡང་དཔྱད་གཞིར་འཛིན་རུང་། དེ་ལྟར་དུས་ཚོད་ཀྱི་གྲངས་དང་ནང་དོན་བོད་ཡིག་ཡིན་པའི་བརྙན་ཡིག་ཡིག་ཆ་དེ་ལག་ཏུ་འཐོབ་རྗེས་དེ་ཐད་ཀརDVD Architectའི་ནང་དུ་དྲངས་དགོས། DVD Architectའི་ནང་དུ་བརྙན་ཡིག་འཆར་བའི་གནས་ཚུལ་བརྙན་ཡིག་འཆར་སའི་གོ་ས་དང་ཡིག་གཟུགས་ཀྱི་ཆེ་ཆུང་ལ་སོགས་ལ་ཞིབ་བཞེར་ཞིབ་ཚགས་བྱས་རྗེས་སྐབས་བབ་ཀྱི་རྒྱུ་ཆ་དག་DVDརྣམ་པའི་གློག་བརྙན་རུ་བཟོ་རྩིས་ཀྱི་གྲ་སྒྲིག་བྱ་ཆོག ཚད་ལྡན་གྱི་DVDརྣམ་པའི་བརྙན་སྡེར་གྱི་ནང་དུ་ཡིག་སྒྲོམ་སྣ་གཉིས་ཚུད་ཡོད་ཏེ་AUDIO_TSདང VIDEO_TSགཉིས་ཡིན། DVD Architect མཉེན་ཆས་ལས་DVD བརྙན་སྡེར་གྱི་གྲུབ་བྱེད་གཙོ་བོ་ཡིག་སྒྲོམ་འདི་གཉིས་འཐོབ་རྗེསDVD འབྲི་སྤྱད(DVD Writer)བཀོལ་ནས་ཡིག་སྒྲོམ་དེ་གཉིསDVDའོད་སྡེར་སྟོང་བའི་ངོས་ལ་བྲིས་པ་ན་ཚད་ལྡན་གྱི་བོད་ཡིག་གི་བརྙན་ཡིག་ལྡན་པའིDVD བརྙན་སྡེར་ཞིག་འཐོབ་པའོ།

དེ་ལས་གཞན། ངས་དེ་ཐེངས་བཟོས་པའི་བརྙན་ཡིག་འདི་ནི་ལག་རྩལ་ལམ་ལྷོངས་བྱུང་ཐུབ་མིན་གྱི་སྐོར་ལ་ཚོད་ལྟ་ཞིག་བགྱིས་པ་ཡིན་པས་ཡིག་བསྒྱུར་གྱི་ཕྱོགས་དང་བརྙན་ཡིག་ལེགས་སྒྲིག་ཀྱི་ཕྱོགས་ལ་འགལ་འཛོལ་དང་ཆད་ལྷག་རེ་འགའ་བྱུང་ཡོད་པ་དག་རྗེས་མར་ཡོ་བསྲིང་བྱ་རྩིས་ཡོད། 

2005ལོའི་ཟླ9པའི་ཚེས26ལ།

བོད་ཡིག་བཞག་ཡོད་པའིDVDགློག་བརྙན་དེ་བོངས་ཅུང་ཙམ་ཆེ་བས་དྲ་ཐོག་ལ་འཇོག་ཐབས་བྲལ། ད་རག་བར་དུ་ཡིག་ཡོལ་བཞག་ཡོད་པའི་DVDགློག་བརྙན་གསུམ་ཙམ་ཡོད། བརྙན་ཡིག་ཕྱིར་མངོན་གྱི་ཐད་ལ་ད་ལྟ་ང་ཚོས་རྒྱུན་པར་མཐོང་ཐུབ་པའི་རྒྱ་ཡིག་བཞག་ཡོད་པའི་གློག་བརྙན་འོད་སྡེར་དང་གཅིག་འདྲ་བྱེད་ཐུབ། གལ་ཏེ་ལག་རྩལ་འདི་རིགས་ལ་ཕྱོགས་ལ་སྤྲོ་སྣང་ཡོད་པའི་སྤུན་ཟླ་ཡོད་ན་དྲ་ཚིགས་འདི་ནང་དུ་ཞིབ་རྒྱས་ཀྱི་ལབ་གླེང་བྱ་རྩིས་ཡོད་། དེ་ལས་གཞན་ལས་འདི་ལ་བོད་ཡིག་རྐང་བཟང་བའི་སློབ་མ་དག་གིས་བསྒྲུབས་ན་ལས་བླ་ལྷག་གི་སྤུས་ཀ་མཐོར་འདེགས་བྱེད་ཐུབ་པས་བས་གལ་ཏེ་འདི་རིགས་ལ་སྤྲོ་སྣང་ཡོད་པའི་སྤུན་ཟླ་ཡོད་ན་དྲ་ཚིགསའདིའི་དྲ་ངོས་འདི་རུ་ཕེབས་རྒྱུ་གལ།

དཔྱད་མཆན་ཡོད།